གསང་བྲག་སེང་གེ་འགྱིང་རིའམ་སྒམ་སྐེད་བྲག་དཀར་གསང་གནས་ཀྱི་དཀར་ཆག་

ཌཀྐི་གསུང་གི་གདངས་དབྱངས་ཞེས་

བྱ་བ་བཞུགས་སོ།།


ཨ་འདི་ཞེས་མ་བཅོས་འཁོར་འདས་ཀུན་གྱི་གཞི།།
སྔོན་རྗེས་རྟོགས་བྲལ་རང་རིག་ཧ་རེ་བ།།
ལྟ་སྒོམ་རྩོལ་མེད་རང་བཞིན་ལྷན་ནེར་གནས།།
དུས་གསུམ་དབྱེ་བྲལ་ཡེ་གྲོལ་གཤིས་སུ་བཞག།
ཡེ་བཞི་བློ་འདས་རིག་སྟོང་ཟང་ཀ་མ།།
རང་བཞིན་འོད་གསལ་ནམ་མཁའ་དག་པའི་ཀློང་།།
རང་གསལ་ལྷག་མཐོང་ཡེ་ཤེས་མཁའ་འགྲོ་མ།།
དཀར་མོ་ཞལ་གཅིག་ཕྱག་གཉིས་འཛུམ་བག་ལྡན།།
ཞལ་གྱིས་བདག་ཕྱོགས་གཟིགས་ནས་འདི་སྐད་གསུངས།།
ཀྱཻ་མ་རིགས་སྲས་སྐལ་ལྡན་རྣལ་འབྱོར་བུ།།
སྐྱེ་བ་གོང་ནས་སྦྱངས་བའི་ལས་འཕྲོ་ཅན།།
ལྟ་བ་བློ་འདས་རྟོགས་པ་ངོ་མཚར་ཆེ།།
བློ་རྟོག་ཐེ་ཚོམ་ཆོད་ཅིག་སྐལ་ལྡན་མཆོག།
སྒོམ་པ་རིག་སྟོང་མཇལ་བ་ངོ་མཚར་ཆེ།།
སྒོམ་བློའི་སྤྲོས་མཐའ་ཆོད་ཅིག་སྐལ་ལྡན་བུ།།
སྤྱོད་པ་ཤུགས་འབྱུང་རོལ་པ་ངོ་མཚར་ཆེ།།
ཚུལ་ཆོས་འཛིན་པ་ཞིག་མཛོད་སྐལ་ལྡན་བུ།།
ཨུ་རྒྱན་མཁའ་འགྲོའི་ཚོགས་ཀྱི་གཙོ་མོ་སྟེ།།
རིགས་ཀྱི་བདག་མོ་ཟླ་འོད་འབར་མ་ཡིན།།
ད་ནས་བཟུང་སྟེ་གང་དུ་གནས་ན་ཡང་།།
ཕྱི་ཡི་ཡུལ་ལ་འཛིན་པའི་ཚང་མ་བཅའ།།
ནང་གི་གྲོགས་ལ་གདུང་བའི་བསྐུར་མ་འདེབས།།
རེ་དོགས་ཅི་སྐྱེས་ལྟ་བའི་ཀློང་དུ་ཁྲོལ།།
དུས་ཀུན་བློ་འདས་གཉུག་མའི་གཤིས་ལ་ཞོག།
ཞེས་གསུངས་ཉམས་དགའ་སྣང་བ་འཕེལ་བར་བྱུང་།།
དེ་ནས་གོང་གི་ཡུམ་ལ་འདི་སྐད་ཞུས།།
སྐྱེ་འཆི་གཉིས་སྤོངས་ཚོགས་བདག་མཁའ་འགྲོ་ལགས།།
བཀའ་དྲིན་འཁོར་མེད་ཉམས་དང་ལུང་གི་བདག།
དུས་འདིར་ཞལ་མཇལ་རྣལ་འབྱོར་བདག་རེ་དགའ།།
དུས་ཀྱི་ཐ་མའི་འགྲོ་རྣམས་བློ་རྨོངས་ཤིང་།།
ཡང་དག་ཐེག་ཆེན་བོན་ལ་སྤྱོད་མི་ཤེས།།
