པར་རིས། དེ་ལས་མང་།
རིག་གནས། གཙོ་ངོས།གཙོ་ངོས།རིག་གནས།

 

བདེར་གཤེགས་སྐུ་གདུང་མཆོད་རྟེན་བཞེངས་པའི་རིམ་པའོ།།

   

       མཛད་པ་པོ་སངས་རྒྱས་གཤེན་རབ་མི་བོ། གཟི་བརྗིད་རབ་ཏུ་འབར་བའི་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་༥༡༢  ལས། བླ་མེད་ཐར་པའི་གོང་འཕང་ཐོབ་འདོད་ན།  །འགྱོད་སེམས་དྲག་པོའི་དཔུང་དང་བཅས་ནས་སུ།  །བདེ་བར་གཤེགས་པའི་སྐུ་གདུང་མཆོད་བཞེངས་ནས།  །གཞན་དག་དགེ་བ་ཕལ་གྱིས་བྱང་མི་འགྱུར།  །དེ་ཕྱིར་བདེར་གཤེགས་སྐུ་གདུང་བཞེངས་པར་གཅེས།  །བདེར་གཤེགས་སྐུ་གདུང་བཞེངས་བརྩོན་བསྒྲུབས་གྱུར་ན།  །མཚམས་མེད་ལྔ་ཡི་སྡིག་སྒྲིབ་བྱང་གྱུར་ཏེ།  །གཞན་དག་ཕྲན་ཚག་སྡིག་པ་སྨོས་ཅི་དགོས།  །གང་ཞིག་ལོག་པར་ལྟ་བ་བཤགས་མེད་ཀྱང་།  །རིན་ཆེན་གསེར་ལས་གྲུབ་པའི་མཆོད་པའི་རྟེན།  །བཀྲ་ཤིས་དབུ་མང་འགའ་རེ་བཞེངས་ནས་སུ།  །དེ་ལ་ཕྱག་བསྐོར་མོས་འདུན་རྒྱུན་བརྩོན་ནས།  །ལོག་པར་ལྟ་བའི་སྡིག་པ་བཤགས་གྱུར་ན།  །བསྐལ་པར་སྦྱང་ནས་ཡང་དག་དོན་དང་འཕྲད།  །དེ་ལས་མི་ལྡོག་ཐར་པའི་ལམ་ལ་ཞུགས།  །དེ་ཕྱིར་བདེར་གཤེགས་སྐུ་གདུང་ཡོན་ཏན་ནི།  །བསམ་གྱིས་མི་ཁྱབ་བརྗོད་པར་ག་ལ་ནུས།  །སྟོན་པ་སངས་རྒྱས་བདེར་བར་གཤེགས་པ་རྣམས།  །ཕྲ་རབ་རྡུལ་དང་གྲངས་འཛིན་རྡུལ་ཕྲན་མཁྱེན།  །གང་གྷའི་ཀླུང་གི་བྱེ་མ་རྙེད་རྩིས་མངོན།  །སྐུ་གདུང་ཡོན་ཏན་གྲངས་ཀྱིས་བརྗོད་མི་ལོངས།  །དེ་བཞིན་སྟོབས་དང་ཡོན་ཏན་མཐའ་ཡས་པས།  །ཕྱི་རབས་རྗེས་འབྲང་གང་ཟག་རིགས་ཀྱི་བུ།  །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་འདོད་ན།  །བདེར་གཤེགས་སྐུ་གདུང་གཞལ་ཡས་བཞེངས་སོ་འཚལ།  །ཞེས་དང་།  ཁ་སྟེ་མུ་ཡས་གསོལ་པ།  །རྣམ་པ་ཐམས་ཅད་མཁྱེན་པ་ཡི།  །བསྟན་པའི་མངའ་བདག་སྟོན་པ་ལགས།  །བདེར་བར་གཤེགས་པའི་སྐུ་གདུང་གི།  །ཐུགས་རྟེན་མཆོད་རྟེན་རིམ་པ་ལས།  །དབྱིངས་ནས་བཞུགས་དང་མཁའ་ལ་རྫོགས།  །ཀློང་དུ་འགྲོ་བའི་དོན་མཛད་པའི།  །སྤྱི་སྡེ་གསུམ་དང་སྒོས་ཀྱི་རིགས།  །སུམ་བརྒྱ་དྲུག་ཅུའི་དབྱེ་བ་དང་།  །བྱེ་བྲག་སོ་སོར་དེ་ལྟར་ན།  བཞེངས་པའི་རིམ་པ་ཅི་ལྟར་བྱ།  །ཐམས་ཅད་མཁྱེན་པའི་བཀའ་སྩལ་འཚལ།  ཞེས་གསོལ་ཏོ།  །དེ་ལ་སྟོན་པས་བཀའ་སྩལ་པ།  །ཉོན་ཅིག་འདུས་པའི་འཁོར་རྣམས་དང་།  །ཁ་སྟེ་མུ་ཡ་སྤྲུལ་པའི་གཤེན།  །དེ་ཡི་མཚན་ཉིད་འདི་ལྟར་ཏེ།  །བདེར་གཤེགས་སྐུ་གདུང་མཆོད་རྟེན་ལས།  །སྤྱི་རུ་སྡེ་ཚན་རྣམ་གསུམ་གྱི།  །བཞེངས་པའི་རིམ་པ་འདི་ལྟར་ཏེ།  །བོན་ཉིད་དབྱིངས་ན་བཞུགས་པ་ཡི།  །དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ།  །ཡེ་ནས་བོན་སྐུ་འགྱུར་མེད་ལ།  །ཚིག་དང་མིང་ཙམ་མ་གཏོགས་པ།  །གང་གི་དཔེ་བྱ་མཚོན་དུ་མེད།  །བོན་སྐུ་ནམ་མཁའ་ལྟར་བུ་སྟེ།  །ཡེ་ནས་ཡོངས་སུ་ཁྱབ་པ་ལས།  །རྒྱུ་ལས་མ་བྱུང་རྐྱེན་མི་འཇིག  །ཐོག་དང་ཐ་མར་འགྱུར་ནུབ་མེད།  །འཁོར་དང་མྱོང་འདས་དབྱེ་བ་མེད།  །སྐུ་དང་ཡེ་ཤེས་གྲུབ་པ་མེད།  །འདི་ཞེས་གང་གིས་མཚོན་དུ་མེད།  །འདི་ཡིན་གང་གི་གཏད་པ་མེད།  །འདི་མིན་ཚིག་གིས་ཁྱབ་པ་མེད།  །ཐམས་ཅད་ཀུན་ཡིན་གང་མ་ཡིན།  །ཡེ་ནས་བོན་སྐུ་འགྱུར་མེད་ལ།  །གདོད་ནས་མ་བཅོས་མ་བསླད་པ།  །གང་གིས་དམིགས་གཏད་བྲལ་བ་སྟེ།  །འདུས་མ་བྱས་ཀྱི་རང་བཞིན་ལས།  །འདུ་བྱེད་མཚན་མ་བྲལ་བ་ཡི་ཡི།  །བོན་ཉིད་དབྱིངས་ཀྱི་མཆོད་རྟེན་ནོ།  །རང་བཞིན་མཁའ་ལ་རྫོགས་པ་ཡི།  །ལྷུན་གྱིས་གྲུབ་པའི་མཆོད་རྟེན་ནི།  །རྫོགས་པའི་མཆོད་རྟེན་བརྒྱ་ཉི་ཤུ།  །བོན་ཉིད་སྐྱེ་བ་མེད་པ་ལས།  །བོན་ཅན་འགག་པ་མེད་པ་སྟེ།  །འགག་མེད་ཡེ་ཤེས་ཆེན་པོ་ལྔ།  །ཡེ་ཤེས་ལྔ་ལ་འོད་ལྔ་ཤར།  །འོད་ལྔ་ཁ་དོག་སོ་སོར་གསལ།  །མཁའ་ལ་རང་བཞིན་དཀྱིལ་འཁོར་རྫོགས།  །ལྷ་ལྔ་སྐུ་ལྔ་ཡེ་ཤེས་ལྔ།  །རིགས་ལྔ་གསས་ལྔ་རྫུ་འཕྲུལ་ལྔ།   །སྟོབས་ལྔ་སྤྱན་ལྔ་ཐུགས་རྗེ་ལྔ།  །ཞིང་ཁམས་གནས་ལྔ་ལྷུན་གྱིས་གྲུབ།  །འོད་ལ་རྒྱུ་བསྐྱེད་འོད་ལས་གྲུབ།  །འོད་ཀྱི་རང་བཞིན་ཞིང་ཁམས་གནས།  །འོད་ལ་ལོངས་སྤྱོད་མངོན་དུ་རྫོགས།  །རྫོགས་པའི་སྐུ་མཆོག་རིགས་ལྔར་གསལ།  །དཀར་པོ་མུ་མེད་འབྱམས་ཡས་པས།  །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ།  །དེ་བཞིན་རིགས་ལས་སྤྲུལ་པ་ཡི།  །སྐུ་དང་ཞིང་ཁམས་བསམ་མི་ཁྱབ།  །སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།  །ཞེ་སྡང་འདུལ་མཛད་མཆོད་པའི་རྟེན།  །སེར་པོ་མུ་མེད་འབྱམས་ཡས་པས།  །གཡུང་དྲུང་རིགས་སུ་ལྷུན་གྱིས་གྲུབ།  །གཡུང་དྲུང་རིགས་ལས་སྤྲུལ་པ་ཡི།  །སྐུ་དང་ཞིང་ཁམས་བསམ་མི་ཁྱབ།  །མེ་ལོང་ཡེ་ཤེས་ལས་བྱུང་བའི།  །གཏི་མུག་འདུལ་མཛད་མཆོད་པའི་རྟེན།  །ལྗང་ཁུ་མུ་མེད་འབྱམས་ཡས་པས།  །འཁོར་ལོ་རིགས་སུ་ལྷུན་གྱིས་གྲུབ།  །ལས་ཀྱི་རིགས་ལས་སྤྲུལ་པ་ཡི།  །སྐུ་དང་ཞིང་ཁམས་བསམ་མི་ཁྱབ།  །མཉམ་ཉིད་ཡེ་ཤེས་ལས་བྱུང་བའི།  །ང་རྒྱལ་འདུལ་མཛད་མཆོད་པའི་རྟེན།  །དམར་པོ་མུ་མེད་འབྱམས་ཡས་པས།  །པདྨ་རིགས་སུ་ལྷུན་གྱིས་གྲུབ།  །པདྨ་རིགས་ལས་སྤྲུལ་པ་ཡི།  །སྐུ་དང་ཞིང་ཁམས་བསམ་མི་ཁྱབ།  །བྱ་གྲུབ་ཡེ་ཤེས་ལས་བྱུང་བའི།  །འཕྲག་དོག་འདུལ་བའི་མཆོད་པའི་རྟེན།  །དེ་ལྟར་ཡེ་ཤེས་ལྔ་ལས་སུ།  །རང་འབྱུང་གསལ་བའི་འོད་ལྔ་སྟེ།  །ལྷ་ལྔ་སྐུ་ལྔ་ཕྱག་རྒྱ་ཡི།  །འགྲོ་བའི་དོན་ལ་དགོངས་པ་ཡི།  །རང་བཞིན་ལྷུན་གྲུབ་མཆོད་པའི་རྟེན།  །བྱ་རྩལ་གང་དུ་མ་གྲུབ་ཀྱང་།  །མཉམ་ཉིད་གང་དུ་མ་འགག་ཕྱིར།  །ལྷུན་གྱིས་གྲུབ་སྟེ་གནས་པའོ།  །གསུམ་པ་ཀློང་དུ་སྤྲུལ་པ་ནི།  །རིས་སུ་བྲིས་དང་འབུར་དུ་བཏོད།  །ལུགས་སུ་བླུགས་ལས་བྱུུང་བ་སྟེ།  །དེ་ཡང་རྒྱུ་དང་རྐྱེན་གཉིས་ཏེ།  །རྒྱུ་ནི་འབྱུང་བ་རྣམ་བཞི་དང།  །རིན་ཆེན་སྣ་བདུན་ལས་བྱུང་བ།  །བླ་མེད་མཆོད་པའི་རྟེན་དུ་བཞེངས།  །རྐྱེན་ནི་དད་པ་ལས་བྱུང་སྟེ།  །སྐྱེས་བུ་སྟོབས་ཤུགས་ལྡན་པ་དང་།  །དད་དང་བརྩོན་འགྲུས་ལྡན་པ་སྟེ།  །རྩོལ་བས་བསྒྲུབ་སྟེ་བཞེངས་པའོ།  །དོན་ནི་རྣམ་པ་གཉིས་ཡིན་ཏེ།  །འདི་དང་ཕྱི་མའི་དོན་དུ་འོ།  །འདི་ཡང་ཀུན་རྫོབ་བདེན་ཕྱིར་དང་།  །ཕྱི་རབས་དོན་དམ་བདེན་ཕྱིར་གཉིས།  །འདིར་ཡང་ཀུན་རྫོབ་བདེན་ཕྱིར་ནི།  །འཇིག་རྟེན་འདི་ལ་བདེན་པ་སྟེ།  །འཇིག་རྟེན་ཞི་ཞིང་བདེ་ལེགས་དང་།  །སྣང་སྲིད་ཁ་ཡོ་བསྙམས་པ་དང་།  །སྟོང་ཁམས་འཇིག་རྟེན་རེ་བསྐང་དང་།  །ཕ་རོལ་བར་ཆད་ཞི་བ་དང་།  །མི་མཐུན་ཕྱོགས་རྣམས་བཟློག་ཕྱིར་དང།  །ཚེ་གཡང་བསོད་ནམས་སྤེལ་ཕྱིར་དང་།  །དཔལ་དང་གྲགས་པ་བསྐྱེད་ཕྱིར་དང་།   །གཡུང་དྲུང་བསྟན་པ་རྒྱས་ཕྱིར་རོ།  །ཕྱི་མར་དོན་དམ་བདེན་པ་སྟེ།  །སྒྲིབ་གཉིས་རྣ་པར་སྦྱང་ཕྱིར་དང་།  །ཚོགས་གཉིས་ཡོངས་སུ་རྫོགས་ཕྱིར་དང་།  །སྨོན་ལམ་མཐར་རུ་གྲུབ་ཕྱིར་རོ།  །དེ་ཡང་ཐོག་མར་བཞེངས་པ་ནི།  །བཞེངས་པའི་གནས་དང་བཞེངས་པའི་ཐབས།  །གནས་ནི་གཡའ་རི་གངས་བྲག་དང་།  །རྒྱ་མཚོ་ཆུ་གླིང་ནག་ཚལ་ལྗོངས།  །ཉམས་དགའ་ཡིད་དུ་འོང་བའི་གནས།  །མེ་ཏོག་གླིང་དང་འདམ་བུའི་ཚལ།  །ཟླུམ་ལ་འཁྱིལ་དང་བརྗིད་ལ་མཛེས།  །འཁྱིལ་དང་འབུར་དང་འབུར་ལ་འཁྱིལ།  །གནམ་ལ་འཁོར་ལོ་རྩིབས་བརྒྱད་སྟེ།  །ས་ལ་པདྨ་འདབ་བརྒྱད་དབྱིབས།  །ལོག་ལ་བཀྲ་ཤིས་རྫས་བརྒྱད་དང་།  །མདུན་དུ་རིན་ཆེན་ནོར་བདུན་ཏེ།  །ཤར་གླིང་ཡངས་ལ་བརྡལ་པའོ།  །བརྡལ་པ་ཆུ་བོ་རྒྱུན་ལམ་འདོད།  །ལུ་མ་ནེའུ་སེང་རྒྱ་མཚོར་འཁྱིལ།  །བྱང་གླིང་བསྐྱོར་དང་གཡོར་བ་སྟེ།  །བསྐྱོར་ལ་གྲིབ་དང་ནགས་ཚལ་བསྐྱུངས།  །རི་རྒྱུད་དར་དཀར་ཡོལ་བ་འཐེན།  །རི་བདུན་ཚལ་ཆེན་རིམ་པས་བསྐོར།  །ནུབ་གླིང་ལྷུན་ལ་བརྗིད་པ་སྟེ།  །རི་བྲག་གཡུང་དྲུང་ཐེམ་པ་སྐས།  །གཅིག་ལ་གཅིག་བརྩེགས་རི་རབ་ཚུལ།  །ལྷོ་གླིང་སྤུངས་ལ་ལྷུན་པ་སྟེ།  །རྩི་ཤིང་ནགས་ཚལ་སྐྱེད་མོ་ཚལ།  །དྷམ་བུ་མེ་ཏོག་ཚལ་གླིང་ལྗོངས།  །ཤིན་ཏུ་བག་ཡངས་ཡིད་དྲོ་བ།  །ཉམས་དགའ་ཡིད་འོང་གནས་སུ་བཤད།  །གཉིས་པ་བཞེངས་པའི་ཐབས་ལས་སུ།  །སྤྲུལ་པའི་མཆོད་རྟེན་བརྒྱ་ཉི་ཤུ།  །འོག་གཞི་རྨིང་ལས་བརྟན་པ་སྟེ།  །ཁྲི་འཕང་རིམ་པ་བཞི་དང་ལྡན།  །ཀུན་ནས་ཆ་སྙོམས་གྲུ་བཞི་ལས།  །འོག་གཞི་རྡོ་རྗེ་བརྟན་པ་སྟེ།  །གཞི་རྨིང་རླུང་གི་ཁྲི་འཕང་ལ།  །ནང་སྙིང་རྡོ་རྗེ་རྒྱ་གྲམ་མཚོན།  །དེ་སྟེང་མེ་ཡི་ཁྲི་འཕང་སྟེ།  །དམར་གསལ་པདྨ་འདབ་བརྒྱད་མཚོན།  །དེ་སྟེང་ཆུ་ཡི་ཁྱི་འཕང་སྟེ།  །གཡུ་མདངས་འཁོར་ལོ་ལྔ་བསྐོར་མཚོན།  །དེ་སྟེང་ས་ཡི་ཁྲི་འཕང་སྟེ།  །གསེར་མདོག་རིན་ཆེན་བཞི་སྣོལ་མཚོན།  །དེ་སྟེང་རི་རབ་གླིང་བཞི་སྟེ།  །ཟུར་བཞི་མི་འགྱུར་ཁ་ཆེན་གཟུག  །རྩིག་གསེབ་ཀ་བ་རིན་པོ་ཆེ།  །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས།  །དྲུག་ཅུ་རྩ་བཞི་བརྒྱ་ཉི་ཤུ།  །སྟོང་དང་རྩ་གཉིས་ལ་སོགས་པ།  །མང་ཉུང་རྒྱ་ཁྱོན་ཚད་དང་སྦྱར།  །ཀ་གཞུ་ཟླ་བ་ཚེས་པའོ།  །ཀ་གདན་པདྨར་གྱེས་པའོ།  །དེ་སྟེང་མཐིང་གི་གདུང་མར་རྒྱུག  །གཞའ་ཚོན་འོད་ཀྱིས་དྲལ་དཔྱམ་དཀྱེ། །དཔྱམ་པར་གཡུང་དྲུང་འཁོར་ལོ་དང་། །ཡིད་བཞིན་ནོར་བུས་དགོད་པ་སྟེ།  །དཔྱམ་མདུད་རྡོ་རྗེ་རྒྱ་གྲམ་སྒེག  །ཐོག་ཕུག་རི་རབ་ཁོང་སེང་ལ།  །རྟ་བབས་རིམ་བཞི་ཁ་དོག་མཛེས།  །ཁ་བད་མཛེད་བརྗིད་པ་ཏྲ་རིས།  །ཡ་གད་ཆུ་བབས་ཐད་དུ་གཏིང་།  །འཕྱང་འཕྲུལ་ལྡ་ལྡི་ཟ་རལ་ཚགས།  །རིན་ཆེན་སྣ་ལྔའི་ཆུན་འཕྱང་འཕྲུལ།  །གཞའ་ཚོན་སྣ་ལྔའི་དར་བུ་ཁད།  །ལོག་བཞི་འབྱུང་ལྔའི་རྩིག་པ་དང་།  །རིགས་རྟགས་ལྔ་ཡི་པ་ཏྲ་འཁྲུགས།  །ཕྱི་ནང་རིམ་གཉིས་སྒོ་བརྒྱད་ལྡན།  བར་འཁྱམས་འདོད་ཡོན་ར་བ་སྟེ།  །མཆོད་པའི་བྱེ་བྲག་རྫས་སུ་གྲམ།  །དེ་སྟེང་བུམ་པ་ཤེལ་གུར་དཀར།  །ཤར་དུ་སྒོ་གཅིག་མཛེས་ལ་དོད།  །རིན་ཆེན་སྣ་ལྔའི་པ་ཏྲ་འཁྲུགས།  །དེ་སྟེང་སྟོབས་ཀྱི་འཁོར་ལོ་འཁོར།  །བཅུ་གསུམ་རིམ་བཞིན་བརྩིགས་པ་སྟེ།  །ཟུར་བཞི་ལོག་བརྒྱད་བཅུ་གཉིས་འབུར།  །དེ་སྟེང་ཆར་ཁེབས་ཟླུམ་ལ་འཁྱིལ།  །ཐུགས་རྗེ་ཚད་མེད་དབུ་དགུགས་སྙོམས།  །དེ་སྟེང་ཏོག་དང་བྱ་ཁྲི་འབར།  །བྱ་རུ་དར་གྱི་དཔྱོད་པན་བརྒྱན།  །རིན་ཆེན་སྣ་ལྔའི་ཆུན་འཕྱང་འཕྲུལ།  །ཁ་དོག་སྣ་ཚོགས་རྒྱན་དུ་རློབས།  །ཕྱི་བསྐོར་ལྕགས་རི་ཁྱུད་མོ་ཟླུམ།  །དཔག་བསམ་ཤིང་གིས་ནགས་ཚལ་རྒྱས།  །རྒྱལ་ཆེན་རིགས་བཞིའི་ཕོ་བྲང་བཅས།  །མཛེས་བརྗེད་བཀྲ་གསལ་ལྷུན་རྫོགས་ཏེ།  །ཤིན་ཏུ་དཔང་དང་ལྡན་པར་བཞེངས།  །སྤྱིར་ནི་དེ་ལྟར་བཞེངས་པ་ལ།  །སོ་སོའི་བྱེ་བྲག་རིམ་པ་ནི།  །རང་རང་སྒོ་སྒོའི་རྒྱན་དང་སྦྱར།  །དབུ་མང་སྒོ་མང་འབུར་མང་བ།  །བང་རིམ་བརྩེགས་དང་ཁྲི་འཕང་བརྩེགས།  །ཐོག་ཕུག་བརྩེགས་དང་བྱ་འདབ་བརྩེགས།  །གྲུ་བཞི་ཆག་ཚད་ལྡན་པ་ལས།  །དཔང་དང་དཔང་སོ་རན་ཐང་སྙོམས།  །མཛེས་དང་བརྗེད་དང་སྒེགས་པ་སྟེ།  །མཁས་ཆེད་ལག་ལེན་ལྡན་པར་བྱའོ།  །དེ་ལྡན་ཆག་ཚད་ལྡན་པ་ཡི།  །མཆོད་རྟེན་བཞེངས་དང་བཞེངས་སོ་འཚལ།  །བཞེངས་ལ་འཇུག་པ་ལས་གྱུར་སོགས།  །བཞེངས་སོགས་གོམས་པ་གཅིག་དོར་ཡང་།  །དེ་ཉིད་ཐར་པའི་འབྲས་བུ་ཐོབ།  །བླ་མེད་གོ་འཕང་གདོན་མི་ཟ།  །ཁ་སྟེ་མུ་ཡ་སྤྲུལ་པའི་གཤེན།  །བདེ་བར་གཤེགས་པའི་སྐུ་གདུང་གི།  །མཆོད་རྟེན་བཞེངས་པའི་རིམ་པའོ། །