པར་རིས། དེ་ལས་མང་།
རིག་གནས། གཙོ་ངོས།གཙོ་ངོས།རིག་གནས།

༧ རྩིས་ཀྱི་ལེགས་པར་བཤད་པ་སྣང་སྲིད་གསལ་བའི་སྒྲོན་མེ་ངོ་མཚར་འོད་ཟེར་འབུམ་ལྡན་ཞེས་བྱ་བ་བཞུགས།

                    མཁན་ཆེན་ཉི་མ་བསྟན་འཛིན། 

 

མཆོད་པ་བརྗོད་དང་གླེང་གཞི་བསྟན་པ།

 

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི།

མཁྱེན་བརྩེའི་ཡེ་ཤེས་ཕུང་པོ་བསྡུས་པ་བཞིན།

སྙིགས་དུས་བསྟན་དང་འགྲོ་བའི་དཔལ་གཅིག་པུ།

ཀུན་མཁྱེན་རྩ་བའི་བླ་མས་བདེ་ལེགས་སྩོལ།

 

      ནོར་འཛིན་རིན་ཆེན་དང་པོའི་ཁྲི་ལ་རཏ་པཉྩའི་འདབ་མ་འབུམ་གཡོའི་གེ་སར་རྩེར།  དཀར་དམར་ཉི་ཟླའི་གདན་ལ་མཛེས་བརྗིད་གང་སྐུ་ས་ལེ་སྦྲམ་གྱི་མདོག་ལྟར་རབ་གསལ་བ།  བླ་མེད་གཙུག་གཏོར་མངོན་པར་མཐོ་སོགས་མ་བྲིས་མཚན་མཆོག་བཟང་པོ་སོ་གཉིས་རྣམ་པར་བཀྲ།  ཡན་ལག་དྲུག་ཅུའི་གསུང་དབྱངས་རབ་འཇེབས་བརྒྱ་ཡི་མགོན་དེས་རྣམ་པ་ཀུན་ཏུ་དགེ་ལེགས་སྩོལ།  ངེས་དོན་མཐོང་བའི་འདྲེན་བྱེད་དང་བྲལ་འཁོར་བའི་སྨག་རུམ་འཐོམས་པའི་ཉམ་ཐག་འགྲོར།  སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་ཚད་མེད་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ནས།  ཐབས་དང་ཐུགས་རྗེའི་འོད་སྟོང་སྤྲོས་ནས་ཐར་བའི་ཞིང་དུ་བཀྲིད་ལ་རབ་མཁས་པའི།  བརྟན་གཡོ་དབང་སྒྱུར་ཀུན་བཟང་དུས་ཀྱི་འཁོར་ལོར་སྒོ་གསུམ་གུས་པས་ཕྱག་བགྱིས་སོ།།  མར་ཞི་ལས་གྲུབ་གཡུ་ཡི་ཕྲ་བཀོད་རྩེ་ཕྲན་རྣམ་ལྔའི་ཐོད་མཛེས་ཤིང་།  གང་སྐུ་གཡས་སུ་འགྱིང་བའི་ཟོལ་གྱིས་ཤེས་རབ་རལ་ཀྱུ་མཁའ་ལ་ཕྱར།  གཡོན་པས་ཀེ་ས་ར་དབུས་བླ་མེད་ཤེར་ཕྱིན་པོ་ཏིས་རབ་མཚོན་ཞིང་།  པཉྩ་ལི་ཀའི་རྒྱན་གྱིས་རབ་ཀླུབས་སྨྲ་བའི་ལྷ་ཁྱོད་རྒྱལ་གྱུར་ཅིག།   རབ་འཇེབས་ཏམ་བུ་ར་ཡི་དབྱངས་ཀྱིས་ཐོས་འཛིན་སྙན་པའི་དཔལ་སྟེར་ཞིང་།  བཅུ་དྲུག་ལང་ཚོའི་ཉམས་ཀྱིས་འགྲོ་བའི་ཡིད་འཕྲོག་སྒྲ་དབྱངས་ལྷ་མོ་ཞེས།  མཚན་ཙམ་ཐོས་པས་སྔོན་མེད་དད་པའི་སྤུ་ལོང་རབ་ཏུ་རྒྱས་པར་བྱེད།  བཅུ་ཕྲག་རིག་གནས་སྨྲ་བའི་ཚངས་དབྱངས་སྟེར་མཛད་དེ་ཉིད་མགྲིན་པར་རོལ།   ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཟབ་ལམ་ལྷ་ཡི་རྫིང་རིང་པོར།  ཐོས་བརྩོན་ནམ་མཁའི་གོས་ལས་ལེགས་བཤད་སྤྲིན་ཟེགས་མངོན་འབབ་པས།  ལུས་ཅན་འཛིན་མའི་ཁྱོད་ལས་བྱང་ཆུབ་ཆུ་སྐྱེས་བཞད་མཛད་པ།  རྟག་གཟིགས་ཞང་བོད་མཁས་མཆོག་ཀླུ་དབང་ཚོགས་ཀུན་རྒྱལ་གྱུར་ཅིག།   ངེས་ངེས་ཆེ་བའི་རིགས་རུས་ཡོངས་འདུས་ལྗོན་པ་ཆེར།   ངེས་ངེས་སྦྱང་རྟོགས་ཡོན་ཏན་ལོ་འབྲས་གཡུར་ཟ་ཞིང་།  མཁས་མཁས་སྙན་པའི་དྲི་བསུང་ཕྱོགས་བརྒྱར་རབ་འཐུལ་བའི།  མཁས་མཁས་བྲུ་ཞུ་སྤ་རྨེའུ་གཤེན་ལྔ་སྲིད་འདིའི་རྒྱན།   སྐུ་གསུམ་བདེ་ཆེན་ཡེ་ཤེས་མཁའ་ལ་དུས་གསུམ་བདེ་གཤེགས་མཁྱེན་པའི་འོད་སྟོང་གཅིག་བསྡུས་ནས།  གསང་གསུམ་མི་བཟད་དཀྱིལ་འཁོར་རབ་རྒྱས་ཚད་གསུམ་ལུང་རྟོགས་བོན་གྱི་ཚ་ཟེར་འབུམ་འགྱེད་པས།  སྒྲིབ་གསུམ་ལས་བསྐྱེད་དུཿ ཁས་མནར་བའི་ཁམས་གསུམ་མུན་པའི་ར་བར་འཐོམས་ཀུན་རབ་གསལ་ཞིང་།  མཆོག་གསུམ་རྒྱལ་བའི་ཞིང་དུ་འགོད་མཛད་སྲིད་གསུམ་རྒྱན་གྱུར་མཉམ་མེད་མཚན་ཅན་ལན་བརྒྱར་བསྟོད།  མཁས་ཀུན་གཙུག་རྒྱན་རྒྱལ་བ་གཉིས་པའི་རིང་ལུགས་ཉམས་མེད་རྣམ་རྒྱལ་ཁང་བཟང་རྩེར།  མཁས་པའི་བྱ་བ་གསུམ་གྱི་བ་དན་དཀར་པོ་སྲིད་རྩེར་རབ་ཏུ་བསྒྲེངས་བྱེད་པའི།  མཁས་མཆོག་གཟུགས་མིག་གྲངས་ལྡན་སྤྱི་དང་ཁྱད་པར་བདག་བློའི་ཀུན་མུད་བཞད་མཛད་པ།  མཁས་དབང་པུཎེ་མ་ཏིའི་མཚན་སོགས་དྲིན་ཅན་ཡོངས་འཛིན་ཚོགས་དེར་དད་ཕྱག་རྩེགས།  ལྷབ་ལྷབ་མེ་རླུང་འཚུབ་མའི་དཀྱིལ་ནས་འུར་འུར་འཇིགས་པའི་སྒྲ་སྒྲོགས་པས།  ཅུམ་ཅུམ་བདུད་སྡེ་དཔུང་བཅས་འདར་ནས་ཆིལ་ཆིལ་སྙིང་ཁྲག་འབྱིན་བྱེད་པའི།  ལྷང་ལྷང་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་དུང་དུང་གདུང་བས་གུས་བསྟོད་པས།  མཛེས་མཛེས་འཛུམ་ཞལ་གཤེན་ལ་སྟོན་ནས་ཡང་ཡང་སྡོང་དང་གྲོགས་མཛོད་ཅིག།  དེ་ལྟར་བསྟོད་ཚིག་ཁྱུང་གི་ཕུ་བོ་ཡིས།  ཉེ་བར་དྲངས་ཏེ་གཙུག་ལག་སྐར་རྩིས་ཀྱི།  ལག་ལེན་སྣང་སྲིད་གསལ་བའི་སྒྲོན་མེ་ཞེས།  ངོ་མཚར་འོད་ཟེར་འབུམ་ལྡན་འདི་ན་སྤྲོ།  དེ་ཡང་རིག་གནས་ཆུང་བ་ལྔའི།  ནང་ཚན་སྐར་རྩིས་རིག་པ་ཡི།  འོས་པའི་གླེང་གཞིའི་རིམ་པ་ནི།  ཐོག་མར་བོན་དབྱིངས་འདུས་མ་བྱས།   སྤྲོས་བྲལ་ནམ་མཁའ་ལྟ་བུ་ལས།   རྫོགས་པའི་སྐུར་བཞེངས་ཀུན་སྣང་ཁྱབ།  