དྭ་རོག་མཚོ་ཡི་དཀར་ཆག་དད་པའི་དྭངས་བ་འདྲེན་

པའི་འོད་དཀར་བཞུགས།

 

ཀུན་ཏུ་བཟང་པོ་གདོད་ནས་སྐྱེ་བ་མེད་ལ་ཕྱག་འཚལ་ལོ།། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བོན་གྱི་གནས་མཆོག། གང་ཟག་ཉི་ཤུ་རྩ་བཞིས་བྱིན་གྱིས་བརླབས་པའི་ས་ཚིགས།། སྤྲུལ་སྐུ་དྲིན་ཅན་གཉིས་ཀྱི་མཇལ་ཐེབས་གསུམ་གྱི་སྒྲུབ་གནས་ཁྱར་པར་ཅན་དྭ་རོག་མཚོ་དང་བྲག་བྱེ་དུང་ལང་་བྲག་ཤ་བ་གདོང་གི་དགོན་པ་སོགས་མཇལ་དང་རིག་ཚད་སྐལ་ལྡན་རྟོགས་པ་འཕེལ་བའི་ཞིང་མཆོག་ཁྱད་པར་ཅན་གྱི་དཀར་ཆག་གསོལ་འདེབས་དྲི་བྲལ་ཤེལ་གྱི་གོང་བུ་ཞེས་བྱ་བ་འདི་ལ།། ཉམས་ལེན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཐོ་རངས་མལ་ནས་ལྡང་ཚེ་གདུང་ཤུགས་དབྱངས་ཀྱི་བརྗོད་པར་བྱའོ།། ཨེ་མ་ཧོ།། རང་འབྱུང་གཉུག་མ་བོན་སྐུའི་ཀློང་ཡངས་ནས།། སྣ་ཚོགས་སྣང་བ་རྫོགས་སྐུའི་དཀྱིལ་འཁོར་ཤར།། ཅི་ཡང་ངེས་མེད་སྤྲུལ་སྐུའི་འགྲོ་བ་འདུལ།། འདི་ནས་ནུབ་ཕྱོགས་ཞང་ཞུང་སྨར་གྱི་ཡུལ།། དག་པ་ལྷུན་གྲུབ་འོད་དུ་གསལ་བའི་ཞིཅང་།། དྭ་རོག་མཚོ་ཞེས་ཏིང་མུར་འཁྱིལ་བ་ལ།། གནམ་ཕྱི་གོང་རྒྱལ་གསུང་ལས་སྤྲུལ་པ་ཡི།། བྱང་སྨན་རྒྱལ་མོས་བྱིན་གྱིས་བརླབས་པའི་གནས།། གང་ཟག་ཉེར་བཞིས་ཉམས་ལེན་གསང་བའི་ཞིང་།། ཕྱོགས་དབུས་རིན་ཆེན་འབར་འདྲའི་གསང་ཕུག་ཏུ།། ཞང་ཞུང་རྣམ་རྒྱལ་ལོ་ལྔ་དགོངས་པ་བཅད།། གྱེར་སྤུང་སྣང་བཞེར་ལོ་གསུམ་དཀའ་སྤྱད་བསྒྲུབས།། གྱེར་སྤུངས་ཕྱག་བྲིས་ཡི་གེ་ཨ་དཀར་དང་།། དུང་དཀར་འབུར་དོད་དུས་གསུམ་རིང་བསྲེལ་འབབ།། མཇལ་ཙམ་གསོལ་བཏབ་རིགས་དྲུག་སྐྱེ་སྒོ་ཁེགས།།གནས་འདིའི་གཡོན་ཕྱོགས་བྲག་བྱེ་དུང་ལུང་དུ།། ངོ་མཚར་དབང་ཕུག་འབཱེེ་ཌུརྱ་མདངས་ལྡན་དང་།། གྱེར་སྤུངས་ཞབས་རྗེས་པད་མའི་ནེའུ་ཐང་སོགས།། གོམ་པ་བོར་ཙམ་འཁོར་བའི་སྡུག་བསྔལ་གཞོམ།། གསོལ་བ་བཏབ་ན་དབྱིངས་རིག་དགོངས་པ་མཇལ།། གནས་འདིའི་ནུབ་ཕྱོགས་གསང་བྲག་ཤ་བ་གདོང་།། གསེར་བྲག་རང་གྲུབ་སྨན་གྱི་རི་དྭགས་དབྱིབས།། རྩེ་ལ་ཤེལ་དཀར་ལས་གྲུབ་ཕ་བོང་ཟླུམ།། ཟང་ཐལ་ཡེ་ཤེས་མཐོང་ཁུང་གསལ་བ་ལ།། འོག་མིན་