རྨང་གཞིའི་འཕྲུལ་ཡིག་སློབ་སྟོན་འགྲེམས་སྤེལ་བྱས་པ།
སློབ་དེབ་ཕྱི་ཤོག་ཕྱི་མ།
སློབ་དེབ་ཕྱི་ཤོག་ནང་མ།
སྔོན་གླེང་དུས་ཀྱི་སྦྲང་ཆར།
མདོ་ལས། མ་རིག་རྨོངས་པའི་སེམས་ཅན་ཐམས་ཅད་ལ། འཕྲུལ་གྱི་ཡི་གེ་ལྐུགས་པ་ཁ་འབྱེད་འདི། གང་ཟག་ཤེས་པ་གསལ་ཞིང་རིག་པ་ཅན། སྐྱེས་བུ་དམ་པ་རྣམས་དང་འཕྲད་པར་ཤོག། ཅེས་སངས་རྒྱས་ཀྱིས་སྨོན་ལམ་བཏབ་པ་བཞིན་རང་ཅག་ལ་འཕྲད་པའི་དུས་འདིར་ཤེས་ཡོན་ཀུན་གྱི་གཞི་མ་ཡི་གེ་འབྲི་འདོན་གཉིས་ལ་སློབ་རྒྱུ་ནི་དུད་འགྲོ་ལས་ལྷག་པའི་མི་ལུས་ཤིག་ཐོབ་པའི་དོན་སྙིང་ཡིན་པ་དང་། འཕྲལ་ཡུན་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་ཏེ། དཔྱིད་དུས་སོ་ནམ་ངལ་རྩོལ་མ་བྱས་ན། ལོ་གཅིག་དབུལ་ཕོངས་སྡུག་བསྔལ་མྱོང་བ་བཞིན། ཆུང་དུས་ཤེས་ཡོན་སློབ་སྦྱོང་མ་བྱས་ན། ཚེ་གཅིག་རྨོངས་པའི་སྡུག་བསྔལ་མྱོང་དགོས་པས། འཕྲལ་གང་གི་བདེ་སྐྱིད་དང་ཕུགས་གཏན་གྱི་བདེ་བ་གཉིས་མི་ནོར་བར་ཤེས་ཡོན་སྦྱང་དགོས། མི་ཡི་ནུས་ཤུགས་ཆེ་ཆུང་དང་། འཇོན་ཐང་ཡོད་མེད་ཟེར་བ་ནི་གཙོ་བོ་ཤེས་ཡོན་ཆེ་ཆུང་ལ་རག་ལས་ཡོད་དེ། ཤེས་ཡོན་ཅན་གྱི་མཁས་པ་དེ་ཚོས་འཛམ་གླིང་གི་སྣོད་བཅུད་གཉིས་ཀར་དབང་བསྒྱུར་ཞིང་འབྱུང་བ་བཞི་པོ་བྲན་དུ་བཀོལ་ནས་མིའི་རིགས་དང་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པ་དང་། ཤེས་ཡོན་མེད་པའི་བླུན་པོ་དེ་ཚོ་རང་མགོ་ཡང་མི་ཐོན་པ་ཁ་གདང་ལག་བཟེད་བློ་ཟད་ཐབས་རྡུགས་བྱས་ནས་མི་འདུག་གམ། ད་ནི་བསམ་པའི་བློ་ལ་ཟད་པ་མ་མཆིས་ན། བྱ་བའི་ཐབས་ལ་ཟད་པ་ག་ལ་མཆིས། སེམས་ལ་བསམ་བློ་ཡོད་ན་ནོར་ལ་ཟད་པ་མེད། ཟེར་བ་བཞིན་ཡིན་པས་བསམ་བློའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་གནའ་དེང་ཕྱི་ནང་མཁས་པའི་རིག་གཞུང་དག་ལ་སློབ་སྦྱོང་བྱ་ནས་གསོག་དགོས། དེའི་རྨང་གཞི་གཙོ་བོ་ནི་ཡི་གེ་འབྲི་ཀློག་གཉིས་ལ་ཐུག་ཡོད་པས། ན་གཞོན་ཀུན་གྱིས་ངེས་པར་དུ་ཡི་གེ་སྦྱང་དགོས་ཏེ། མི་དང་དུད་འགྲོ་གཉིས་ཀྱི་ཁྱད་པར་འབྱེད་བྱེད་གཙོ་བོ་ནི་ཤེས་ཡོན་ཡོད་མེད་ལ་ཐུག་ཡོད། ལྷག་པར་དུས་རབས་འདི་རུ་ཡི་གེ་མ་ཤེས་པའི་མི་རྣམས་ནི། དབང་པོ་སྒོ་ལྔ་ཚང་ཡང་ཞ་ལོང་འོན་ལྐུགས་དང་དུད་འགྲོ་རྣམས་དང་ཁྱད་མེད་དེ། དཔེར་ན་གནམ་གྲུ་རླངས་འཁོར་མེ་འཁོར་མགྲོན་ཁང་གང་གི་ནང་དུ་སོང་ནའང་ཁ་བྱང་ཡི་གེ་ལ་བལྟ་ནས་འགྲོ་འདུག་བྱེད་དགོས་པ་ལས་ལོང་ཁྲིད་བྱེད་མཁན་ཞིག་མི་རྙེད། དེ་བཞིན་བཟའ་བཏུང་གོས་རྒྱན་སྨན་རྫས་འཕྲུལ་ཆས་ཉེར་སྤྱོད་སོགས་གང་བེད་སྤྱོད་གཏོང་དགོས་ནའང་ཁ་བྱང་ཡི་གེ་ལ་བལྟ་ནས་ལོངས་སུ་སྤྱོད་དགོས་པ་དང་། ཐ་ན་གཞན་གྱིས་བཟོས་པའི་ཁ་པར་ཆུང་ཆུང་འདི་བེད་སྤྱོད་ཡག་པོ་ཞིག་གཏོང་མི་ཤེས་པ་དང་། སྒོར་མོ་བརྒྱ་ཕར་བསྐུར་ཚུར་ལེན་བྱ་དགོས་ན་མིའི་གོ་མི་ཆོད་པ་གཞན་ལ་རེ་དགོས། དེ་བཞིན་ཚོང་པ་ཐབས་ཆག་ཅིག་བྱེད་དགོས་ན་ཕར་སོང་ཚུར་ཡོང་གི་རྩིས་ཁྲ་དང་བརྗེད་ཐོ་ཙམ་འབྲི་མི་ཤེས། གྲོང་ཚོ་ཆུང་ཆུང་ཞིག་གི་དཔོན་པོ་བྱ་དགོས་ན་དྲིལ་བསྒྲགས་ཡིག་ཆ་འདོན་མི་ཤེས། ཆོས་པ་ཐབས་ཆག་ཅིག་བྱ་དགོས་ན་ཁ་འདོན་བཟླས་བརྗོད་ཀློག་མི་ཤེས། མདོར་ན་ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་གང་བསྒྲུབ་དགོས་ན་ཡི་གེ་འབྲི་འདོན་མ་ཤེས་ཐབས་མེད་ཡིན། ལྷག་པར་དུ་མི་རིགས་ཤིག་གི་ངོས་ནས་བཤད་ན་སྐད་ཡིག་གཉིས་ནི་མི་རིགས་དེ་ཡི་བླ་སྲོག་ལྟ་བུ་ཡིན་ལ། སྐད་ཡིག་དེ་ཉིད་ཉམས་ན་མི་རིགས་ཀྱི་ངོ་བོ་བརླགས་ཟིན་པ་རེད། ཡི་གེ་ཤེས་པའི་ཕན་ཡོན་ནི། ཡིག་འབྲུ་རེ་བཞེངས་པ་དང་ལྷ་སྐུ་རེ་བཞེངས་པ་ཕན་ཡོན་མཉམ་སྟེ། མདོ་ལས། ལྐུགས་པ་ཁ་འབྱེད་འཕྲུལ་གྱི་དུམ་བུ་ངག། མ་རིག་མུན་སེལ་སྒྲོན་མེ་གསལ་བ་སྟེ། སྟོན་པའི་གསུང་མཆོག་གྲགས་པའི་ཡང་