དོན་ལྡན་དཔོན་གསས་བླ་མར་དད་གུས་ཆུང་།།
བསོད་ཚོགས་དམན་ཅིང་ཁས་དམན་ཤིན་ཏུ་རྨོངས།།
ངེས་པའི་དོན་ལ་ཡིད་ཆེས་སྐྱེ་དཀའ་བས།།
བློ་དང་མཐུན་པའི་བོན་ཞིག་སྟོན་ལགས་ན།།
གསང་གནས་དཀར་ཆག་མ་འོངས་ལུང་བསྟན་དང་།།
ལེགས་ཉེས་བླང་དོར་གདམ་པའི་ཞལ་གདམ་ཞིག།
ཌཀྐི་ཡུམ་གྱིས་བདག་ལ་གསུང་པར་ཞུ།།
ཞུས་པས་རྒྱུན་མེད་སྟོང་སྒྲའི་ཀློང་ཡངས་ནས།།
ཌཀྐིའི་བརྡ་ཡིག་ལུང་ཚིག་འདི་སྐད་ཐོས།།
སྔོན་ཚེ་ཡེ་སངས་རྒྱས་ཀྱིས་ཐུགས་ལས་སྤྲུལ།།
བར་དུ་རིག་འཛིན་བླ་མས་བྱིན་གྱིས་བརླབས།།
ད་ལྟ་གདུལ་བྱའི་ཞིང་དུ་གྱུར་བ་ཡི།།
གནས་ཀྱི་ཡོན་ཏན་ལོ་རྒྱུས་འདི་ལྟར་རོ།།
སྔོན་ཚེ་དབལ་གྱི་བྲག་ཕུག་རོང་ཆེན་ནས།།
སྟག་ལ་མེ་འབར་མཁར་འཕུར་གནས་འདི་རུ།།
སྟག་སེང་ཁྱུང་གསུམ་སྤྲུལ་ནས་བྱིན་གྱིས་བརླབས།།
གཡས་ཀྱི་རི་ནི་སེང་གེ་ཉལ་བ་འདྲ།།
གཡོན་གྱི་རི་ནི་རྒྱ་སྟག་འགྱིང་བའི་ཚུལ།།
དབུས་རི་ཟང་ཐལ་ཁྱུང་ཆེན་གཤོག་རྒྱས་འདྲ།།
ནང་ལྟར་སྐུ་གསུམ་ཁྲོ་བོའི་སྐུ་གཟུགས་ཏེ།།
གསང་བ་གསང་འདུས་གཤེན་གསུམ་བྱིན་བརླབས་གནས།
དབུས་ཀྱི་རི་ལ་འཆི་མེད་རང་བྱོན་ཡོད།།
གཡས་རི་བྲག་དཀར་སོག་པའི་དབྱིབ་ཅན་ལ།།
སྟག་ལ་མེ་འབར་ལྗང་ནག་ཁྲོ་ཞལ་ཡོད།།
གཡོན་རི་གཡང་བཞིར་ཁྲོ་ཚོགས་བཤམས་འདྲ་ལ།།
གསང་བ་འདུས་པའི་ཐུགས་འཛབ་རང་བྱོན་དང་།།
གསང་སྔགས་རྒྱུད་སྡེ་ཟབ་མོའི་གཏེར་ཁ་ཡོད།།
ཁོད་སྤུངས་དྲན་པའི་སྒྲུབ་ཕུག་ངོ་མཚར་དང་།།
བདུད་རྩི་ཁ་རག་ངན་སོང་སྒོ་ཆོད་ཡོད།།
ལས་དག་སེམས་པའི་ས་བཅུ་མཐོང་ལམ་དང་།།
ཅོ་ཟའི་ཕྱག་བྲིས་མ་ཡིག་གསལ་བ་ཡོད།།
སྟོང་རྒྱུང་མཐུ་ཆེན་མཁའ་ལ་འཕུར་རྗེས་དང་།།
གསང་བདག་ཤ་རིའི་རྫུ་འཕྲུལ་ཕ་བོང་ཡོད།།
