མཚམས་སྦྱོར། གཙོ་ངོས།གཙོ་ངོས།མཚམས་སྦྱོར།སློབ་གླིང་།

༧ ཁྱུང་པོ་སྟེང་ཆེན་དགོན་གྱི་སྒྲུབ་གྲྭའི་སྟོན་དགུན་དུས་ཀྱི་

ཉིན་རེའི་དགེ་སྤྱོད་མཛད་རིམ།

ཐུན་དང་ཐུན་བར་ཞོག་ཐུན་ ཐུན་བར་ སྔ་ཐུན་ ཐུན་བར་ ཕྱི་ཐུན་ ཐུན་བར་ སྲོད་ཐུན་ ཐུན་བར་ཆུ་ཚོད ༥་་་༣༠་་་༧་་་༣༠ ༧་་༣༠་་་༩་་་༣༠ ༤་་་༣༠་་་༡༢ ༡༢་་་་་་༢ ༢་་་༤ ༦་་་་་་༥ ༥་་་༦་་་༣༠ ༦་་་༣༠་་་༡༠ ༡༠་་་༡༡་་་་༣༠དགེ་སྤྱོད་མཛད་རིམ་ སྔོན་འགྲོའི་ངག་འདོན་གསོལ་འདེབས་རྩ་རླུང་མཉམ་བཞག་བློ་འཛིན་བྱེད། འཚོགས་འདོན་རྒྱས་པ་བསང་སྐོང་ཆུ་གཏོར་མུན་སེལ་སྒྲོན་མེའི་གཞུང་ཞེ་དགུ་ཡོན་རྒྱག་བཅའ་འདོན་དང་ཡི་དམ་གཞུང་བསྲང་ཞོགས་ཇ་བཞེས། སྨྲ་སེང་བསྟོད་པ་བརྗོད་ལ་སྐབས་བབས་གཞུང་ལ་འཆད་ཉན་བྱེད་དེ་བསྔོ་སྨོན་འདོན་ནས་གྲོལ། གུང་ཚིགས་གསོལ་སྐབས་རྣམ་ཐར་ཀློག་རྗེས་ལུང་ཉན་ནམ་ཡོན་རྒྱག་བཅའ་འདོན་བྱེད། སྐབས་བབས་རྩ་བ་འདོན་ལ་གཞུང་ཁྲིད་བལྟ་རྟོགས་དགོས་དྲི་བཤད་བྱེད་ཅིང་བསྔོ་སྨོན་བརྗོད་ལ་གྲོལ། བཀའ་སྐྱོང་རྒྱས་པ་དང་གཏོར་འབུལ་གསུར་བསྔོ་དང་ཡོན་རྒྱན་བཅའ་འདོན་བྱེད། འཛབ་སྒོམ་ནས་སྙིང་པོ་འདོན་ལ་དཔྱད་འཇོག་བློ་སྦྱོང་དང་རྒྱུགས་ལེན་ནམ་རིག་གནས་ཁྲི་སྦྱང་བསྔོ་སྨོན་བརྗོད་ནས་གྲོལ། དགོང་ཐུག་བཞེས་ལ་ཡོན་རྒྱག་བཅའ་འདོན་དང་བློ་འཛིན་བྱེད། ལུས་སྦྱིན་བསྔོ་སྨོན་དང་བྱམས་མ་སྟག་ལ་བདུད་ཟློག་ཚེ་སྒྲུབ་བར་ཆད་ལམ་སེལ་དང་མཉམ་བཞག་གསང་མཚམས་གཅོད།  

འབུམ་དགུ་བསགས་སྦྱང་དང་དངོས་གཞི་རྩ་གཅོད་རིགས་དྲུག་རང་སྦྱོང་རྩ་རླུང་མུན་མཚམས་སོགས་ལ་དམིགས་བསལ་ཡོད།  དེ་ལྟར་གྱི་མདོ་སྔགས་རྫོགས་པ་ཆེན་པོའི་གཞུང་དོན་ལ་ཐོས་བསམ་བྱེད་པའི་གཞི་རྟེན་ལ་མེད་དུ་མི་རུང་བ་དད་པ་བརྩོན་འགྲུས་དང་ཤེས་རབ་ལྡན་པ་ཞིག་དགོས་ཏེ།  ཐོག་མར་བླ་མ་དང་གདམས་ངག་ལ་དད་པ་ཆེ་བ་ཞིག་དགོས་ཤིང་།  དེ་མེད་ན་སྐྱུག་ནད་ཅན་ལ་ཟས་བསྟན་པ་དང་འདྲ་བས་མོས་པས་དང་དུ་མི་ལེན་ནོ།  དེ་ནས་ཐོས་བསམ་ལ་དགའ་བཞིན་སྤྲོ་བཞིན་འཇུག་པའི་བརྩོན་འགྲུས་ཤིག་དགོས་ལ།  དེ་མེད་ན་བ་གླང་ཉལ་ཉལ་དུ་བསྡད་ན་རྩྭ་གནམ་ནས་ཁར་བབ་དུས་མི་སྲིད་པ་བཞིན་ཡོན་ཏན་མི་ཡོང་།  དེ་ནས་མི་གཞི་ལ་ཤེས་རབ་གསལ་བ་ཞིག་དགོས།  