བདེར་གཤེགས་དེ་ཡི་ཐུགས་རྗེ་ལས།  འབྱུང་ལྔ་སྣོད་བཅུད་རིམ་ཆགས་པའི།  ད་ལྟའི་སྐལ་པ་བཟང་པོ་འདིར།   ཐར་ལམ་བདེ་འབྱེད་རྫོགས་སངས་རྒྱས།  སྟོང་དང་རྩ་གཉིས་བྱོན་པ་ལས།  ཁྱད་པར་སྙིགས་མ་ལྔ་བདོ་བའི།  ལུས་ཅན་བརྩེ་བས་མི་འདོར་ཕྱིར།   སྟོན་མཆོག་བརྒྱ་བའི་མགོན་པོ་དེས།  དང་པོར་བྱང་ཆུབ་ཐུགས་བསྐྱེད་དེ།  གྲངས་མེད་གསུམ་དུ་ཚོགས་གཉིས་བསགས།  མཐར་ཐུག་མངོན་པར་སངས་རྒྱས་ནས།  བོན་གྱི་སྐུ་ལས་མ་གཡོས་ཀྱང་།  ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ།  རིགས་ལྔ་བདེར་གཤེགས་ཞི་དང་ཁྲོ།  བརྗོད་འདས་རྒྱལ་བའི་དཀྱིལ་འཁོར་སྤྲོས།   སླར་ཡང་འགྲོ་བ་རང་མཐུན་དུ།  སྤྲུལ་ནས་སེམས་ཅན་དོན་མཛད་ཕྱིར།  ཚད་མེད་སྙིང་རྗེ་ཆེན་པོ་ཡིས།  རྫོགས་སྐུ་གཤེན་ལྷའི་ལུང་ནོད་ཅིང་།  སྲིད་པ་སངས་པོ་འབུམ་ཁྲི་དང་།  ཐབས་དང་ཤེས་རབ་ཟུང་དུ་སྦྲེལ།   གཙང་རིགས་ལྔ་ནས་རིམ་གཤེགས་ཏེ།  རྣམ་པར་རྒྱལ་བའི་ཁང་བཟང་དུ།  རྩ་གསུམ་ལྷ་ལ་བོན་འཁོར་བསྐོར།   ལྷོ་ནུབ་རྩུབ་འགྱུར་དྲེགས་ཚལ་དུ།  སྡེ་བརྒྱད་དྲེགས་ཚོགས་དམ་ལ་བཏགས།  སངས་རྒྱས་བསྟན་པ་སྐྱོང་བར་བསྐོས།  རི་བདུན་རྩེ་མོར་འཕགས་སྐྱེས་པོའི།  ཕོ་བྲང་ཛཱ་རན་དྷ་རིའི་རྩེར།   གཟིགས་ཚད་ལྔ་དང་དགོངས་ཚད་ལྔའི།  རྟག་གཟིགས་འོལ་མོ་གླིང་ཆེན་དུ།   ལོ་རྒྱལ་ཤིང་བྱི་དཔྱིད་རའི་ཉར།   བྱམས་མའི་རྣམ་སྤྲུལ་རྒྱལ་བཞད་མའི།   སྲས་སུ་མངོན་པར་སྐུ་བལྟམས་ནས།  རྒྱལ་བའི་མཛད་ཆེན་བཅུ་གཉིས་དང་།   མཛད་ཕྲན་དྲུག་ཅུའམ་བརྒྱ་རྩ་བརྒྱད།  བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་།  སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་ཡི།  སེམས་ཅན་འགྲོ་དོན་རྒྱ་ཆེར་མཛད།  ཁྱད་པར་གཤེན་ལོ་བཅུ་གཉིས་ཏེ།  ས་ཡི་ལྷ་མོ་བརྟན་མ་ཡིས།  གསེར་བུམ་བདུད་རྩིས་བལྟམས་པ་ཞིག།  བཀྲ་ཤིས་རྫས་སུ་མངའ་དབུལ་ནས།  རྟག་གཟིགས་འོལ་མོ་གླིང་ཆེན་གྱི།  ལྷོ་ཕྱོགས་མོན་ཡུལ་སུམ་སྟོད་དུ།  དབང་ཆེན་ས་བདག་རྒྱལ་པོ་ཡིས།  ཕོ་བྲང་ཆེན་པོར་སྤྱན་དྲངས་ཚེ།  གཙང་ཀུན་ཁྱབ་པ་དབང་ཆེན་གྱིས།  གསེར་གྱི་འཁོར་ལོ་རྩིབས་སྟོང་ལ།  ཉི་ཟླ་ནོར་བུས་བརྒྱན་པ་ཕུལ།  བསྟན་པ་སྤེལ་བར་གསོལ་བ་བཏབ།  དེ་ཚེ་སྟོན་མཆོག་གཤེན་རབ་ཀྱིས།  དུས་དང་རྟེན་འབྲེལ་འཛོམས་པ་དང་།  བསྟན་པ་རབ་ཏུ་བསྟན་བྱའི་ཕྱིར།   དབང་ལྡན་དུས་ཀྱི་འཁོར་ལོ་ཡི།  གཞལ་ཡས་བཞེངས་པར་བཀའ་ཡང་བསྩལ།  སྡོང་ཟླ་ལྷ་ཀླུ་མིས་བྱས་ཏེ།  བཟོ་རྒྱལ་གར་མ་ལི་ཤོ་དང་།  འཛམ་གླིང་མཛེས་བྱེད་རྒྱན་དྲུག་གིས།  ལེགས་པར་གཟབས་ཏེ་བཞེངས་པ་ཡིས།  ལྕགས་རིར་གྲུ་བཞིའི་ལོགས་རེ་ལ།  གྱད་འདོམས་བརྒྱ་དང་བཞི་བཅུ་རེ།  བསྐོར་བའི་དཀྱིལ་དུ་ཕོ་བྲང་ནི།  གསས་མཁར་བ་རབ་ཡོངས་འདུས་ཞེས།  ལྷ་དང་ལྷ་མིན་ཀླུ་དང་སྲིན།  སྲིད་བསྐོས་ཕྱ་ལ་དཔེ་བླང་བའི།  སྣ་ཚོགས་བཟོ་རིགས་ཀུན་འདུས་ལ།  དབུ་མ་རྒྱལ་བའི་དཀྱིལ་འཁོར་ཏེ།  དུས་ཀྱི་འཁོར་ལོའི་ཞིང་ཁམས་དང་།  བར་འཁྱམས་འདོད་ཡོན་ར་བ་ལ།  མཆོད་པའི་བྱེ་བྲག་སྣ་ཚོགས་ལྡན།  ཕྱི་འཁྱམས་སྤར་ཁམས་སྨེ་གླིང་དང་།  ལོ་སྒོར་བཅུ་གཉིས་ལ་སོགས་ཏེ།  དབང་ཆེན་ས་བདག་སྡེ་ཚོགས་དང་།  དཔལ་མགོན་བདུད་ཅུ་རྒྱལ་ཆེན་བཞིའི།  ཕོ་བྲང་ཞིང་གི་བཀོད་པ་སོགས།  ངོ་མཚར་ཡིད་འོང་རྒྱ་ཆེའི་གནས།  རྩ་གསུམ་ལྷ་ལས་དཔག་པ་དེར།  ཆུ་ཕག་ནག་ཟླའི་ཉ་ཚེས་ལ།  སྟོན་མཆོག་བརྒྱ་བའི་མགོན་པོ་དེས།  ཞུ་འཁོར་ཚངས་པ་གཙུག་ཕུད་དང་།  གཙུག་ལག་ཞུ་བའི་གཤེན་བརྒྱད་དང་།  ཉན་འཁོར་གཡུང་དྲུང་སེམས་དཔའ་སྟེ།   ཡེ་གཤེན་སུམ་བརྒྱ་དྲུག་ཅུ་དང་།  སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་།  གཤེན་ཕྲན་ཁྲི་དང་དྲུག་སྟོང་དང་།   ལྷ་ཡི་དབང་པོ་བརྒྱ་བྱིན་དང་།   ཀླུ་རྒྱལ་གཙུག་ན་རིན་ཆེན་དང་།  མི་དབང་འདོད་པ་དགུ་འགྱུར་དང་།  ལྷ་མིན་ཐང་བཟང་རིང་སྐྱེས་ཏེ།  འཇིག་རྟེན་མངའ་དབང་ཆེ་བཞི་དང་།  ས་བདག་ཀླུ་གཉན་གཏོད་བཞི་ཡིས།  རྗེ་བློན་བཙུན་མོ་འབངས་འཁོར་བཅས།  འཁོར་ཚོགས་བྱེ་བ་གྲངས་མེད་ལ།  མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན།  དབང་ལྡན་དུས་ཀྱི་འཁོར་ལོ་གསུངས།  དེ་ཡང་མདོ་རྒྱུད་གཉིས་ཡིན་ཏེ།  མདོ་ནི་བསྐལ་སྲིད་འབྲོས་འདེད་མདོ།   རྒྱུད་ལ་སྒྲུབ་མཆོད་མན་ངག་གསུམ།  སྒྲུབ་པ་དབང་དྲག་རྒྱས་པ་སྟེ།  འཁོར་ལོ་རོལ་པ་སྐུ་ཡི་རྒྱུད།   འཁོར་ལོ་དབང་ཕྱུག་གསུང་གི་རྒྱུད།  འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད།  རྒྱུད་སྲུང་ཀིང་དང་མགོན་པོ་དང་།  དཔལ་འབར་ཨེ་ཀ་ཙཱ་ཏི་དང་།  འཇིག་རྟེན་མངའ་དབང་བདག་པོས་སྐྱོངས།   ལེའུ་སྟོང་ཕྲག་བརྒྱ་དང་བཅས།  མཆོད་སྦྱིན་དུས་ཀྱི་འཁོར་ལོ་ནི།  བདུན་བཅུ་རྩ་བཞི་རྩ་བའི་ལྷ།  རྒྱལ་ཆེན་ཕྱོགས་ཀུན་སྐྱོངས་བཅས་པའི།  སངས་རྒྱས་བསྟན་པ་བརྟན་པའི་ཕྱིར།  རབ་ཏུ་གནས་པའི་ཆོ་ག་དང་།  ཚོགས་བསགས་མཆོད་འབུལ་རིམ་པའོ།།   མན་ངག་དུས་ཀྱི་འཁོར་ལོ་ནི།  སྐལ་སྲིད་ཆགས་གནས་འཇིག་སྟོངས་དང་།  དུས་བཞི་འབྱུང་བའི་དར་རྒུད་དང་།  སྐྱེ་འཕེལ་ཚེ་རབས་ལས་རྩིས་དང་།  སྔོན་དང་མ་འོངས་ད་ལྔ་དང་།  ལོ་ཟླ་ཞག་གྲངས་དུས་ཚོད་ཀྱིས།  ཀུན་རྫོབ་མངོན་པར་ཤེས་པ་སྟེ།  གཙུག་ལག་རྩིས་ཀྱི་སྐོར་དང་བཅས།  ས་བོན་གསེར་ཐུབ་འོད་སྲུང་ལ།  བསྟན་པ་རིན་ཆེན་གཉེར་གཏད་དེ།  རྟག་གཟིགས་ཤམ་བྷ་ལའི་ཞིང་དེར།  ཤིན་ཏུ་དར་ཞིང་རྒྱས་པའོ།།  དེ་ནས་གདུང་སོབ་ཆེན་པོ་ཡིས།  ལོ་ཙ་མཁས་པ་རྒྱན་དྲུག་ལ།  དགོངས་འགྲེལ་ཆ་ལག་དང་བཅས་ཏེ།  ལེགས་པར་གཏན་ལ་ཕབ་ཏེ་བཤད།  ལོ་ཙ་ཆེན་པོ་དེ་དྲུག་གིས།   ཞང་ཞུང་རྒྱ་གར་རྒྱ་ནག་དུ།  བསྒྱུར་ཞིང་བསྟན་པ་སྤེལ་བར་མཛད།  བར་དེར་ཙི་ལུ་པཎ་ཆེན་གྱིས།  ཆོས་ཀྱི་ལུགས་སུ་བསྒྱུར་བྱས་ཤིང་།  བོན་བསྟན་དར་ནུབ་བྱུང་གྱུར་ཡང་།  སྨོན་ལམ་རྣམ་དག་འབྲས་བུ་དང་།  སེམས་ཅན་སྤྱི་མཐུན་བསོད་ནམས་ཀྱིས།  བོན་བསྟན་ཕྱི་དར་བྱུང་བའི་དུས།  མཆོད་སྦྱིན་དུས་ཀྱི་འཁོར་ལོ་དང་།  གཙུག་ལག་དཔལ་འབུམ་སྐོར་དང་ནི།  གཡེན་ཁམས་སེལ་བའི་མདོ་སྡེ་དང་།  གཞན་ཡང་གཙུག་ལག་རྩིས་སྐོར་ལའང།  གཏེར་དང་སྙན་རྒྱུད་ལས་ཐོན་ཞིང་།  ཁྱད་པར་མཁན་ཆེན་བསོད་བློ་ལ།  དག་སྣང་ལུང་བསྟན་རྩིས་ཀྱིས་འབུམ།   ཤེལ་དཀར་ཟ་མ་ཏོག་ཞེས་པ།  ཡོད་མོད་རྒྱས་པར་མ་ཕེབ་རུང་།  མདོར་བསྡུས་འབྱུང་བཞིན་དེ་དག་དང་།  གཤེན་བསྟན་སྨན་རིའི་ཕྱག་རྒྱུན་གྱིས།  དགོང་དོན་ལག་ལེན་ཞལ་ཁྲིད་རྣམས།   བུམ་པ་གང་བྱོའི་ཚུལ་ལྟ་བུར།  རྫོགས་པར་བདག་ལ་བསྩལ་བར་བརྟེན།  རང་དང་རང་འདྲའི་འགྲོ་རྣམས་ལ།  ཕན་སེམས་སྐྱ་རེངས་ཀྱིས་དྲངས་ཏེ།   ལག་ལེན་གསལ་སྒྲོན་འདི་བརྩམས་སོ།།   ཞེས་སྐར་རྩིས་ཀྱི་ལེགས་པར་བཤད་པ་སྣང་སྲིད་གསལ་བའི་སྒྲོན་མ་ངོ་མཚར་འོད་ཟེར་འབུམ་ལྡན་ལས།  གླེང་གཞིའི་ལོ་རྒྱུས་མདོ་ཙམ་བསྟན་པའི་སྐབས་ཏེ་དང་པོའོ།།  

ཉེར་མཁོ་སྔོན་འགྲོའི་རིམ་པ་མདོ་ཙམ་བཤད་པ།

དེ་ནས་སྔོན་འགྲོའི་རིམ་པ་ལ།  ཐོག་མར་དགུ་མཐའི་ངེས་པ་ནི།   བསྒྱུར་བཀོད་རི་མོའི་ལག་ལེན་རྣམས།  རང་བྱན་ཆུད་པར་བྱ་དགོས་ཕྱིར།   དགུ་གཅིག་གཅིག་དགུ་དགུ་རང་ལ།  དགུ་གཉིས་གཉིས་དགུ་བཅོ་བརྒྱད་ཡིན།  དགུ་གསུམ་གསུམ་དགུ་ཉི་ཤུ་བདུན།  དགུ་བཞི་བཞི་དགུ་སུམ་ཅུ་དྲུག།  དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ།  དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི།  དགུ་བདུན་བདུན་དགུ་དྲུག་ཅུ་གསུམ།  དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས།  དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ།   བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན།  བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ།  བརྒྱད་གསུམ་གདུམ་བརྒྱད་ཉི་ཤུ་བཞི།  བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས།  བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ།  བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད།   བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག།  བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའོ།།   བདུན་གཅིག་གཅིག་བདུན་བདུན་རང་ཡིན།  བདུན་གཉིས་གཉིས་བདུན་བཅུ་བཞི་ལ།  བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག།  བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད།  བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ།   བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས།  བདུན་བདུན་བཞི་བཅུ་ཞེ་དགུའོ།།   དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན།  དྲུག་གཉིས་གཉིས་དྲུག་བཅུ་གཉིས་ཏེ།  དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་ལ།  དྲུག་བཞི་བཞི་དྲུག་ཉི་ཤུ་བཞི།  དྲུག་ལྔ་ལྔ་དྲུག་སུམ་ཅུ་ཡིན།  དྲུག་དྲུག་སུམ་ཅུ་སོ་དྲུག་གོ།  ལྔ་གཅིག་གཅིག་ལྔ་ལྔ་ཉིད་དེ།  ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ།  ལྔ་གསུམ་གསུམ་ལྔ་བཅོ་ལྔ་ལ།  ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ།  ལྔ་ལྔ་ཉི་ཤུ་རྩ་ལྔའོ།།   བཞི་གཅིག་གཅིག་བཞི་བཞི་རང་ཡིན།  བཞི་གཉིས་གཉིས་བཞི་བརྒྱད་ཡིན་ལ།  བཞི་གསུམ་གསུམ་བཞི་བཅུ་གཉིས་སོ།།   བཞི་བཞི་བཅུ་དྲུག་དག་དུ་འདོད།  གསུམ་གཅིག་གཅིག་གསུམ་གསུམ་ཉིད་དེ།  གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ།  གསུམ་གསུམ་དགུ་རུ་གྲགས་པ་ཉིད།  གཉིས་གཅིག་གཅིག་གཉིས་གཉིས་ཡིན་ལ།  གཉིས་གཉིས་དག་ལ་བཞི་ཞེས་གྲགས།  གཅིག་གཅིག་གཅིག་ནི་གཅིག་ཉིད་དོ།།   འབྲི་བགྲང་སྣོན་པ་གཡས་ནས་བརྩམས།  བསྒྱུར་བགོད་འབྲིད་པ་གཡོན་ནས་བྱ།  སྒྱུར་བྱེད་ཐིག་ལེ་གྲལ་མཐར་བཀོད།  བགོད་བྱེད་ཐིག་ལེས་མས་མཐའ་བཀག།   བསྒྱུར་བྱ་སྟོང་ན་བསྒྱུར་རྒྱུ་མེད།  སྒྱུར་བྱེད་སྟོང་ན་བསྒྱུར་གཞི་དབྱི།  བསྒྱུར་བྱའི་འོག་ཏུ་སྒྱུར་བྱེད་ཀྱི།   ཐ་མ་བཞག་ནས་རིམ་བཞིན་བསྒྱུར།   གཅིག་གིས་བསྒྱུར་ལ་འཕེལ་འགྲིབ་མེད།  གཉིས་ལ་སོགས་པས་བསྒྱུར་བ་ན།  སྒྱུར་བྱེད་གྲངས་སུ་བསྒྱུར་བྱ་འཕེལ།  བགོད་བྱེད་མཐའ་དབུས་ཐིག་ལེས་ནི།  རང་གནས་འཛིན་ལས་བགོད་ནུས་མེད།  མ་ཐོབ་ནོར་སྐལ་ཐིག་ལེས་བྱིན།  བགོད་ལ་རྐྱང་མ་སྦྲགས་མ་གཉིས།  རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར།  སྦྲགས་བགོད་ལ་ནི་འགོ་མ་གཙོ།   བགོད་པའི་དོན་ནི་བགོ་བྱ་སྟེ།  བགོད་བྱེད་གྲངས་སུ་སྡུད་པ་ཡིན།  ཐི་ལེ་གྲལ་འགོར་འབྱུང་མི་སྲིད།  གཟའ་དང་བྱེད་པའི་འཁོར་ལོ་བདུན།  སྐར་སྦྱོར་གཉིས་ནི་ཉེར་བདུན་ནོ།།   ཆུ་ཚོད་ཆུ་སྲང་དྲུག་ཅུ་ལ།  དབུགས་དྲུག་ཆ་ཤས་མང་ཉུང་དང་།  གནས་ལ་ངེས་པ་མེད་པ་ཡིན།  བསྒྱུར་དང་བསྣུན་དང་སྤེལ་བ་དང་།  བསྒྲེས་དང་གསིལ་ལྔ་དོན་གཅིག་ལ།  བགོ་དང་ཕྱེ་དང་བསལ་བ་དང་།  བཅད་པ་འདི་བཞི་དོན་གཅིག་ཡིན།  བསྲེ་བ་སྟེར་བ་ཕུལ་བ་དང་།  བྱིན་དང་བརྒྱན་དང་ཁན་པ་དང་།  བསྣན་པ་སྣོན་པ་ནོར་དུ་འགྱུར།  ལྡན་པ་འདི་བཅུ་དོན་གཅིག་གོ།   ཕྲི་དང་སྦྱང་དང་འཕྲོག་པ་དང་།  ཞུ་དང་ཕྲལ་དང་དོར་བ་དང་།  འབྲིད་པ་དམན་པ་བུ་ལོན་འགྱུར།  དབེན་པ་འདི་བཅུ་དོན་གཅིག་ཡིན།  ནོར་དེ་དོར་བའི་གོ་ཤུགས་ཀྱིས།  བགོད་ལ་དོར་བ་འཇུག་པའང་ཡོད།  རྙེད་པ་ཐོབ་པ་ནོར་དང་གསུམ།  དོན་གཅིག་ཏུ་ནི་ཤེས་པ་བྱ།  དེ་ནས་གྲངས་ཀྱིས་བརྡའ་ཆད་ལ།  མི་མཐུན་རྣམ་གྲངས་མང་ན་ཡང་།  ཀུན་མཁྱེན་མཉམ་མེད་བླ་མ་ཡི།  མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས།  གྲངས་མིག་དྲུག་ཅུ་ཐམ་པ་རུ།  གསུངས་པའི་དགོངས་དོན་འདི་ལྟར་ཏེ།   གཅིག་༡བཅུ༢བརྒྱ༣་སྟོང་༤ཁྲི༥འབུམ་༦དང་།  ས་ཡ༧་བྱེ་བ༨དུང་ཕྱུར༩ཏེ།  དགུ་པོ་རྐྱང་བའི་གྲངས་ཡིན་ནོ།།   ཐེར་འབུམ་༡ཁྲག་ཁྲིག༢གཏམ་པ༣དང་།  གཏམ་དཀྲིག༤མུ་མིག༥མཐའ་འདས་༦དང་།  དཔག་མེད་༧་བརྗོད་འདས༨ཁྱད་ཕྱིན༩དང་།  འཕར་བ་༡༠་འདྲེན་པ་༡༡མཐར་སྣང་༡༢དང་།  རྒྱུ་༡༣དང་འབྲས་བུ༡༤ལེགས་འབྱོར་༡༥་དང་།  དབང་པོ་༡༦རྟོགས་པ་༡༧དཔྱོད་པ་༡༨དང་།  ཚོལ་བ་༡༩དང་ནི་གྲངས་ཀྱི་མིག༢༠།   གྲངས་ཀྱི་བརྡའ༢༡དང་རྣམ་པ་༢༢དང་།   དཔེ་མཚོན་༢༣་མཐོ་སྟོན་༢༤བརྗོད་མི་ལངས་༢༥།  དེ་དག་རྣམས་ནི་ཆེན་པོར་བཅས།  ལྔ་བཅུ་ཁུག་པའི་གྲངས་ཡིན་ཞིང་།   གྲངས་མེད་པ་༦༠ནི་ཐ་མ་སྟེ།  བཅུ་འགྱུར་རིག་པས་བསྒྲེ་བ་ཡིན།  དེ་ནས་མིང་གི་མངོན་བརྗོད་ལ།  རྒྱས་པར་བརྗོད་ཀྱིས་མི་ལངས་ཀྱང་།  རྩིས་ལ་ཉེར་མཁོ་མདོར་བསྡུས་ཙམ།  བཤད་ཀྱིས་དོན་གཉེར་རྣ་བར་སློབས།   ཟླ་གཟུགས་རི་བོང་བསེ་རུ་དང་།  འོད་དཀར་ཅན་རྣམས་གཅིག་གི་མིང་།   ལག་མིག་ཟུང་འཁྲིག་བགྲོད་སྦྱོར་དང་།  མཚེ་མ་ཐབས་ཤེས་གཉིས་ཀྱི་མིང་།  འཇིག་རྟེན་ཚ་བ་རྩེ་མོ་མེ།  ཡོན་ཏན་སྲིད་པ་གསུམ་གྱི་མིང་།  རྒྱ་མཚོ་ཆུ་བོ་ཆུ་གཏེར་དང་།  སྡེ་བ་རིག་བྱེད་ཟུང་ལྡན་བཞི།   མདའ་དང་འབྱུང་བ་དབང་པོ་དང་།  འདོད་ཡོན་ཉེར་སྤྱོད་ཕུང་བོ་ལྔ།  རོ་དུས་མཚམས་དང་བྲོ་བ་དང་།  རྒྱན་དང་བཟང་པོ་དྲུག་གི་མིང་།  རིན་ཆེན་ཐུབ་པ་དྲང་སྲོང་དང་།  གཟའ་དང་རི་བོ་བདུན་གྱི་མིང་།  བཀྲ་ཤིས་ལྷ་ཀླུ་ནོར་གདེངས་ཅན།  ལྟོ་འགྲོ་སྦྲུལ་དང་དབྱིག་རྣམ་བརྒྱད།  རྩ་གཏེར་སྲིན་པོ་བུ་ག་དགུ།  