སྟུག་པོ་བཀོད་པའི་འོད་ཟེར་དང་།། སྐུ་གསུམ་སངས་རྒྱས་ཞལ་མཇལ་མཐོང་སྒོ་ཡོད།། ཤར་ཕྱོགས་བྲག་དཀར་ཡོལ་བ་འཐེན་འདྲ་ན།། ཞང་ཞུང་ཐིས་སྐོར་ཚེ་སྤུང་ཕྱག་ཆ་དང་།། མེ་རི་གྱད་ཕུར་གསང་ཐིས་འཕར་མའི་རྒྱུད།། ཟབ་མོ་གཏེར་རྟགས་ཧཱུང་གི་རིས་ཅན་ཡོད།། བྱང་ཕྱོགས་ས་དབྱིབས་ཤ་བའི་གདོང་འདྲ་ལ།། རྒྱལ་གཟིགས་སྲས་ཆུང་མཁའ་ལ་འཕུར་རྗེས་དང་།། ཕྱག་འཛུབ་གཏད་པས་བྲག་ལ་ཟང་ཐལ་སོགས།། ལས་ཅན་གསོལ་བཏབས་འཕོ་བ་མཁའ་སྤྱོད་བགྲོད།། ནུབ་ཕྱོགས་གསང་ཕུག་ངོ་མཚར་ལྡན་པ་ན།། གྱེར་སྤུངས་ཆེན་པོ་སྣང་བཞེར་ལེགས་པོ་ལ།། སྤྲུལ་སྐུའི་ཞལ་མཇལ་སྙན་རྒྱུད་གདམས་ལ་གནང་།། ཏིང་འཛིན་སྒོམ་པས་རང་རིག་མངོན་སུམ་ཤར།། གནས་འདིའི་ས་རྡོ་རི་བྲག་ཐམས་ཅད་ཀྱང་།། ཟག་མེད་འོད་གསལ་ཞི་ཁྲོའི་དཀྱིལ་འཁོར་ཆེ།། སྐལ་ལྡན་རྣམས་ལ་དག་སྣང་སྣ་ཚོགས་འཆར།། གནས་ཀྱི་བྱང་ནུབ་སྟག་ཐེབས་སེང་བྲག་དང་།། མ་མིག་བྲག་དཀར་ཚེ་སྤུང་སྒྲུབ་ཕུག་དང་།། འཇའ་ལུས་ཉེར་བཞིས་བསྒོམ་པའི་གསང་ཕུག་སོགས།། ལྷོ་རྒྱལ་གླིང་འདིར་ཁྱད་པར་འཕགས་པ་ཡིན།། གནས་འདིར་བགྲོད་ཙམ་ངན་སོང་ལུས་མི་ལེན།། ཕྱག་བསྐོར་གསོལ་བཏབ་སྒྲིབ་སྦྱང་ཚོགས་གཉིས་རྫོགས།། མོས་གུས་ཡིད་ཆེས་རང་རིག་ལྷག་གེར་མཐོང་།། འདི་ལྟར་བླ་མེད་དོན་གྱི་གནས་ཆེན་ལ།། བདག་དང་བདག་ལ་འབྲེལ་ཐོབ་འགྲོ་བ་ཀུན།། གནས་ཀྱི་བྱིན་རླབས་ཡིད་ལ་དྲན་བྱས་ཏེ།། ཉིན་མཚན་དུས་བཞི་དུས་དྲུག་ཐམས་ཅད་དུ།། གསོལ་འདེབས་སྨོན་ལམ་ཆུ་བོའི་རྒྱུན་བཞིན་བརྩོན།། དལ་འབྱོར་དོན་ལྡན་ཐེག་ཆེན་ལམ་བགྲོད་དེ།། འཁོར་འདས་སྣང་ཆ་འོད་གསལ་དབྱིངས་དག་ནས།། འཕོ་མེད་འོད་ཀྱི་སྐུ་རུ་མངོན་གྱུར་ཤོག། ཅེས་དུས་མཐར་ལུང་གིས་བསྔགས་པའི་ཐོས་ཆུང་ནམ་མིང་པ་སྙན་རྒྱུད་ཀྱི་གནས་མཆོག་བྱིན་རླབས་ཅན་མཇལ་སྐོར་དུ་སོང་བས་ལུས་བ་སྤུ་ཟིང་མིག་ནས་མཆི་མ་འབྲུག་བཞིན་དག་སྣང་རིག་པའི་སྒོ་ནས་གང་ཤར་རྩིས་ཟིན་གྱི་ངང་དུ་གནས་མཆོག་བོན་རི་ཆེན་པོའི་མདུན་ཞོལ་རྒྱལ་རི་དགོན་རྒྱལ་བསྟན་སྨིན་གྲོལ་གླིང་དུ་དྲན་ཤར་གྱིས་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།།