རབ་ལྷ། ཞེས་གསུངས། ཡི་གེ་བཞེངས་པ་ལས་ཡི་གེ་ཤེས་པ་ཕན་ཡོན་ཆེ། ཚིག་ཤེས་པ་ལས་དོན་རྟོགས་པ་ཕན་ཡོན་ཆེ། དོན་རྟོགས་པ་ལས་ལག་ལེན་འདེབས་པ་ཕན་ཡོན་ཆེ། ལག་ལེན་འདེབས་པ་ལས་ཕན་ཐོག་བྱུང་ན་ཕན་ཡོན་ཆེ་སྟེ། སེམས་ཅན་ལ་ཕན་མ་ཐོག་ན་དེ་དག་ཚང་མ་དོན་མེད་ཡིན། ཁྱད་པར་དུ་ད་ལྟའི་དུས་འདིར་གསུང་གི་བསྟན་པས་འགྲོ་བ་འདུལ་བའི་དུས་ཡིན་པས་གསུང་རབ་ཡི་གེ་དར་སྤེལ་གཏོང་དགོས་ཏེ། མདོ་ལས། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། ཞེས་སོ། དེར་བརྟེན་དགེ་བ་ནང་ནས་དགེ་བ་ཆེ་ཤོས་ནི་ཡི་གེ་སྦྱང་བ་དེ་ཡིན་ལ། རྟེན་བཞེངས་ནང་ནས་བཟང་ཤོས་དཔེ་ཆ་བཞེངས་པ་ཡིན། དེ་བཞིན་དུ་བླ་སྤྲུལ་འགའ་ཤས་མཇལ་བ་ལས་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དེབ་ཆུང་འདི་འདྲ་ཞིག་བལྟས་ན་ཕན་ཐོག་ཆེ་ལ། ལྷག་བསམ་ཤེས་ཡོན་མེད་པའི་དགེ་རྒན་ཐབས་ཆག་ཅིག་ཡོད་པ་ལས་དེབ་ཆུང་འདི་འདྲ་ཞིག་ཡོད་ན་བཟང་ལ། སྒོར་ཁྲི་བརྒྱ་ཡིས་གཟི་བྱུར་རྒྱན་ཆ་ཞིག་ཉོ་ཐུབ་པ་ལས་དེབ་ཆུང་འདི་འདྲ་ཞིག་འབྲི་འདོན་ཤེས་ན་དགའ་སྟེ། “ དཔེ་དེབ་ཉོ་བ་ནི་ཤོག་བུ་དང་སྣ་ཚའི་ཕོན་པོ་ཙམ་ཞིག་ཉོ་བ་མ་ཡིན་པར་གནའ་ནས་ད་ལྟའི་བར་གྱི་མཁས་དབང་ཚོའི་ཤེས་རབ་དང་བསམ་བློ་ཉོ་བ་ཡིན། ” ཤེས་རབ་དང་བསམ་བློ་གསར་བ་ཉོ་དགོས་པའི་རྒྱུ་མཚན་ནི་སྤྲོ་སྐྱིད་དང་དོན་སྙིང་ལྡན་པའི་མི་ཚེ་གསར་པ་ཞིག་སྐྱེལ་ཆེད་ཡིན་པས། གཞོན་སོ་དཀར་ནས་རྒས་མགོ་སེ་བར་གྱི་མི་ཚེ་གང་གི་ལེགས་ཉེས་ཀྱི་བླང་དོར་སྟོན་པའི་དགེ་རྒན་བཟང་པོ་ཞིག་ཏུ་བརྩི་ནས་བལྟ་ཀློག་དང་ཉར་ཚགས་བྱེད་དགོས། ཤེས་ཡོན་འདི་ཡོད་ན་ཚོགས་པའི་ནང་གི་ཚོགས་གཙོ། དགོན་པའི་ནང་གི་མཁན་སློབ། སྡེ་པའི་ནང་གི་དབུ་ཁྲིད། ཁྱིམ་ཚང་ནང་གི་བཟའ་དཔོན་ཡིན་ལ། ཤེས་རིག་འདི་མེད་ན་ལས་ཁུང་ནང་གི་སྒོ་སྲུང་། དགོན་པའི་ནང་གི་འདྲེན་པ། གྲོང་པའི་ནང་གི་གཡོག་པོ། ཁྱིམ་ཚང་ནང་གི་བཟའ་ལྷད་ཡིན། རིག་གནས་ཀུན་གྱི་རྨང་གཞི་ཡི་གེ་འབྲི་འདོན་གཉིས་ཤེས་ཐུབ་ན། ཚོང་པ་ཞིག་ལ་མཚོན་ན་ཚོང་གི་མ་རྩ་བརྟན་པོ་ཚུགས་པ་དང་འདྲ་བས་མི་ཚེ་གང་ལ་དབུལ་ཕོངས་གི་འཕྲང་ལས་གཏན་ནས་ཐར་ཟིན་པ་ཡིན། དེའི་ཕྱིར་སློབ་སྦྱོང་གི་དཀའ་ངལ་ནི་གནས་སྐབས་ཙམ་དང་རྨོངས་པའི་སྡུག་བསྔལ་ནི་སྐྱེ་བ་ཚེ་རབས་ཀུན་ཏུ་ཡིན་པས། དེས་ན་ང་ཚོ་བསམ་མནོ་རྣམ་ཤེས་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་འཕྲལ་གྱི་སྡུག་བསྔལ་ཆུང་ངུ་དེ་སྡུག་བསྔལ་དུ་མི་བསམ་པ་ཡུན་གྱི་བདེ་བ་ཆེན་པོ་དེ་ལ་དམིགས་ནས་སློབ་སྦྱོང་གི་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་མ་སོང་བར་གསེར་ལས་དཀོན་པའི་དུས་ཚོད་གཅེས་པར་བཟུང་ནས་སློབ་སྦྱོང་བྱ་རོགས་ཞུ་རྒྱུ་དང་། འདི་ལྟར་བསྒྲིགས་དགོས་པའི་དམིགས་ཡུལ་ནི། ང་ཚོས་དེ་སྔ་ཡི་གེ་ཐོག་མར་སློབ་དུས་ཁྲོ་མཆོད་གཉིས་སོགས་འདོན་ཆོག་ལ་སློབ་པའི་སྲོལ་འདི་ཧ་ཅང་བཟང་མོད། དེང་དུས་འཇིག་རྟེན་པའི་སྤྱི་ཚོགས་འཚོ་བའི་ནང་འགྲོ་བའི་རྐང་པ་དེ་ཙམ་ཚུགས་མི་ཐུབ་པ་ཡིན་སྟབས་དེ་ལ་ལེགས་བཅོས་ཤིག་མ་བྱས་ཐབས་མེད་ཆགས་ཡོད། དེས་ན་དེབ་ཆུང་འདི་ལྟ་བུ་ཞིག་གིས་འགོ་བཙུགས་ནས་བསླབ་ན་རྟ་རྒྱུགས་ཞོར་མེ་ཏོག་འཐུ་ཞོར་ཟེར་བ་ལྟར། ཡི་གེ་སྦྱོང་ཞོར་དུ་མིའི་བསམ་བློ་ཀུན་སྤྱོད་ལ་ཕན་པའི་དམངས་ཁྲོད་ཀྱི་རིག་གནས་དང་ཉེར་མཁོའི་ཤེས་བྱ་སྣ་ཚོགས་མཉམ་དུ་ཤེས་པའི་དགེ་མཚན་ཆེན་པོ་ཞིག་ཡོད་པས་དེ་སྔའི་ཡི་གེ་སློབ་ཚུལ་ལས་གོམ་པ་གང་མདུན་དུ་སྤོ་ཐུབ་པའི་རེ་འདུན་སྨོན་པ་དང་བཅས། ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་མིང་ཙམ་འཛིན་པ་ཨ་ཤག་རྒྱ་མཚོ་ནོར་བུ་ནས། ༢༠༡༤ ༣ ༡ ཉིན།
དཀར་ཆག | དཀར་ཆག |
དཀར་ཆག
འཕྲུལ་ཡིག་སྐོར། | འཕྲུལ་ཡིག་བཞི་བཅུ། |