ཁྲོ་བོ་འབྱོར་བ་སྟོབས་ཕྱོགས་བཅུ།  དབང་ཕྱུག་དྲག་པོ་བདེ་འབྱུང་དང་།  བྱེད་པ་བཅུ་གཅིག་མིང་ཡིན་ནོ།།  རྟེན་འབྲེལ་ཉི་མ་ཁྱིམ་བཅུ་གཉིས།   ལུས་མེད་མྱོས་བྱེད་འདོད་པ་དང་།  གདུག་རིམ་སྣ་ཚོགས་བཅུ་གསུམ་གྲགས།   སྲིད་གནས་མ་ནུ་ཤེད་བུ་དང་།  ཡིད་རྣམས་བཅུ་བཞིའི་མིང་དུ་བཤད།   ཚེས་དང་ཉིན་ཞག་བཅོ་ལྔ་ལ།  མི་བདག་རྒྱལ་པོ་བཅུ་དྲུག་གོ།   ཞེས་སྐྱོན་ཁམས་རྣམས་བཅོ་བརྒྱད་མིང་།  རྒྱལ་བ་ཡུལ་ནི་ཉེར་བཞིར་བརྗོད།  དེ་ཉིད་ཞེས་པ་ཉེར་ལྔའོ།།   འཁོར་ལོ་སྐར་མ་ཉེར་བདུན་མིང་།  སོ་དང་གཉིས་སྐྱེས་སུམ་ཅུ་གཉིས།   སྟོང་པ་ནམ་མཁའ་བོན་དབྱིངས་ཐིག།  གཞན་རྣམས་དེ་ཡི་འགྲོས་སུ་ཤེས།   དེ་ནས་ལོ་ཡི་ཐ་སྙད་བཤད།   ཁྱིམ་ཟླ་བཅུ་གཉིས་བགྲོད་གཉིས་དང་།  ཉི་མས་རྒྱུ་སྐར་འཁོར་བ་དང་།  དཔྱིད་དབྱར་སྟོན་དགུན་བཞི་རྫོགས་ཚེ།   ལོ་གཅིག་ཞེས་པའི་ཐ་སྙད་གདག།  རང་སྐྱོབས་འདོར་བྱེད་བགྲང་གཞི་དང་།  དུས་ཀྱི་ཚིགས་དང་ཟླ་བའི་ཕྲེང་།   བསྒྲང་བྱ་དུས་ཀྱི་ཆ་ཤས་ཅན།  མི་ཟད་པ་རྣམས་ལོ་ཡི་མིང་།  བྱི་གླང་སྟག་ཡོས་འབྲུག་སྦྲུལ་དང་།  རྟ་ལུགས་སྤྲེལ་བྱ་ཁྱི་ཕག་སྟེ།   ཕོ་ལོ་མོ་ལོ་གཉིས་གཉིས་ཏེ།   ཤིང་མེ་ས་ལྕགས་ཆུ་ལྔ་ཡིས།   འབྱུང་བས་རིམ་བཞིན་འགྲེས་པ་སྟེ།  གོ་རྒན་དྲུག་ཅུར་གྲགས་པ་ཡིན།  དེ་ཡི་མིང་འདོགས་མང་ན་ཡང་།  གཡེ་ཁམས་སེལ་བིའ་མདོ་སྡེ་ལས།  བྱུང་བའི་བརྡ་མིང་འདི་ལྟར་ཏེ།  ཤིང་ཕོ་བྱི་བ་ནས་བཟུང་བའི།  འབྱུང་ལྡན་རྫོགས་པ་རབ་འབར་དང་།  སྦྱིན་འགྱུར་དཔའ་བོ་མྱོང་པ་དང་།  ཀུན་རྫོགས་འབྲས་བདག་མཐོང་ལྡན་དང་།  མཆོག་ཅན་ཕན་བདེ་ཀུན་དྷ་དང་།  འབྲས་སྐྱེད་རུ་ལྡང་ས་འཛིན་དང་།  མྱོས་རྒྱལ་རབ་ཀུན་མཚོན་པ་ཅན།  རྟ་སྣོད་བདག་མཆོག་སྤྲིན་ཤུགས་དང་།  བཟོད་དཀའ་ཐར་ལྡན་འཚོ་བ་དང་།  རབ་རྒྱལ་ཤིང་འབྲས་དཔའ་སྐད་ཅན།  གཏེར་འཛིན་སྡེར་འཛིན་གློག་ཅན་དང་།  རྔ་མ་ཅན་དང་འདོད་ཆགས་འཛིན།   དབང་ལྡན་བྲལ་བ་དགེ་བྱེད་དང་།  སྡོས་ཅན་མཆེ་རྣོན་རྔ་སྒྲ་ཅན།  འདོད་འབར་འཁྱིལ་ཅན་ཀུན་དགའ་བ།  སྒྲ་འཛིན་གསུམ་པ་བདེ་ལྡན་དང་།  ཕ་འཁོར་སྤྲིན་ཆེན་སྟུག་པོ་དང་།  ཝ་བོང་དང་ནི་འཁྱིལ་པ་ཅན།  ཟོ་བ་འདབ་རྒྱས་རི་བོ་དང་།  དཔལ་ཅན་ཐུབ་པ་དབང་པོ་དང་།  བུམ་འཛིན་ཀླུ་རལ་ཐུག་པ་དང་།  ས་རལ་ཐུག་མོ་དང་བཅས་སོགས།  ཆོས་ལུགས་བདེ་མཆོག་སྟོད་འགྲེལ་ལས།  མེ་ཡོས་རབ་བྱུང་དོན་གཅིག་ནས།  རིམ་བཞིན་ལོ་མིང་འདི་ལྟར་ཏེ།  རབ་བྱུང་རྣམ་བྱུང་དཀར་པོ་དང་།  རབ་སྨྱོས་སྐྱེས་བདག་ཨང་གི་ར།  དཔལ་གདོང་དངོས་པོ་ན་ཚོད་ལྡན།   འཛིན་བྱེད་དབང་ཕྱུག་འབྲུ་མང་པོ།  མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་།  སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད་ས་སྐྱོང་མི་ཟད་ཐམས་ཅད་འདུལ།  ཀུན་འཛིན་འགལ་བ་རྣམ་འགྱུར་དང་།  བོང་བུ་དགའ་བ་རྣམ་རྒྱལ་ཉིད།  རྒྱལ་བ་མྱོས་བྱེད་གདོང་ངན་པ།  གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་།  ཀུན་ལྡན་འཕར་བ་དགེ་བྱེད་དང་།  མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག།  ཟིལ་གནོན་སྤྲེའུ་ཕུར་བུ་དང་།  ཞི་བ་ཐུན་མོང་འགལ་བྱེད་དང་།  ཡོངས་འཛིན་བག་མེད་ཀུན་དགའ་དང་།  སྲིན་པོ་མེ་དང་དམར་སེར་ཅན།  དུས་ཀྱི་ཕོ་ཉ་དོན་གྲུབ་དྲག།  བློ་ངན་རྔ་ཆེན་ཁྲག་སྐྱུག་པ།  མིག་དམར་ཁྲོ་བོ་མི་ཟད་པའོ།།   ལོ་ཡི་ཆ་ཤས་ལོའི་ཡན་ལག།  ཉིན་ཞག་ཚོགས་དང་ལོ་ཡི་མཛོད།  ཞག་གི་ཕུང་བོ་དུས་ཟླའི་མིང་།  དྲོད་ཕབ་དུས་དང་མེ་ཏོག་ལྡན།   མྱུ་གུའི་དུས་དང་བདེ་བྱེད་དུས།  ངེས་སྲེག་ཚད་ཟླ་ཚ་གདུང་ཅན།  དྲོད་ལྡན་སོ་ག་དཔྱིད་ཀྱི་མིང་།  ཆར་ལྡན་ཆར་དུས་སྤྲིན་གྱི་དུས།  སྤྲིན་འབྱུང་སྤྲིན་སྐྱེ་དབྱར་གྱི་མིང་།   འབྲས་ལྡན་འབྲས་སྨིན་ནགས་སྐྱེད་དང་།  གསེར་ལྡན་མ་ནི་སྟོན་གྱི་མིང་།  ཁ་བིའ་དུས་དང་གངས་ཀྱི་དུས།  བསིལ་ལྡན་མ་ནི་དགུན་གྱི་མིང་།  ཟླ་བ་སོ་སོའི་དབྱེ་བ་ནི།  ཧོར་ཟླ་དང་པོ་ནས་བཟུང་སྟེ།   ཞང་ཞུང་སྐད་དང་ཧོར་ཟླའི་གྲངས།  རྒྱ་གར་སྐད་དང་ཁྱིམ་ཀྱི་མིང་།  རྒྱ་ནག་སྐད་དང་རྒྱ་རྩིས་ལུགས།  དུས་བཞི་ར་འབྲིང་གང་ཡིན་དང་།  རྟེན་འབྲེལ་ཉ་སྐར་རྟགས་མིང་བཅས།  རྣམ་གྲངས་བཅུའི་ཀུན་ཀ་བཤད།  ཞང་སྐད་ཟླ་རི་ཏིག་ཞི་ཞེས།  ཧོར་ཟླ་དང་པོའི་རྒྱ་གར་གྱིས།  མ་གྷ་ཞེས་པ་བུམ་པའི་ཁྱིམ།  རྒྱ་ནག་སྐད་དུ་དབྱི་ཡོལ་ཞེས།  རྩིས་རྙིང་སྟག་ཟླ་དཔྱིད་ར་སྟེ།  