དེ་མེད་ན་མིག་མི་གསལ་བ་ལ་ལྟད་མོ་སྟོན་པ་དང་རྐང་ལག་མ་བདེ་བར་བྲོ་བསླབ་པ་བཞིན་ཚུལ་བཞིན་མི་ཤེས་ལ་འོན་ཀྱང་དོན་གཉེར་ཆེན་པོ་ཞིག་ཡོད་ན་རྒན་མོ་ལ་སོ་མེད་ཀྱང་རྙིལ་གྱིས་ཟ་བའི་དཔེ་བཞིན་བློ་སྐྱེད་འདོན་རྒྱུ་མེད་པ་ཞིག་མི་སྲིད་དེ།  མདོ་ལས།  གང་དག་གང་ལ་གང་མོས་ཤིང་།  དེ་དག་དེ་ལ་འདུན་བྱེད་པས།  དེ་ཡི་ཡོན་ཏན་མྱུར་དུ་ཐོབ།  ཅེས་གསུངས་སོ།  དེ་ལྟར་མདོ་ལམ་གྱི་གཞི་བཏིང་།  གསང་སྔགས་ཀྱི་གཞུང་བསྲངས།  རྫོགས་ཆེན་གྱི་མཐར་བསྐྱལ་ནས་སྒྲུབ་རྒྱུད་གོང་མའི་ཕྱག་ལེན་གཙང་མ་ལ་བསླབ་དགོས་ཏེ།  ཚོགས་བཤད་ལས་ལམ་གྱི་འཇུག་སྒོ་མདོ་སྔགས་བླ་མེད་གསུམ།  སྐས་བཞིན་རིམ་པར་ཞུགས་ཤིང་བཙུན་པ་རྣམས།  ཅེས་གསུངས་སོ།  བཞི་པ་མཐའ་སྒོམ་སྒྲུབ་ཚད་ལྡན་གྱི་བསྡུ་ཚུལ་ལའང་།  རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས།  བར་དུ་ཚིག་མང་ཤེས་ན་བསླབ་མི་འཚལ།  ཚིག་མང་ཤེས་ནས་ཚིག་ཕྱིར་འབྲེང་བ་ནི།  བཅོལ་མེད་རིན་ཆེན་གླིང་དུ་ཕྱིན་པ་འདྲ།  གཅིག་བས་གཅིག་ལེགས་གཅིག་མཆན་གཅིག་སྣང་ལས།  གང་དུ་བླང་ཞིང་དོར་བའི་རྒྱུ་མ་མཆིས།  ཞེས་དང་།  ཐ་མར་ཤེས་པས་མི་ཆོག་ཤིན་ཏུ་སྒྲུབ་པར་གཅེས་ཤེས་ཤིང་བོན་ལ་བཙལ་བར་མི་བསྒྲུབས་ན།  རིན་ཆེན་རྙེད་ནས་ལམ་དུ་སྟོར་བ་འདྲ།  ཞེས་གསུངས་པས།  དེས་ན་བོན་འཇིག་རྟེན་གཉིས་ལ་བོན་གཙོ།  ཚེ་འདི་བས་ཕྱི་མ་གཙོ།  བཤད་པ་བས་སྒྲུབ་པ་གཙོ་བས་ད་ནི་གཙོ་བོ་གང་ཡིན་པ་དེ་ལ་འཇུག་དགོས་ཏེ།  སྒོམ་འབར་གྱི་ཞལ་ནས།  འོ་ཅག་བོན་མ་ཐོས་པས་སངས་མ་རྒྱས་པ་མིན།  བོན་ཐོས་ནས་ཉམས་སུ་མ་བླངས་པས་སངས་མ་རྒྱས་པ་ཡིན།  ཞེས་གསུངས་པས།  ཐོས་དོན་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པ་གལ་ཆེ་ཏེ།  དཔེར་ན་ལམ་རྒྱུས་ཤེས་པས་མི་ཕན་བགྲོད་དགོས་པ་དང་།  ནད་ཀྱི་གདུང་བའི་གང་ཟག་ལ་སྨན་ཡིག་ཀློག་པས་མི་སོས་སྨན་དཔྱད་དངོས་སུ་བསྟེན་དགོས་པ་དང་།  ལྟོགས་སྐོམ་ནད་ཀྱིས་མནར་བའི་མི་ལ་བཟའ་བཏུང་གོ་བས་མི་ཆོག་ཟ་དགོས་པ་ལྟར།  བོན་ཤེས་པས་མི་ཕན་སྒོམ་སྒྲུབ་ཉམས་ལེན་བྱེད་དགོས་ཏེ།  དགེ་སྤྱོད་མདོ་ལས།  བོན་ལ་ཤེས་པས་མི་ཕན་སྒྲུབ་པར་གཅེས།  ལམ་རྒྱུས་ཤེས་པས་མི་ཕན་བསྒྲོད་པ་དགོས།  ཞེས་དང་།  སུམ་བརྒྱ་པ་ལས།  གང་ཟག་ནད་ཀྱིས་གདུངས་ལ་སྨན་དང་དཔྱད།  ཅི་སྙེད་མཐའ་བསྐོར་བཀླགས་པས་སོས་མི་འགྱུར།  