རིག་འཛིན་གྱིམ་ཚའི་གཅན་སྤྱང་བསྐོར་བའི་རྗེས།།
ལྕེ་ཚ་མཁར་བུའི་ཕྱག་གི་ཟང་ཐལ་ཡོད།།
གཡས་རིའི་མགུལ་དུ་རང་བྱུང་སྒྲུབ་ཕུག་ནི།།
ཉི་ཟླ་མི་འཆར་མུན་ནག་གཏིབ་པ་ལ།།
སྟག་ལ་མེ་འབར་ཏིང་འཛིན་བསྒོམ་པའི་གནས།།
ཁྲོ་བོའི་གསང་འཛབ་རང་སྒྲ་སྒྲོགས་པ་ཡོད།།
དེ་ཡི་གཡས་སུ་ཚེ་དབང་རིག་འཛིན་གྱི།།
གསང་བའི་དབེན་ཕུག་ཚེ་རྫས་གཏེར་ཁ་ཡོད།།
གཡུང་དྲུང་མཐོང་གྲོལ་ཟབ་བེར་ཕྱག་ཆ་དང་།།
ཚོགས་བདག་མཁའ་འགྲོའི་གསང་མཚལ་གཏེར་དུ་ཡོད།།
གཡས་མདུན་མཁའ་འགྲོ་འདུ་བའི་ཚོགས་གླིང་ན།།
ཐོད་པ་བོར་ཆོག་དུར་ཁྲོད་ཆེན་པོ་ཡོད།།
རལ་གྲིའི་དབྱིབ་ཅན་བྲག་དཀར་རྩེ་རྫོང་ལ།།
སྲིད་རྒྱལ་དྲེའུ་དམར་མོའི་སྐུ་རྗེས་དང་།།
བསྟན་སྲུང་དམ་ཅན་རྒྱུན་དུ་འཁོར་བ་ཡོད།།
སྦས་ཡུལ་གནས་དང་སྤུ་རྒྱལ་གསང་མཛོད་དང་།།
ཟབ་མོའི་གཏེར་ཁ་རྒྱལ་བློན་བཅུ་བཞི་ཡོད།།
མ་འོངས་དུས་ཀྱི་བསྐལ་བའི་ཐ་མ་འདིར།།
གླང་དབྱིབ་བྲག་ལ་གསང་བའི་སྒོམ་སྡེ་ཆགས།།
ཞྭ་དཀར་མདུང་རྩེའི་འོད་ཀྱིས་ཕྱོགས་ཀུན་ཁྱབ།།
ཧཱུཾ་དཀར་བམ་ཡིག་རང་སྒྲ་གླིང་བཞིར་སྒྲོགས།།
སྔགས་ཀྱི་རིག་འཛིན་རྒྱ་གཉིས་རང་གཏེར་ལྷོང་།།
བྱང་གི་སྡེ་ལ་ཞིག་མོ་གཡུ་ཆས་འབྱུང་།།
ནུབ་ཀྱི་ཕྱོགས་ནས་སྲིན་བྱའི་ངར་སྐད་སྡང་།།
ལྷོ་ཡི་གཡུ་ཤུག་སྐྱེད་ཚལ་སུམ་གྱུར་ནས།།
གླིང་བཞི་གནོན་མཛད་རྣལ་འབྱོར་སྒོམ་སྡེ་འཕེལ།།
མཁས་པའི་ལག་གི་ཤོག་དྲིལ་གཡས་སུ་ཡོལ།།
གཡུ་ཡི་བུམ་པའི་ཁ་ནས་གཡུ་ལོ་རྒྱས།།
ཅང་ཤེས་རྟ་ཡི་ཆག་ཤིང་གྲོགས་སུ་འགྱུར།།
གཡང་མོ་ལུག་གིས་འབའ་སྐད་རྔུལ་རྫར་སྒྲོགས།།
གདོང་དམར་སྤྲེའུ་ནོར་བུ་རང་ལག་འབྱུང་།།
བྱ་དཀར་ཟེལ་ལེས་མཐོ་ལྟས་ཡུལ་ཐན་ལང་།།
གསང་ཁྱི་དཀར་པོའི་རྣལ་འབྱོར་བཅུ་གསུམ་འབྱུང་།།