༧ ང་ཚོས་རྨང་གཞིའི་འཕྲུལ་ཡིག་སློབ་སྟོན་འདི་ཉིད། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་དང་། གནའ་དེང་ཕྱི་ནང་མཁས་དབང་མང་པོའི་གསུངས་རྩོམ་ལས་བཏུས་ཏེ། ལས་དང་པོའི་ཤེས་ཡོན་སྦྱོང་མཁན་རྣམས་ལ་ཅུང་ཟད་ཕན་སེམས་ཀྱིས་ཀུན་ནས་སློང་སྟེ་བསྡུ་སྒྲིག་བྱས་པ་ཡིན་ཀྱང་། མ་དག་ཆད་ལྷག་ནོར་འཁྲུལ་ཡོད་པར་མཁྱེན་ལྡན་གནམ་པས་ཐུགས་ཁྲེལ་མེད་པ་བཀའ་སློབ་ལམ་སྟོན་ཡོད་པ་ཞུ་།།
སློབ་སྟོན་པ། འོད་ཟེར་སྦྱིན་པ་ཕུན་ཚོགས།
རྩོམ་སྒྲིག་པ། དགེ་བཤེས་གཙུག་གཤེན་དོན་འགྲུབ། ཁྱུང་ཁྲི་ལྡེ། གཡུང་དྲུང་མཐར་ཕྱིན། ཀུན་ཁྱབ། ཚུལ་ཁྲིམས་དྲི་མེད། འགྱུར་མེད། དཔལ་རྒྱལ། ཤེས་རབ་འོད་ཟེར།།
སྤྱི་ལོ་ ༡༠༡༤ ༣ ༡༦ དང་ཧོར་ཟླ་ ༡ ཚེས་ ༡༥ ཉིན། ཁྱུང་པོའི་དྲ་བ་སྒོ་འབྱེད་དང་ལྷན་དུ་སློབ་དེབ་འདི་ཉིད་ཁྱུང་པོ་སྟེང་ཆེན་དགོན་ནས་སྤེལ།། །།
ཨེ་ཙིའི་ནད་ཡམས་སྔོན་འགོག་ཤེས་བྱ།
༧ ང་ཚོས་རྨང་གཞིའི་འཕྲུལ་ཡིག་སློབ་སྟོན་འདི་ཉིད། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་དང་། གནའ་དེང་ཕྱི་ནང་མཁས་དབང་མང་པོའི་གསུངས་རྩོམ་ལས་བཏུས་ཏེ། ལས་དང་པོའི་ཤེས་ཡོན་སྦྱོང་མཁན་རྣམས་ལ་ཅུང་ཟད་ཕན་སེམས་ཀྱིས་ཀུན་ནས་སློང་སྟེ་བསྡུ་སྒྲིག་བྱས་པ་ཡིན་ཡང་། མ་དག་ཆད་ལྷག་ནོར་འཁྲུལ་ཡོད་པར་མཁྱེན་ལྡན་གནམ་པས་ཐུགས་ཁྲེལ་མེད་པ་བཀའ་སློབ་ལམ་སྟོན་ཡོད་པ་ཞུ་།།
སློབ་སྟོན་པ། འོད་ཟེར་སྦྱིན་པ་ཕུན་ཚོགས།
རྩོམ་སྒྲིག་པ། དགེ་བཤེས་གཙུག་གཤེན་དོན་འགྲུབ། ཁྱུང་ཁྲི་ལྡེ། གཡུང་དྲུང་མཐར་ཕྱིན། ཀུན་ཁྱབ། ཚུལ་ཁྲིམས་དྲི་མེད། འགྱུར་མེད། དཔལ་རྒྱལ། ཤེས་རབ་འོད་ཟེར།།
སྤྱི་ལོ་ ༡༠༡༤ ༣ ༡༦ དང་ཧོར་ཟླ་ ༡ ཚེས་ ༡༥ ཉིན། ཁྱུང་པོའི་དྲ་བ་སྒོ་འབྱེད་དང་ལྷན་དུ་སློབ་དེབ་འདི་ཉིད་ཁྱུང་པོ་སྟེང་ཆེན་དགོན་ནས་སྤེལ།། །།