ཚིག་ལ་མཉན་བསམ་ཅི་སྙེད་བཤད་བྱས་ཀྱང་།  ཉོན་མོངས་ནད་ལས་ཡོངས་སུ་གྲོལ་མི་འགྱུར།  སྨན་དཔྱད་དངོས་སུ་བྱས་ན་ཕན་པ་བཞིན།  གཉེན་པོ་ནན་ཏན་བསྟན་ན་གྲོལ་བར་འགྱུར།  བུ་རམ་མངར་བའི་རོ་མཆོག་ཐོས་པ་དང་།  ལག་ཏུ་བླངས་པས་མ་ཡིན་ཟོས་ན་མྱོང་།  དེ་བཞིན་ཉིད་ཀྱི་སྙིང་པོ་མཉན་པ་དང་།  བསམ་པའི་མ་ཡིན་བསྒོམས་ན་མངོན་དུ་གྱུར།  རང་གཞན་དོན་རྣམས་མྱུར་དུ་འགྲུབ་འདོད་ན།  སྒྲུབ་པ་ལྷུར་བླང་སྙིང་པོར་འབད་པར་བྱ།  ཞེས་གསུངས་པས།  སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་།  རྒྱུ་འབྲས་མན་ངག་བདུན་དང་།  བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་དཔྱད་འཇོག་གི་བློ་སྦྱོང་དང་།  དེ་ནས་སྒོམ་བཟླ་ཟུང་འཇུག་གི་སྒོ་ནས་འབུམ་དགུ་བསགས་སྦྱོང་ལ་འབད་པ་དང་།  དངོས་གཞི་སེམས་དོན་ལ་དཔྱད་འཇོག་རེས་མོས་བྱེད་ནས་སྒོམ་དགོས་ཏེ།  སུམ་བརྒྱ་པ་ལས།  བདག་མེད་མཐོང་ནས་སྒོམས་པ་བསྐྱེད་ཕྱིར་དུ།  སྣང་མེད་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་།  སྣང་བཅས་སྒྱུ་མ་ལྟ་བུའི་སྟོང་པ་ཉིད།  དཔྱད་འཇོག་རེས་མོས་སྤེལ་ལ་བསྒོམ་པར་བྱ།  ཞེས་སོ།  དེ་ནས་ཕྱི་ནང་གི་འཁོར་འདས་རུ་ཤན་དང་།  རིགས་དྲུག་རང་སྦྱོང་།  ཐབས་ལམ་གྱི་རྩ་བ་རྩ་རླུང་དང་སྤྱོད་པ་སྒྱུ་མ་གཉིད་ལམ་འོད་གསལ་དང་།  བར་དོ་འཕོ་བ་བཅས་དང་།  ཁྱད་པར་རྣལ་དབབ་སོར་གཞུག་མུན་མཚམས་ཐོད་བརྒལ་སོགས་དང་།  དེ་བཞིན་ཡི་དམ་བསྙེན་སྒྲུབ་ལ་བརྩོན་དགོས།  དེ་ལྟར་ཐོས་བསམ་བསྒོམ་སྒྲུབ་བྱས་པའི་འབྲས་རྟགས་ལ་ཐོས་རྟགས་ཞི་ཞིང་དུལ་བ་དང་།  བསྒོམ་རྟགས་ཉོན་མོངས་ཆུང་བ་ཟེར་བ་བཞིན་ལམ་གྱི་ཡོན་ཏན་འཁོར་བ་ཞེན་ལོག  །ཐར་པ་ལ་ངེས་འབྱུང་།  དཀོན་མཆོག་ལ་དད་པ་དགེ་སྦྱོར་ལ་བརྩོན་འགྲུས་སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ་ཞིག་དགོས་ཏེ།  ཡན་ལག་བཞི་ལྡན་སྐང་བ་ལས།  བདག་ནི་དྲིན་ཆེན་བླ་མའི་དྲིན།  གཡུང་དྲུང་བོན་སྒོར་ཞུགས་ལགས་ཏེ།  རྒྱུད་ལ་སྐྱོ་ཤེས་ངེས་འབྱུང་དང་།  ཞེན་ལོག་དད་བརྩོན་བྱམས་སྙིང་ཆུང་།  དེ་དག་རྒྱུད་ལ་སྐྱེ་མཛད་གསོལ།  ཞེས་དང་།  མཛོད་བསྟོད་ལས།  རིག་གཞུང་རྣམ་གྲངས་མང་པོ་མི་ཤེས་ཤིང་།  མཁས་པའི་ཚོགས་སུ་གྲྭ་སྐོར་མ་ནུས་ཀྱང་།  