རྟེན་འབྲེལ་འདུ་བྱེད་རྟ་པ་ཉ།  ཆོ་འཕྲུལ་དཀའ་ཐུབ་ཟླ་ཞེས་གྲགས།  ཟླ་རི་ནེ་སུམ་ཧོར་ཟླ་གཉིས།  ཕལྒུ་ནར་ཞེས་ཉ་ཡི་ཁྱིམ།  དབྲི་ཡོལ་ཡོས་ཟླ་དཔྱིད་འབྲིང་པོ།  རྟེན་འབྲེལ་རྣམ་ཤེས་དབོ་ཡིས་ཉ།  འབྲས་ལྡན་ཟླ་བ་ཞེས་ཀྱང་བཤད།  སུམ་ནེ་ཟླ་རི་ཧོར་ཟླ་གསུམ།  ཙི་ཏྲི་ཞེས་པ་ལུག་གི་ཁྱིམ།  གནས་ཡོལ་འབྲུག་ཟླ་དཔྱིད་ཐ་མ།  རྟེན་འབྲེལ་མིང་ཟླ་ནག་པ་ཉ།  སྦྲང་ཟླའམ་དྲི་ཞིམ་ལྡན་དུ་གྲགས།   ཟླ་རི་བིང་ང་ཧོར་ཟླ་བཞི།  བཱེ་ཤ་ཁ་ཞེས་གླང་གི་ཁྱིམ།  གསི་ཡོལ་སྦྲུལ་ཟླ་དབྱར་ར་སྟེ།  རྟེན་འབྲེལ་སྐྱེ་མཆེད་ས་ག་ཉ།  མེ་ཏོག་ལྡན་ནི་རུས་སྦལ་ཟླ།  ཟླ་རི་ང་དྲུག་ལྔ་པ་སྟེ།  ཛྱེཥྠ་ཞེས་པ་འཁྲིག་པའི་ཁྱིམ།   འུ་ཡོལ་རྟ་ཟླ་དབྱར་འབྲིང་སྟེ།  རྟེན་འབྲེལ་རེག་པ་སྣྲོན་གྱི་ཟླ།  ངེས་སྲེགས་སམ་འདོད་འཕེལ་ཟླ་ཞེས་གྲགས།  ཟླ་རི་དྲུག་སྣི་དྲུག་པ་སྟེ།  ཨ་ཥཱ་དྷ་ཞེས་ཀར་ཊའི་ཁྱིམ།   བླུ་ཡོལ་ལུག་ཟླ་དབྱར་ཐ་མ།  རྟེན་འབྲེལ་ཚོར་བ་ཆུ་སྟོད་ཟླ།   གཙང་མའི་ཟླ་བ་ཞེས་སུ་འདོད།  ཟླ་རི་སྣིས་སམ་བདུན་པ་སྟེ།  ཤྲ་བ་ཎ་ཞེས་སེང་གེའི་ཁྱིམ།   ཚིལ་ཡོལ་སྤྲེལ་ཟླ་སྟོན་ར་བ།  རྟེན་འབྲེལ་སྲེད་པ་གྲོ་ཞུན་ཉ།  མྱོས་ཟླའམ་སྨེ་བའི་ཟླ་བར་བཤད།  ཟླ་རི་སྣི་གྱད་བརྒྱད་པ་སྟེ།  བྷ་ཏྲ་པ་ན་བུ་མོའི་ཁྱིམ།   སཱ་ཡོལ་བྱ་ཟླ་སྟོན་འབྲིང་པོ།  རྟེན་འབྲེལ་ལེན་པ་ཁྲུམ་གྱི་ཟླ།  ནོར་ལྡན་སྤྲིན་བཟང་ཅན་དུ་གྲགས།  ཟླ་རི་གུ་དུན་དགུ་པ་སྟེ།  ཨཤྦི་ནི་ཞེས་སྲང་གིས་ཁྱིམ།   སྒྱིའུ་ཡོལ་ཁྱི་ཟླ་སྟོན་ཐ་མ། རྟེན་འབྲེལ་སྲིད་པ་དབྱུག་པ་ཉ།  ལྟད་མོའི་ཟླ་བའི་རྩི་ཏོག་ཟླ།  ཟླ་རི་ཅུ་ཙེ་བཅུ་པ་སྟེ།  ཀར་ཀ་དང་སྡིག་པའི་ཁྱིམ།   ཤྲི་མོལ་ཕག་ཟླ་དགུན་ར་བ།  རྟེན་འབྲེལ་སྐྱེ་བ་སྨིན་དྲུག་ཉ།   རྨི་ལམ་ཅན་གྱི་ཟླ་བར་འདོད།  ཟླ་རི་ཅུ་ཏིག་བཅུ་གཅིག་པ།  མྲཱྀ་ག་ཤིར་གཞུ་ཡི་ཁྱིམ།   ཤཱི་དབྱི་ཡོལ་དང་བྱི་བའི་ཟླ།  དགུན་འབྲིང་རྟེན་འབྲེལ་རྒ་ཤིའི་ཟླ།  མགོ་ཉ་སྨལ་པོ་ཟླ་བ་དང་།  ས་ཡི་དབང་ཕྱུག་གམ་ནུས་ལྡན་ནོ།།   ཟླ་རི་བཅུ་ནི་བཅུ་གཉིས་པ།  སོ་སོ་ཥྱ་ཞེས་དང་ཆུ་སྲིན་ཁྱིམ།  ཤཱི་དབྱི་ཡོལ་དང་གླང་གི་ཟླ།  དགུན་ཐ་རྟེན་འབྲེལ་མ་རིག་པ།  ནུས་ཟླའམ་འཕེལ་བའི་ཟླ་བར་གྲགས།  རྩིས་གསར་འདོད་ན་བཅུ་གཉིས་པ།  དཔྱིད་ར་སྟག་ཟླ་ངོས་འཛིན་ནས།  རིམ་བཞིན་བསྐོར་བར་ཤེས་པར་འགྱུར།  དཀར་ཕྱོགས་ཞི་དང་རྒྱས་པའི་ཕྱོགས།  འཕེལ་ཕྱོགས་གང་ཕྱོགས་ཕྱོགས་ལྔ་མ།  ཆ་ཤས་དར་དང་ཟླ་བའི་སྟོད།  ཕྱོགས་ཀྱིས་དང་པོ་ཡར་ངོའི་མིང་།  དམར་ཕྱོགས་དབང་དང་དྲག་པོའི་ཕྱོགས།  ནག་ཕྱོགས་འབྱུང་འདུ་དམ་ཅན་འདུ།  འགྲིབ་ཕྱོགས་ཟླ་སྨད་ཕྱོགས་ཕྱི་མ།  ཆ་ཤས་འཛད་རྣམས་མར་ངོའི་མིང་།  དེ་ལ་དགའ་བ་བཟང་པོ་དང་།  རྒྱལ་བ་སྟོངས་པ་རྫོགས་པའམ།  ཨཱ་ཨཱི་ཨུའུ་ཨེ་ཨཱཽ་ལྔ་དང་།  བྱིས་གཞོན་ལང་ཚོ་སྨིན་ནུབ་པ།  གཟུགས་སྒྲ་དྲི་རོ་རེག་བྱ་སྟེ།   ཟླ་བ་སོ་སོའི་ངོ་རེ་ལ།  ལྔ་ཚན་གསུམ་དུ་འཁོར་བའོ།།   ནམ་མཁའ་རླུང་མེ་ཆུ་དང་ས།  དཀར་པོའི་ཕྱོགས་ལ་ལན་གསུམ་དང་།  ས་ཆུ་མེ་རླུང་ནམ་མཁའ་ལྔ།  ནག་ཕྱོགས་ལན་གསུམ་འཁོར་བར་བྱེད།  གཟའ་ཡི་མིང་གི་རྣམ་གྲངས་ནི།  སྣང་བའི་མུ་ཁྱུད་འཇིག་རྟེན་མིག།  སྲིད་པའི་སྒྲོན་མེ་ནམ་མཁའི་ནོར།  སྣང་བྱེད་འོད་བྱེད་ཉིན་མོར་བྱེད།  འོད་ལྡན་མུན་སེལ་གཟའ་ཡི་བདག།  རྟ་ལྗང་ཅན་དང་འོད་སྟོང་ལྡན།  རྟ་བདུན་པ་དང་བདུན་གྱི་འདུན།  ཚ་ཟེར་ཅན་དང་མི་བྱིན་སྐྱེས།  སྣ་ཚོགས་ཤིང་རྟ་པད་མའི་གཉེན།  མུན་པའི་དགྲ་བོ་རྟག་ཏུ་འཆར།  ལོ་ཡི་ཤིང་རྟ་བཅུ་གཉིས་བདག།  འགྲོ་བའི་སྒྲོན་མ་ཀུ་མུད་དགྲ།  ནམ་མཁའི་ཏོག་རྣམས་ཉི་མར་གྲགས།  བསིལ་ཟེར་ཅན་དང་བདུད་རྩིའི་འོད།   ཆགས་བྱེད་འོད་དཀར་རྒྱ་མཚོ་དགའ།  ཚེས་བདག་སིལ་བྱེད་རི་བོང་ཅན།  བསིལ་ལྡན་འཚོ་བྱེད་ག་པུར་འཛིན།   དྲག་པོའི་གཙུག་རྒྱན་རྒྱ་མཚོར་སྐྱེས།  རྒྱ་མཚོའི་མར་གསར་པད་མའི་དགྲ།  རི་བོང་འཛིན་སོགས་ཟླ་བའི་མིང་།  གཞོན་ནུ་ལུས་དམར་ཡན་ལག་དམར།  བཀྲ་ཤིས་ས་སྐྱེས་ས་ཡི་བུ།  འོད་ཟེར་དགུ་པ་ཆུ་སྟོད་སྐྱེས།  དམག་དཔོན་རྣམས་ནི་མིག་དམར་མིང་།  མཁས་པ་ཟླ་སྐྱེས་ཟླ་བའི་བུ།  ལུས་གཅིག་པ་དང་སྣར་མ་སྐྱེས།  སྔོ་སངས་ལུས་དང་མཛའ་ལྷའི་གྲོགས།  ལྷ་མཚམས་སྐྱེས་རྣམས་ལྷག་པར་གྲགས།  སྣ་ཚོགས་གཙུག་ཅན་ལྷའི་བླ་མ།  སྒྲ་མཁན་སྒྲ་མཁས་ལྷའི་སློབ་དཔོན།  བློ་ལྡན་ཚིག་བདག་མེ་བཞི་སྐྱེས།  རིག་བྱེད་བདག་པོ་ཕུར་བུའི་མིང་།  