ཞེ་སྡང་ཕག་ལ་རང་བསྟན་ཅུང་ཙམ་དར།།
བློ་ཆུང་བྱི་བའི་བློ་ཡིས་ཞེན་ཡུལ་རྒྱས།།
སྟོབས་ཆེན་གླང་པོའི་སྒང་གསུམ་ཤོད་བཞི་དབང་།།
སྟག་གི་རིས་བཀྲ་ཞྭ་དཀར་གླིང་བཞིར་ཁྱབ།།
ངེས་པའི་བརྡ་འདི་དུས་བབས་གསང་རྒྱ་ཁྲོལ།།
གནས་འདིར་ཞལ་མཇལ་མཐའ་འཁོབ་ལུས་མི་ལེན།།
ཚོགས་འཁོར་བདུན་གྱིས་ས་གནོན་རིག་འཛིན་ཐོབ།།
སྐོར་བ་ཉེར་ལྔས་ཕ་མའི་དྲིན་ལན་སོད།།
སྐོར་བརྒྱ་བཞེངས་ན་མཚམ་མེད་ཉེས་བྱས་བྱང་།།
འདི་འདྲའི་གནས་མཆོག་ངོ་མཚར་མཐོང་གྲོལ་ལ།།
ཐེག་ཆེན་འཆད་ཉན་སྒོམ་སྡེ་འཕེལ་བར་ཤོག།
བྱིན་བརླབས་གནས་མཆོག་ངོ་མཚར་འབར་བ་ལ།།
དུས་མཐའི་འགྲོ་རྣམས་སྒྲིབ་སྦྱང་ཚོགས་རྫོགས་ཤོག།
རང་སྣང་དག་པའི་མཁའ་སྤྱོད་ཞིང་ཁམས་ནས།།
རིག་འཛིན་མཁའ་འགྲོའི་ཞལ་མཇལ་འབྱུང་བར་ཤོག།
མཚན་བཅས་མཚན་མེད་དགེ་ཚོགས་གང་བསགས་པ།།
ཕ་མས་གཙོར་བྱས་འབྲེལ་ཐོབ་འགྲོ་བ་ཀུན།།
སྐུ་གསུམ་ཞིང་དུ་མངོན་སངས་རྒྱས་པར་ཤོག།
ཞེས་གསུངས་ཌཀྐི་མཁའ་འགྲོ་རང་ཡལ་ངང་།།
འདི་ཡིན་མེད་པར་ཕྱོད་དེ་རང་མལ་འདུག།
ཟབ་མོའི་དཀར་ཆག་ཐོས་ཚད་གྲོལ་བ་འདི།།
ཉིན་ཞག་སུམ་བརྒྱ་གཅིག་ཏུ་གསང་བའི་རྒྱ།།
སླར་ཡང་རྟེན་འབྲེལ་བུ་ཡིས་བཀའ་རྒྱ་ཁྲོལ།།
ས་མ་ཡ་རྒྱ་རྒྱ། ཨ་ཨ་ཨུ་ཡ།


        ཅེས་གསང་བྲག་སེང་གེ་འགྱིང་རིའམ་སྒམ་སྐེད་བྲག་དཀར་གྱི་དཀར་ཆག་ཌཀྐིའི་གསུང་གི་གདངས་དབྱངས་ཞེས་བྱ་འདིའང་གོ་ན་ལྷ་སྡེས་ཡང་ཡང་བསྐུལ་མ་བྱུང་བས་ག་ངས་ཅོང་རིའི་དབེན་ཁྲོད་དུ་རྩོད་དུས་ཀྱི་རིག་པ་འཛིན་པ་མུ་ལ་རང་གྲོལ་རྩལ་ཞེས་འབོད་པ་བདག་ལ་ཌཀྐིས་ལུང་བསྟན་ཞིང་ཕབ་པ་ཐོག་མའི་ཡི་གེ་བ་ནི་གཤེན་བསྟན་སྨན་རི་བའི་དགེ་བཤེས་གར་ཚ་གཡུང་དྲུང་རྒྱལ་མཚན་གྱིས་བགྱིས་པ་དགེའོ།། བཀྲ་ཤིས།