ལམ་གྱི་གནད་ལ་ཐོས་བསམ་གཏིང་ཚུགས་པ།  དེ་འདྲ་མཁས་པ་ཀུན་གྱི་ཡང་རྩེ་ཡིན།  ལོ་མང་བསྒྲུབ་པའི་ཕོ་ཟོ་མ་བྱས་ཤིང་།  བཟླས་བརྗོད་གྲངས་མང་ངོམས་སུ་མེད་ན་ཡང་།  རང་རྒྱུད་འདུལ་བའི་ཉམས་ལེན་སུས་ཤེས་པ།  དེ་ཡང་གྲུབ་པ་སྟོང་གི་སྤྱི་ཕུད་ཡིན།  ཞེས་གསུངས་སོ།  གཞན་ཡང་འདི་ན་ཁ་ཤོས་སྣ་ཤོ་འཕྱ་བ་བཞིན་གྱུར་ཀྱང་ཁྱིམ་སྤངས་རབ་བྱུང་ཕལ་ཆེ་བ་ནི་སོ་ནམ་བྱས་ན་སྐྱ་བོ།  དཀོར་ཟས་མཐོང་ན་གྲྭ་པ།  ཐན་བྱ་མ་བྱི་ཡི་རྣམ་པ་བཞིན་སྟོན་མཁན་མང་སྟེ།  ཀུན་མཁྱེན་ཤར་རྫ་པའི་ཞལ་ལས།  དེ་མིན་ལུས་སེར་ཙམ་གྱི་བཙུན་གཟུགས།  འདུག་པའི་གནས་ནི་མི་ནག་ཁང་ཁྱིམ།  བཟའ་བའི་ཟས་ནི་གཤིན་ཟས་དཀོར་ཟས།  འགྲོགས་པའི་གྲོགས་ནི་མི་སྐྱ་ཕོ་མོ།  བྱེད་པའི་ལས་ནི་འཁོར་བའི་སོ་ནམ།  རྒྱབ་ཏུ་བསྒྱུར་རྒྱུ་གྱེར་དབྱངས་རྡུང་གསུམ།  དང་དུ་ལེན་རྒྱུ་མནའ་སྡིག་ཁྲེལ་གསུམ།  ཡང་ཡང་བསམ་རྒྱུ་གཞོན་ནུའི་སྐྱེ་མཆེད།  ཕར་ཕར་བརྗེད་རྒྱུ་བླ་མའི་གདམས་ངག  །ངོ་འཛུམ་གཡོ་ས་འཇིག་རྟེན་མི་མོ།  སྡང་མིག་བྱེད་ས་དམ་པའི་རྗེས་འཛིན།  ནོར་དང་ཐུག་ན་རང་སྲོག་འཕང་མེད།  ཆོས་དང་ཐུག་ན་རྒྱང་ནས་བྱོལ་བ།  དེ་འདྲའི་སེར་གཟུགས་དམ་འགོང་མངོན་རྒྱུགས།  གསོན་ན་མི་ཡིན་ཤི་ན་འདྲེ་ཡིན།  ཞེས་གསུངས།  ཡང་ཁ་ཅིག་བཤད་སྒྲུབ་གང་རུང་དུ་ཞུགས་ནས་ཐོས་བསམ་སྒོམ་པ་ལ་བརྩོན་ཁུལ་བྱས་ཀྱང་མཐར་ལམ་གྱི་ཡོན་ཏན་གང་ཡང་མ་སྐྱེས་ཤིང་མ་ཚད་རང་རྒྱུད་ལ་ལྷན་སྐྱེས་སུ་མངའ་བའི་མི་གཞི་བཟང་བ།  གཞུང་དྲང་བ།  ཕྲག་དོག་དང་ཉོན་མོངས་ཆུང་བ་སོགས་ལས་ལྡོག་སྟེ།  ཁ་ཕྱིར་བལྟས་ཀྱིས་ཅུང་ཙམ་ཤེས་ཀྱང་།  ང་རྒྱལ་ཇེ་ཆེ།  སེམས་རྒྱུད་ཇེ་དྲེད།  འདོད་པ་ཇེ་ཆེ།  དགོས་རྒྱུ་ཇེ་མང་ལ་སོང་སྟེ་ལྟ་སྤྱོད་མཐུན་པའི་གྲོགས་ཨོ་ཟོབ་ཅན་དང་།  གོས་མཛེས་བཀྲག་ཅན།  ཟས་རོ་མཆོག་ཅན་ལ་ཆགས་པ་རྣམས་ནི་མིང་ལ་དགེ་རྒན་དོན་ལ་སྡིག་རྒན་དུ་གྱུར་པས་ཐོས་བསམ་སློབ་གཉེར་བྱས་པའི་དོན་གོ་དང་བྲལ་བ་དང་།  དེང་སང་མིང་ལ་མཐུན་རྐྱེན་ཟེར་ཡང་དོན་ལ་བོན་སྤྱོད་ཉམས་བྱེད་འཇིག་རྟེན་གྱི་ནོར་ལོངས་སྤྱོད་ཀྱི་ཆེད་དུ་ཚོང་དང་གསོག་འཇོག་ལ་འབད་པ་ཐམས་ཅད་ཐོས་བསམ་སློབ་གཉེར་ལ་འདུན་པ་མེད་ཅིང་སྔར་ཅུང་ཟད་ཡོད་པའང་རིམ་གྱིས་འཇའ་ཡལ་བ་བཞིན་གྱུར་ལ།  