རྟེན་མཆོག་བུམ་བཀྲ་མ་ཡི་གསོལ་འདེབས་མཐོང་ཐོས་དྲན་གྲོལ་

ཐར་པའི་སྐས་ལམ་བཞུགས།།


ཨེ་མ་ཧོ།།  ཀ་དག་དྲི་མེད་བོན་སྐུ་ཀུན་ཏུ་བཟང་།། རང་བཞིན་ལྷུན་འགྲུབ་རྫོགས་སྐུ་མཁའ་འགྱིང་དཀར།།  གང་འདུལ་དཀྱིལ་འཁོར་འདུས་ཞལ་གསང་བའི་མཆོག། མ་རྒྱུད་ཐུགས་རྗེ་ཉི་མར་གསོལ་བ་འདེབས།།  སྐུ་ལྔའི་ཞིང་ཁམས་ལྔ་མཛད་རིགས་ཀྱི་ལྷ།།  གསང་མཆོག་རིག་པ་ཁུ་བྱུག་ཐུགས་རྗེ་ཡིས།། སྙིགས་དུས་བསྟན་པའི་རྒྱན་གཅིག་བློ་ལྡན་མཚན།།  མཆོག་སྤྲུལ་འགྲོ་བའི་མགོན་ལ་གསོལ་བ་འདེབས།།  རྔུལ་རྫའི་སྒང་དུ་གསང་གསུམ་བསྟན་པ་སྤེལ།། འཕྲིན་ལས་ཟག་མེད་ནམ་མཁའི་ཆར་རྒྱུན་འབེབས།། བཀའ་གཏེར་བོན་མཛོད་ས་གཞིའི་རྩི་ལྟར་རྒྱས།། འཛམ་གླིང་བོན་གྱི་གཙུག་རྒྱན་བླ་མ་རྗེ།། ལྷ་མཆོག་དངོས་སུ་བྱོན་ལ་གསོལ་བ་འདེབས།། ཁྱུང་ཡུལ་ས་དབུས་རིན་ཆེན་ཁྲི་རྐང་སྟེང་།། ཐུགས་ཀྱི་རྟེན་མཆོག་གསས་ཁང་ཁྱད་དུ་འཕགས།། ངོ་མཚར་བྱིན་རླབས་མཐོང་གྲོལ་ཡ་མཚན་ལྡན།། རྟེན་མཆོག་བུམ་བཀྲ་མ་ལ་གསོལ་བ་འདེབས།། མཐའ་འཁོབ་ནད་གདོན་མཚོན་གྱི་འཇིགས་པ་སྐྱབས།། ཞལ་མཇལ་ཡི་དྭགས་བཀྲེས་སྐོམ་སྐྱེ་སྒོ་ཁེགས།། ཕྱག་བསྐོར་མཆོད་འབུལ་ཚེ་རབས་སྒྲིབ་པ་བྱང་།། རྟེན་མཆོག་བུམ་བཀྲ་མ་ལ་གསོལ་བ་འདེབས།།  ལྷ་མིའི་མཆོད་ཡུལ་ཁྱད་འཕགས་འགྲོ་འདྲེན་རྟེན།། ཞལ་མཇལ་འབྲེལ་ཐོག་བསམ་དོན་དགེ་དོན་འགྲུབ།། དུས་ཀྱི་སྙིགས་མར་འགྲོ་དོན་ལྷག་པར་ཆེ།། རྟེན་མཆོག་བུམ་བཀྲ་མ་ལ་གསོལ་བ་འདེབས།། ཁྱུང་ཡུལ་འདུས་སྡེ་རྟེན་འབྲེལ་ངོ་མཚར་རྟགས།། གསང་མཆོག་བྱིན་རླབས་བསྟན་སྲུང་མ་བཞིན་འཁོར།། རྟེན་མཆོག་བུམ་བཀྲ་མ་ལ་གསོལ་བ་འདེབས།། རྟེན་གྱི་ཡོན་ཏན་བརྗོད་ནུས་མ་ལགས་ཀྱང་།།  བདག་བློ་རྩེ་གཅིག་གསོལ་བཏབ་དགེ་འབྲས་སུ།། ཚེ་འདིའི་མི་འདོད་ཉེར་འཚེ་ཀུན་ཞི་ནས།། ཕྱི་མར་རྒྱལ་བ་ཉིད་དང་དབྱེར་མེད་ཤོག།  ཅེས་རྟེན་མཆོག་བུམ་བཀྲ་མ་ཡི་གསོལ་འདེབས་མཐོང་ཐོས་དྲན་གྲོལ་ཐར་པའི་སྐས་ལམ་ཞེས་བྱ་བ་འདི། ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་མཛད་ཆེན་མོ་བ་འཆི་མེད་གཡུང་དྲུང་མཆོག་ནས་སྐུལ་ངོར། དམ་པའི་རྗེས་སུ་བསྔགས་པའི་དུས་མཐའི་ཐོས་ཆུང་གསང་མཚན་རིག་འཛིན་མུ་ལ་རང་གྲོལ་རྩལ་ཞེས་འབོད་པས་ཁྱུང་ཡུལ་བོན་གྱི་འདུས་སྡེ་སྟེང་ཆེན་མོ་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་ནས་གང་ཤར་བྲིས་པའོ།། བཀྲིས།། ཞུས་སོ།།