ལྷ་མིན་བླ་མ་ངན་སྤོང་བུ།  སྙན་ངག་མཁན་པོ་མཆུ་ལས་སྐྱེས།  ཁུ་བ་དང་ནི་དཀར་པོ་དང་།  དྲང་སྲོང་པ་ཝ་སངས་ཀྱི་མིང་།  དལ་འགྲོ་ཉི་སྐྱེས་ཉི་མའི་བུ།  འོད་ཟེར་བདུན་པ་མི་བཟད་མིག།   ཚངས་སྐྱེས་འཁྱོགས་འགྲོ་རྗེས་སུ་སྐྱེས།   གོས་སྔོན་ཅན་རྣམས་སྤེན་པར་འདོད།  ཁམས་གསུམ་རྣམ་རྒྱལ་མུན་པ་ཅན།  མཐོ་རིས་སྣང་བྱེད་ཟླ་བའི་དགྲ།  མགོ་ཟླུམ་མི་ནག་གཟའི་རྣ་བ།   བསོད་ནམས་ལྡན་རྣམས་སྒྲ་གཅན་མིང་།  མིག་དམན་མདོག་ཅན་ཉི་ཟླ་བཟའ།   དུས་ཀྱི་མེ་དང་སྐྱང་ཀི་དང་།  སྣ་ཚོགས་མདོག་ཅན་ལ་སོགས་པ།  མཇུག་མའི་མིང་དུ་ཤེས་པར་བྱ།  སྐགས་ལ་སྐྱེས་དང་སྦྲུལ་ཅན་དང་།  གཙུག་ཕུད་ཅན་དང་སྐྲ་གཉིས་པ།  ཕོད་ཅན་དང་ནི་མཇུག་ཕོད་ཅན།  དུ་བ་མཇུག་རིངས་མིང་དུ་གྲགས།  གཞན་ཡང་གཡེན་ཁམས་སེལ་མདོ་ལས།   གསུངས་པའི་གཟའ་བདུན་བརྡའ་མིང་ནི།  རྟ་བདུན་༡་ཀུན་དྷ༢གཏུམ་པོ་༣དང་།  མྱོས་ཅན༤དྲང་སྲོང༥དཔའ་བོ༦དང་།  འཚུབ་པ༧ཞེས་དང་བདུན་དུ་བཤད།  ཝེག་ཞི་ཞེས་པ་སྐར་མ་སྟེ།  དབྱེ་ན་དུང་ཕྱུར་གཉིས་དང་ནི།  བྱེ་བ་བརྒྱད་དང་ས་ཡ་ལྔ།  ཡོད་པར་ལུང་ལས་བཤད་ན་ཡང་།  དབང་སྒྱུར་རྒྱུ་སྐར་ཉེར་བདུན་ནམ།  གྲོ་བཞིན་དང་ནི་བྱི་བཞིན་གཉིས།  སོ་སོར་འཕྲལ་བས་ཉེར་བརྒྱད་དེ།  དེ་རྣམས་མིང་འདོགས་རྣམ་གྲངས་དང་།  གཡེན་ཁམས་སེལ་མདོ་ལས་བཤད་པའི།  བརྡ་མིང་དང་བཅས་མདོར་བསྡུས་ན།  ༢  སྨིན་དྲུག་ལ་ནི་མིང་དྲུག་དང་།  བརྡའ་མིང་གྲུབ་རྒྱལ་ཞེས་སུ་བཤད།  ༣  སྣར་མར་བིས་རྫི་རི་རབ་དང་།  ༤  མགོ་ལ་སྨལ་པོ་ལྗང་ལོ་ཅན།  ༥  ལག་ལ་ལག་མིང་ཞེས་སུ་གྲགས།  ༦  ནབ་སོར་རྒྱལ་སྟོད་དཔག་བསམ་ཞེས།  ༧ རྒྱལ་ལ་རྒྱལ་སྨད་བུམ་འཛིན་ནོ།  ༨  སྐག་ལ་ཝ་དང་ཕུར་སོ་ཅན།  ༩  མཆུ་ལ་རྟ་ཆེན་རྟ་མཆོག་དང་།  ༡༠  གྲེ་ལ་རྟ་ཆུང་དང་གྲུ་འབུམ།  ༡༡  དབོ་ལ་ཁྲ་དང་སྒྲོ་ཅན་ཞེས།  ༡༢  མེ་བཞིར་བྱ་མ་དང་སྣང་སེ།  ༡༣  ནག་པར་བྱའུ་དང་སྒོང་འཛིན།  ༡༤  ས་རི་ནམ་གོང་མེ་རླུང་ཅན།  ༡༥  ས་ག་ནམ་འགོ་དང་རླུང་རྒྱལ།  ༡༦  ལྷ་མཚམས་ལག་སོར་ལྕགས་སྟོ་ཞེས།  ༡༧  སྣྲོན་ལ་གདུབ་བུ་སྟེའུ་ཅང་།  ༡༨  སྣྲུབ་ལ་གྲུ་མོ་དང་དཔུང་སོགས།  བརྡའ་མིང་ཟུར་རྒྱལ་ཞེས་སུ་གྲགས།  ༡༩  བྲེ་ལ་ཆུ་སྟོད་དང་འབྲས་ཅན།  ༢༠  ཕུལ་ལ་ཆུ་སྨད་དང་ས་བདག།  ༢༡  གྲོ་བཞིན་ལ་ནི་བྱ་སྦོ་དང་།  མོན་དང་མཆུ་རིང་ཞེས་སུ་བཤད།  ༢༡   བྱི་ཞིན་ལ་ནི་བྱ་གཞུག་དང་།  སྤུར་དང་ཆུ་རྒྱལ་ཞེས་སུ་གྲགས།  ༢༢  མོན་འདྲེ་སྒྲོག་སྟོད་དང་རླུང་འཛིན།  ༢༣  མོན་གྲུར་སྒྲོག་སྨད་དང་གསུམ་ལྡན།  ༢༤  ཁྲུམ་སྟོད་སེ་སྟོད་དང་དགྲ་མང་།  ༢༥  ཁྲུམ་སྨད་སེ་སྨད་བརྩེ་འཛིན་ཅན།  ༢༦  ནམ་གྲུར་ཤེ་ས་གར་བ་ཞེས།  ༢༧  ཐ་སྐར་དབྱུག་པ་དང་ཡུད་རིང་།  ༡  བྲ་ཉེར་བརྡའ་མིང་ནག་པའོ།།  གཡེན་ཁམས་མདོ་ལས་བྱུང་བ་ཡི།  ཚེས་གཅིག་ནས་བཟུང་གནམ་སྟོང་བར།  ཚེས་ལྷ་སུམ་ཅུ་འཆར་བ་སྟེ།  ཆ་ལུགས་དང་བཅས་རིམ་བཞིན་བཤད།  ༡  མང་གྱུར་དཀར་པོ་རྒོད་གཤོག་འཛིན།  ༢  ཆགས་བྲལ་མཐིང་ཁ་སྒོང་རྡོ་སྒྱུར།  ༣  དགའ་ལྡན་སེར་པོར་བུམ་པ་འཛིན།  ༤  འབྲས་མཆོག་དམར་པོ་རེའུ་མིག་འཛིན།  ༥  མྱོང་བ་སྔོ་སྐྱ་ཞགས་པ་འཛིན།  ༦  གྲུ་འཛིན་སེར་པོ་ཤིང་རྟ་སྒྱུར།  ༧  ཟུག་བྲལ་ལྗང་སྐྱ་ཤིང་ལོ་འཛིན།  ༨  དཀར་པོ་ཟླ་དཀར་རྒྱས་པ་འཛིན།  ༩  མཆོག་ཆེན་སྨུག་པོ་མྱུ་གུ་འཛིན།  ༡༠  བདེ་བ་སེར་པོ་གཏོར་གཞོང་འཛིན།  ༡༡  ཞབས་ལྡན་དཀར་པོ་ཧོས་རུ་འཛིན།  ༡༢  འཁོར་ལོ་དཀར་པོ་འཁོར་ལོ་འཛིན།  ༡༣  ཞལ་རྒྱས་དཀར་པོ་གླིང་བུ་ཅན།  ༡༤  སད་འཛིན་དཀར་པོ་འདབ་རྒྱས་འཛིན།  ༡༥  རྒྱས་ཅན་དཀར་པོ་ཉི་མ་འཛིན།  ༡༦  སྒྲ་བྲལ་དཀར་པོ་ཞགས་པ་འཛིན།  ༡༧  ཉུངས་ཀར་སེར་པོ་འབྲས་སྙིང་འཛིན།  ༡༨  ཡིག་ཚང་དམར་པོ་གབ་རྩེ་འཛིན།  ༡༩  དཀར་ཞལ་ལྗང་ཁུ་ལྔ་ཆེན་བརྡུང་།  ༢༠  ཚེ་སྐྱོངས་དམར་པོ་དུང་དཀར་འབུད།  ༢༡  འཕྲེང་ཅན་དམར་སེར་ཕྲེང་བ་འཛིན།  ༢༢  ངང་སྐྱལ་ཞོ་པོ་ཆུ་ཞགས་འདྲེན།  ༢༣  མཚམས་འཛིན་སེར་པོ་རི་རབ་འཛིན།  ༡༤  ཆུ་བོ་སྔོན་པོ་རྒྱལ་མཚན་འཛིན།  ༢༥  རི་དབང་ལྗང་གུ་རྡོ་རྗེ་འཛིན།  ༢༦  འཐོར་རེ་སེར་པོ་བེ་ཅོན་འཛིན།  ༢༧  གླང་མཆོག་སྔོན་པོ་མཆེ་བ་འཛིན།  ༢༨  གྷན་དྷེ་སྨུག་པོ་གྷན་དྷེ་འཛིན།  ༢༩   ཉ་འཛིན་སྔོན་པོ་མདའ་གཞུ་འཛིན།  ༣༠  གཞིང་ལྡན་མཐིང་ཁ་པད་གཞོང་འཛིན།  ཚེས་བདག་རྣམས་ནི་གནོད་སྦྱིན་ཚུལ།  ཉིན་ཞག་དབང་བའི་ལས་བྱེད་པས།  སོ་སོའི་བྱ་བ་སྤང་བླང་བསྒྲུབ།  