རྒྱལ་འཕགས་རིག་འཛིན་གོང་མ་རྣམས་ཟང་ཟིང་གི་མཆོད་པ་ལ་མི་མཉེས་ཤིང་སྒྲུབ་པའི་མཆོད་པ་ལ་མཉེས་པས།  འདོད་ཆུང་ཆོག་ཤེས་དང་།  བྱ་བྲལ་གཉོམ་ཆུང་གི་ཐོག་ནས་བཤད་སྒྲུབ་སྒོམ་གསུམ་གྱི་སྒོ་རུ་ཞུགས་ཏེ།  མི་རེ་རེས་ཚེ་འདི་བློས་བཏང་ནས་ཕྱི་མའི་དགེ་སྦྱོར་ལ་བརྩོན་ཐུབ་ན་གསེར་གྱི་མཆོད་རྟེན་བརྒྱ་བཞེངས་པའི་དོ་ཟླ་མེད་ལ།  ལས་སུ་བྱ་བའི་སྙིང་པོ་མ་ནོར་བ་ཡིན་ཞེས་སྔོན་བྱོན་མཁས་གྲུབ་གོང་མས་མགྲིན་གཅིག་ཏུ་གསུངས་སོ།  ད་ནི་ཡོངས་འཛིན་མཆོག་གི་བཀའ་འགྲེལ་གསལ་བྱེད་ལས།  འོན་ཀྱང་དེང་དུས་གསང་བའི་དོན་གོ་ནི།  གྱེར་དབྱངས་ཟས་ནོར་སྙན་པ་སྡུད་བྱེད་ཀྱི།  ཆ་ལག་འགངས་ཆེན་ཞིག་ཏུ་འཛིན་པའི་སྐབས།  འབད་པས་བྲིས་འདིར་དགོས་པ་ཆེ་སྙམ་མེད།  ཅེས་དང་།  དམ་ཚིག་ཐིག་ལེའི་འགྲེལ་ལས།  གསང་བའི་རྒྱུད་སྡེ་གཡོ་མེད་རྒྱ་ཡིས་བཏབ།  གསང་སྔགས་དོན་ནི་གཏོར་བཟོ་གྱེར་དུ་བཟུང་།  གསང་སྔགས་འཆང་ཞེས་དམ་ལོག་འཆལ་སྤྱོད་བཀུར།  གསང་ཆེན་བསྟན་པ་ཉམས་པའི་ཚུལ་འདི་སྐྱོ།  ཞེས་གསུངས་པས།  བོན་གྱི་གཟུགས་བརྙན་བསྐྱེད་རྫོགས་མེད་པའི་རྔ་རོལ་གྱི་སྒྲུབ་ཕྲིན།  ཟ་རྔམ་ཆེ་བའི་གྲགས་འདོད་ཀྱི་རྟེན་བཞེངས།  རྒྱུད་ལ་མི་ཕན་ཕྱི་ལྟས་ཀྱི་སློབ་གཉེར།  རྒྱུ་མཚན་མི་ཤེས་གཡམ་རྒྱུགས་ཀྱི་གནས་སྐོར།  ཀུན་སློང་མ་དག་ཨོ་ཟོབ་ཀྱི་འདུ་འཚོགས།  བསྟན་ལ་ཁ་གཡར་ཟ་རྔམ་གྱི་ལྡོམ་བུ།  རྨོངས་པ་མགོ་སྐོར་སྨྱོ་སྤྱོད་ཀྱི་འགྲོ་དོན།  རང་ཚོད་མི་ཐེག་ཟ་འདོད་ཀྱི་མངོན་ཤེས།  དུག་ཆུས་སྨྱོས་སྐབས་སྐྱེ་བོ་མི་དགེ་སེམས།  ནང་ཁྲིམས་མེད་པའི་ཕྱི་ཚུལ་གྱི་བཙུན་པ།  འདི་ཕྱི་གཉིས་མེད་མགོ་རིལ་གྱི་དགེ་མ།  ཐོས་བསམ་མེད་པའི་བླུན་རྨོངས་ཀྱི་སྒོམ་ཆེན།  བསྟན་དོན་མི་སེམས་རིགས་རུས་ཀྱི་བླ་སྤྲུལ།  ཉམས་ལེན་མི་བྱ་ཁ་བཤད་ཀྱི་དགེ་བཤེས།  དཀོར་ནག་གིས་རྒྱགས་ཆེ་དྲེགས་ཀྱི་བླ་ཚུགས།  གཡོ་སྒྱུ་ཐབས་མཁས་མགོ་སྐོར་གྱི་གྲུབ་ཐོབ།  མི་གཙང་འདམ་ལྷུང་འཆལ་སྤྱོད་ཀྱི་སྔགས་པ།  དེ་ཙམ་ལ་དགེ་སྦྱོར་དང་བསྟན་པ་འཛིན་སྐྱོང་སྤེལ་བར་རློམ་པའི་རང་བཟོའི་ལུགས་ངན་ཐམས་ཅད་ཕྱི་ལ་དོར་ནས།  སྒྲུབ་རྒྱུད་བསྟན་པའི་བཀའ་སྲོལ་དྲི་མ་མེད་པ།  བློ་མཚན་ལྡན་བླ་མ་ལ་གཏད།  རྟེན་ཚུལ་ཁྲིམས་རྣམ་དག་གིས་བསྡམ།  ཁོག་ཐོས་བསམ་ཡང་དག་གིས་དབུབ།  མཐའ་སྒོམ་སྒྲུབ་ཚད་ལྡན་གྱིས་བསྡུ་ཞིང་།  ཁྱད་པར་རྗེས་འཇུག་གི་བཅའ་བ་ལ་སྡོམ་གསུམ་ཡར་ལྡན་དུ་བསླབ་པ་དང་།  སྨིན་གྲོལ་གྱི་བཀའ་སྲོལ་ལ་མདོ་སྔགས་འགལ་མེད་དུ་སྤེལ་བ་དང་།  ཉམས་ལེན་གྱི་ཕྱག་ལེན་ལ་ལྟ་སྤྱོད་ཟུང་འབྲེལ་དུ་མཛད་པ་དང་།  འཇུག་ཚུལ་གྱི་རྗེས་བཞག་ལ་བཤད་སྒྲུབ་གཉིས་མཉམ་དུ་སྐྱོང་བ་འདི་ནི་དཔལ་ལྡན་རྒྱལ་བ་སྨན་རི་བ་དང་།  གྲུབ་དབང་འཇའ་ལུས་པ་ཆེན་པོའི་ཚང་ལ་མ་ནོར་བའི་ཕྱག་ལེན་རྨད་དུ་བྱུང་བ་ཡིན་པས།  རང་གིས་སྤྱོད་ཅིང་གཞན་ལ་སྤེལ་བ་རྣམས་ནི།  མཁས་པའི་ནང་ནས་མཁས་པ་ཕུགས་ཆོད།  བསྟན་འཛིན་ནང་ནས་བསྟན་འཛིན་རྣམ་དག  །བླ་མའི་ནང་ནས་བླ་མ་ཡང་རབ་ཡིན་པས་དེ་ལྟར་བརྩོན་པར་ཞུ།  གསུམ་པ་གྲུབ་དོན་གྱི་འབྲས་བུ་བསྟན་པ་ལའང་།  བྱམས་འབུམ་ལས།  གང་ཞིག་དམན་པའི་ཐེག་པ་ལ།  བསྐལ་པ་གསུམ་དུ་འབད་པ་བས།  བླ་མེད་ཐེག་པ་ཆེན་པོའི་ཕྱིར།  གོམ་གསུམ་བོར་བའི་བསོད་ནམས་ཆེ།  དྲན་པས་ངན་སོང་སྒོ་ཁེགས་ཤིང་།  སྐད་ཅིག་བསྒོམས་པས་མི་ལུས་ཐོབ།  ཡང་དག་དོན་ལ་གནས་གྱུར་ན།  ཚེ་འདི་ཉིད་ལ་སེམས་དཔར་འགྱུར།  ཞེས་གསུངས་པས་ཆགས་སྡང་འཁྲུགས་པའི་གནས་ངན་གྲོང་ནག་ཏུ་བསྐལ་ཆེན་གསུམ་དུ་དགེ་ལ་འབད་པ་བས།  བླ་མེད་ཐེག་ཆེན་བོན་རྣམས་ཉམས་སུ་ལེན་ཕྱིར་སྒྲུབ་རྒྱུད་བསྟན་པའི་སྒོ་རུ་འཇུག་བསམ་ནས་གྲོང་ལས་དགོན་པའི་ཕྱོགས་སུ་གོམ་པ་གསུམ་སྤོས་ན་བསོད་ནམས་ཆེ་བར་གསུངས་པ་དང་།  བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་གང་དུ་ཡོད་ན་དགོན་པའི་མཚན་ཉིད་ཚང་ཞིང་འདུས་སྡེ་དེར་ཞུགས་པ་རྣམས་རབ་བྱུང་ཞེས་པ་མིང་དོན་མཚུངས་པ་ཆགས་ནས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་རྒྱས་ཡུན་རིང་དུ་གནས་པའི་བདག་རྐྱེན་དུ་འགྱུར་བ་དང་།  རང་བཟོ་དང་ཕོ་ཚོད་མི་ཆོས་དབང་གིས་བསྟན་པ་ལ་རྨ་འབྱིན་པའི་སྲོལ་ངན་ལས་ལྡོག་ཅིང་།  དམ་པ་གོང་མའི་མཛད་སྲོལ་ཉམས་པ་སོར་ཆུད་ཅིང་མ་ཉམས་གོང་འཕེལ་ཡོང་བ་དང་།  རང་ངོས་ནས་དགེ་འདུན་གྱི་ལྷ་གྲལ་ཟིན་པས་ཚུལ་ཁྲིམས་གཙང་ཞིང་གཟི་བྱིན་ཆེ་བ་དང་།  ཐོས་བསམ་གྱི་ཡོན་ཏན་འཕེལ་ནས་རྣམ་དཔྱོད་ཀྱི་རིག་པ་གསལ་བ་དང་ལྷ་མི་ཀུན་གྱི་མཆོད་གནས་སུ་གྱུར་པའི་གྲགས་སྙན་མཐོ་བ་དང་།  ལྷ་འདྲེ་ཀུན་ལ་བཀའ་བཙན་ཞིང་བོན་སྐྱོང་བསྟན་སྲུང་རྣམས་ཀྱིས་སྡོང་གྲོགས་བྱེད་པ་དང་།  