དེ་དག་གནས་བཞིན་ཡོན་ཏན་འབྱུང་།   གཞན་ཡང་གཡེན་ཁམས་སེལ་མདོ་ལས།  རྒྱན་སྦྱོར་ཞེས་པ་བདུན་པོ་ནི།  མཛེས་མ་ཀླུང་དང་རོལ་མཚོ་དང་།  བུ་ག་ཤོལ་མདའ་བུང་བ་དང་།  སྒྲ་འཛིན་ཞེས་བྱ་བརྗོད་པ་སྟེ།  མཛེས་མ་བུད་མེད་མེ་ལོང་འཛིན།  ཀླུ་རྒྱལ་མེ་ཏོག་ཕྲེང་བ་འཛིན།  རོལ་མཚོ་ཆུ་བོ་རྒྱུན་འབབ་སྟེ།  བུ་ག་ཆོ་ལོ་མིག་དགུ་བ།  ཤོལ་མདའ་ཤིང་ལས་གྲུབ་པ་སྟེ།  བུང་བ་སྟག་སྦྲང་གཤོག་པ་ཅན།  སྒྲ་འཛིན་རྒྱུད་མང་ལྡིར་བ་བཅས།  དེ་དག་ཚེས་ལ་རྒྱུ་བ་སྟེ།  དཔྱིད་ར་དང་ནི་སྟོན་འབྲིང་པོའི།  ཚེས་གཅིག་མཛེས་མ་ནས་ཚེས་ཤིང་།  དཔྱིད་འབྲིང་སྟོན་ཐ་མཚོའི་ཚེས།  དཔྱིད་ཐ་དགུན་རར་ཤོལ་མདའ་དང་།  དབྱར་ར་དགུན་འབྲིང་སྒྲ་འཛིན་དང་།  དབྱར་འབྲིང་དགུན་ཐ་ཀླུ་མོའི་ཚེས།  དབྱར་ཟླ་ཐ་ཆུང་བུ་ག་དང་།  སྟོན་ར་བུང་བ་ནས་ཚེས་ཏེ།   རིམ་བཞིན་བསྐོར་བས་འཁྲུལ་མེད་འགྱུར།  དེ་ནས་མདོ་སྡེ་དེ་དག་ལ།  བཤད་པའི་དུས་འབྲས་བཅུ་གཉིས་ནི།  ཉི་མ་སེང་གེ་ཆུ་སྲིན་དང་།  ཁྱུ་མཆོག་རིགས་ལྡན་བུ་མོ་དང་།  མྱོས་རྒྱལ་འཁོར་ལྡན་དུས་བསྲུང་དང་།  དུས་ཆེན་མ་རུང་སྒྲ་འཛིན་བཅས།  དེ་ཡི་གནས་ཚུལ་མདོར་བསྡུས་ནི།  ཟླ་བ་དང་ནི་ཉིན་ཞག་དང་།  ཞག་གི་ཆ་ཤས་དབང་བ་སྟེ།  དང་པོ་ཟླ་བར་དབང་ཚུལ་ནི།  དཔྱིད་རར་ཉི་མ་དཔྱིད་འབྲིང་ལ། སེང་གེ་ལ་སོགས་རིམ་བཞིན་དབང་།   གཉིས་པ་ཉིན་ཞག་དབང་ཚུལ་ནི།  ཕོ་ཟླ་དྲུག་ལ་ཉི་མས་ཚེས།  མོ་དྲུག་མྱོས་རྒྱལ་གྱིས་ཚེས་ཏེ།  གནམ་སྟོང་བར་དུ་རིམ་བཞིན་བསྐོར།  གསུམ་པ་དུས་ལ་དབང་ཚུལ་ནི།  ཉིན་མཚན་དུས་ཚོད་བཅུ་གཉིས་ལ།  ནམ་ལང་ཉི་མ་ཉི་ཤར་སེང་།  དེ་སོགས་རིམ་བཞིན་ཤེས་པར་བྱ།  གཟའ་སྐར་འཕྲོད་པའི་འཕྲད་མིང་ནི།  ཀུན་དཀའ་དུས་དབྱིག་དུལ་སྐྱེ་དགུ།  གཞོན་དང་བྱ་རོག་རྒྱལ་མཚན་དང་།  དཔལ་བེའུ་རྡོ་རྗེ་ཐོ་བ་གདུགས།  གྲོགས་ཡིད་འདོད་པ་འགལ་མེ་དང་།  རྩ་བཏོན་འཆི་བདག་མདའ་གྲུབ་མདུང་།  བདུད་རྩི་གཏུན་ཤིང་གླང་བོ་དང་།  རྟག་མྱོས་ཟད་པ་གཡོ་བརྟེན་འཕེལ།  སྦྱོར་བ་ཉེར་བདུན་ཞེས་བྱ་ནི།  སེལ་བ་མཛའ་བོ་ཚེ་ལྡན་དང་།  བསྐལ་བཟང་བཟང་པོ་ཤིན་ཏུ་སྐྲངས།  ལས་བཟང་འཛིན་པ་ཟུག་རྔུ་སྐྲངས།  འཕེལ་བ་ངེས་པ་ཀུན་འཇོམས་དང་།  དགའ་བ་རྡོ་རྗེ་དངོས་གྲུབ་དང་།  ཤིན་ལྟུང་མཆོག་ཅན་ཡོངས་སུ་འཇོམས།   ཞི་བ་གྲུབ་པ་བསྒྲུབ་བྱ་དང་།  དགེ་བ་དཀར་པོ་ཚངས་པ་དང་།  དབང་པོ་ཁོན་འཛིན་ཉེར་བདུན་ནོ།།  བྱེད་པ་བཅུ་གཅིག་ཐ་སྙད་ནི།  གདབ་པ་བྱིས་པ་རིག་པ་ཅན།  ཏིལ་བརྡུང་ཁྱིམ་སྐྱེས་ཚོང་བིའྚི།  ཚེས་གཅིག་ཕྱི་ཆ་ནས་བརྩམས་ཏེ།  ཉེར་དགུའི་སྔ་ཆའི་བར་དག་ཏུ།  འཁོར་བས་འཕོ་བྱེད་བདུན་ཞེས་གྲགས།  བཀྲ་ཤིས་དང་ནི་རྐང་བཞི་ཀླུ།  མི་ཤུག་བཞི་ནི་ཉེར་དགུ་ཡི།  ཕྱི་ཆ་ནས་བཟུང་ཚེས་གཅིག་གི།  སྔ་ཆའི་བར་དུ་རིམ་ཤར་བས།  རྟག་བྱེད་བཞི་ཞེས་གྲགས་པའོ།།   རྟེན་འབྲེལ་བཅུ་གཉིས་འདི་ལྟར་ཏེ།  མ་རིག་འདུ་བྱེད་རྣམ་པར་ཤེས།  མིང་གཟུགས་སྐྱེ་མཆེད་རེག་པ་དང་།  ཚོར་བ་སྲེད་པ་ལེན་པ་དང་།  སྲིད་པ་སྐྱེ་བ་རྒ་ཤི་རྣམས།  ཟླ་བའི་སྒང་ནས་སྒང་ཚད་བར།  ཤོག་ཁྲ་བཞིན་དུ་རིམ་འཆར་བ།  སྐར་རྩིས་དུས་འཁོར་ལུགས་བཞིན་ནོ།།   གཞན་ཡང་གཙུག་ལག་ནག་རྩིས་ལས།  བཤད་པའི་ཉི་མ་བཅུ་གཉིས་ནི།  སྟག་ཉི་ནས་བཟུང་གླང་ཉི་བར།  ཕོ་ཟླ་དྲུག་ལ་སྟག་ནས་ཚེས།  མོ་དྲུག་སྤྲེལ་ནས་ཚེས་ཏེ་འཁོར།  སྤར་ཁ་བརྒྱད་ནི་ལི་ཁོན་དང་།  དྭ་ཁེན་ཁམ་གིང་ཟིན་ཟོན་བརྒྱད།  སྟག་རྟ་ཁྱི་གསུམ་ལི་ནས་ཚེས།  ཕག་ལུག་ཡོས་གསུམ་ཟིན་ནས་ཚེས།  བྱི་འབྲུག་སྤྲེལ་གསུམ་ཁམ་ནས་ཚེས།  བྱ་གླང་སྦྲུལ་གསུམ་དྭ་ནས་སོ།།  སྨེ་བ་དགུ་ནི་གཅིག་དཀར་དང་།  གཉིས་ནག་གསུམ་ཐོན་བཞི་ལྗང་དང་།  ལྔ་སེར་དྲུག་དཀར་བདུན་དམར་དང་།  བརྒྱད་དཀར་དགུ་སྨུག་རྣམས་ཡིན་ཏེ།  ར་བ་བཞི་ལ་གཅིག་དཀར་དང་།  འབྲིང་པོ་བཞི་ལ་བཞི་ལྗང་དང་།  ཐ་ཆུང་བཞི་ལ་བདུན་དམར་ནི།  ཚེས་ཏེ་རིམ་བཞིན་འཁོར་བའོ།།  ཉིན་མཚན་དུས་ཚོད་བཅུ་གཉིས་ལ།  ནང་ལངས་ཡོས་ནས་ཉི་ཤར་འབྲུག།  ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ།  ཕྱེ་ཡོལ་ལུག་ལ་ཉི་མྱུར་སྤྲེལ།  ཉི་ནུབ་བྱ་ལ་ས་སྲོས་ཁྱི།   སྲོད་འཁོར་ཕག་ལ་ནམ་ཕྱེད་བྱི།  ཕྱེད་ཡོལ་གླང་དང་ཐོ་རངས་སྟག།  དེ་རྣམས་གཙུག་ལག་ནག་རྩིས་ལུགས།  ཞེས་སྐར་རྩིས་ཀྱིས་ལེགས་པར་བཤད་པ་སྣང་གསལ་སྒྲོན་མ་ངོ་མཚར་འོད་ཟེར་འབུམ་ལྡན་ལས།  ཉེར་མཁོ་སྔོན་འགྲོའི་རིམ་པ་མདོ་ཙམ་བསྟན་པའི་སྐབས་ཏེ་གཉིས་པའོ།།