ཚེ་བསོད་དབང་ཐང་འཕེལ་ཞིང་མཁས་བཙུན་བཟང་གསུམ་འཛོམས་པས་བསྟན་འགྲོའི་དོན་ཆེན་ནུས་པ་དང་།  གཞན་ངོས་ནས་རྒྱལ་ཁམས་བདེ་ཞིང་སྐྱིད་པ་དང་།  ཕྱི་ནང་གི་ལྟོས་བཅས་ཐམས་ཅད་བློ་ཁ་བོན་ལ་ཕྱོགས་ཤིང་བསྟན་པའི་སྒོ་རུ་ཚུད་དེ་མཐར་ཐུག་རང་གཞན་ཀུན་གྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ནས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མངོན་དུ་ཐོབ་པ་ཡིན་ཏེ།  བཀའ་ལུང་རྒྱ་མཚོ་ལས།  རྒྱལ་བའི་བསྟན་ལ་མོས་དང་ཐོས་ཡི་རང་།  ཅུང་ཟད་སྤྱད་ཀྱང་ཐར་པའི་རྒྱུར་འགྱུར་ན།  དྲི་མེད་ལུང་གི་དགོངས་དོན་མ་ནོར་བའི།  ལམ་འདིར་ཞུགས་རྣམས་ཐར་པ་སྨོས་ཀྱི་འཚལ།  ཞེས་གསུངས།  ཁྱད་པར་བཤད་སྒྲུབ་ཀྱི་བསྟན་པ་འདི་ནི་སྔོན་བྱོན་མཁས་གྲུབ་གོང་མའི་ཉམས་རྟོགས་ཀྱི་མ་ཡུམ།  ཕྱིས་འབྱུང་བསྟན་འཛིན་སྐྱེས་བུ་སྐྱེད་སྲིང་གི་ཞིང་ས།  ད་ལྟའི་རྒྱལ་བསྟན་རྣམ་དག་སྒྲུབ་ཐབས་ཀྱི་བྱི་དོར།  འགྲོ་ལ་ཕན་བདེའི་ལམ་བཟང་གསལ་སྟོན་གྱི་སྒྲོན་མེ།  མྱང་འདས་རིན་ཆེན་ཁྲི་ལ་བདེར་འཛེག་གི་ཐེམ་སྐས།  བསྟན་པ་རིན་ཆེན་མྱུ་གུ་རྒྱུན་སྲིང་གི་དྲོད་གཤེར།  སྐལ་བཟང་བློ་གསལ་བུང་བ་འཁོར་རྟེན་གྱི་མེ་ཏོག་ངོ་མ་ནི་བཤད་སྒྲུབ་འདུས་སྡེ་འདི་ཡིན་ལ།  དགོན་པའི་ནང་དུ་གཙོ་བོ་སྤོང་ཀློག་གམ་བཤད་སྒྲུབ་གཉིས་ཀྱི་བྱ་བ་དེ་མེད་ན།  སྐུ་གསུང་ཐུགས་རྟེན་ལྷ་ཁང་རྟེན་བཞེངས་ཙམ་དང་།  བཅའ་འདོན་གྱེར་རྒྱུ་ཙམ་ནི་འབྱོར་ལྡན་གྱི་ཕྱུག་པོ་དང་།  དབང་ལྡན་གྱི་དཔོན་པོ།  དད་ལྡན་གྱི་མི་སྐྱ་སུ་ཡིན་ཀྱང་ཚིགས་མེད་དུ་སྒྲུབ་ཆོགས་པས་དགོན་པ་བཞེངས་དགོས་དོན་གང་ཡང་མི་འདུག་གོ  །དེ་བཞིན་དགོན་དུ་ལས་ལ་བྱོལ་པའི་མི་ཡན་དང་།  ལས་འགུལ་ལ་ཤུགས་རྫོགས་ཟིན་པའི་རྒས་འཁོགས་དང་།  ཐོས་བསམ་སྒོམ་པ་གང་ཡང་མི་ནུས་པའི་བླ་མ་གྲྭ་པ་འགའ་ཤས་ཀྱི་འཚོ་བ་བསྐྱལ་བའི་གནས་གཞི་ཕ་གཞིས་ལྟ་བུ་བཟུང་ནས་བསྡད་ན་འཁོར་བ་པ་དང་ཁྱད་མེད་པས།  ད་ནི་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་མཁན་བླ་སྤྲུལ་དགེ་འདུན་ཀུན་གྱིས་དང་པོ་ནང་བསྟན་ཞེས་པ་ཅི་ཞིག་ལ་ཟེར་བ་དེ་ངོས་ཟིན་དགོས་ཏེ།  ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས།  སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་དེ་གཡུང་དྲུང་བོན་གྱི་མཚན་ཉིད།  ཅེས་གསུངས།  དེ་ལ་དབྱེ་ན་ལུང་གི་བོན་དང་རྟོགས་པའི་བོན་གཉིས་སུ་ཡོད་པ་དེ་ཡི་རྒྱུད་འཛིན་དང་དར་སྤེལ་བྱེད་ནའང་བཤད་སྒྲུབ་གཉིས་ཀྱིས་བྱེད་དགོས་ཀྱི་དེ་ལས་གཞན་པའི་བྱེད་ཚུལ་གང་ཡང་མེད་པས་ཀུན་གྱིས་ཐུགས་ལ་འཆང་བར་ཞུ།  སྨྲས་པ།  འདི་ན་དབང་འབྱོར་གཉིས་ལྡན་ཆེ་རྩོམ་མིན།  ཚིག་སྦྱོར་ཕུན་སུམ་ཚོགས་པའི་མཁས་རྩོམ་མིན།  ཉོན་མོངས་རུ་ང་ཆེ་བའི་འགྲན་རྩོམ་མིན།  གྲགས་འདོད་རང་མཚང་སྟོན་པའི་བླུན་རྩོམ་མིན།  བླ་མའི་བཀའ་དང་སློབ་མའི་རེ་བ་སོགས།  གཞན་བསྐུལ་མ་ཡིན་མཉམ་མེད་བླ་མ་ཡི།  བསྟན་ལ་ལྷག་བསམ་ཟོལ་མེད་དཀར་བའི་མདངས།  ཕྱི་རུ་འཕོས་པའི་གཟུགས་བརྙན་སྟོང་ཙམ་ཡིན།  རྣམ་དཔྱོད་སྒྲོན་མེ་ཕྲ་བས་འཇུག་ངོགས་ལམ།  ལོག་པར་སྟོན་གང་སྟོབས་བཞིས་སྙིང་ནས་འཆགས།  དགེ་ཙམ་མཆིས་ན་མཁའ་ཁྱབ་དྲིན་ཆེན་མ།  ཀུན་བཟང་གདོད་མའི་རྒྱལ་སར་སླར་ཕྱིན་བསྔོ།  སྐུ་རྒྱན་ཞི་དུལ་ཡིན་ཀྱི་གྲི་རིང་མིན།  མགུལ་རྒྱན་ལེགས་བཤད་ཡིན་གྱི་གཟི་བྱུར་མིན།  ཐུག་རྒྱན་གཞན་ཕན་ཡིན་གྱི་གའུ་མིན།  གསང་གསུམ་མཛེས་པའི་རྒྱན་གྱིས་གང་བར་ཤོག  །མི་ཚེ་ཧྲིལ་པོར་མི་རྟག་སྒྱུ་མའི་རྫས།  སྡུད་སླད་ཆིབས་ཀྱི་གོམ་འགྲོས་རླུང་བས་ཀྱང་།  མགྱོགས་པར་བསྐྱོད་པའི་ལྔ་སྙིགས་འགྲོ་འདྲེན་ལས།  བརྒལ་ནས་འདོད་ཆུང་ཆོག་ཤེས་ངང་གནས་ཤོག  །ཉིན་ལྟར་གྲངས་བཅས་མཁའ་ཁྱབ་སེམས་ཅན་གྱི།  དོན་དུ་ཟེར་ཞིང་རང་དོན་ཕུགས་བཅུག་སྟེ།  ཁ་ཚིག་དོན་འགལ་སྨྱོན་པའི་མཛད་སྤྱོད་ལ།  མི་མཐུན་ཞེན་པ་གཏིང་ནས་ལོག་པར་ཤོག  །གདོད་ནས་སྟོང་ཆེན་དག་པའི་མེ་ལོང་ནང་།  མེད་བཞིན་མ་འགག་ཤར་བ་རྒྱུ་འབྲས་གཤིས།  འཆར་འདི་རྟེན་འབྱུང་བསླུ་མེད་བོན་ཉིད་ལ།  ངེས་ཤེས་ཡིད་ཆེས་མངོན་དུ་སྐྱེ་ནུས་ཤོག  །རྣམ་འདྲེན་བླ་མ་ཤེས་རབ་དགེ་ལེགས་ཀྱི།  རྨད་འབྱུང་ཐུགས་བསྐྱེད་རོལ་མཚོ་ལས་བལྟམས་པའི།  གཡུང་དྲུང་བསྟན་གླིང་གསེར་རི་ལྷུན་པོ་ལ།  མདོ་སྔགས་བཤད་སྒྲུབ་ཉི་ཟླ་ནུབ་མེད་ཤོག  །ཅེས་པ་འདི་ནི་ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་ཨ་ཤག་མཁན་མིང་རྒྱ་མཚོ་ནོར་བུའམ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱིས་སྤྱི་ལོ་ ༢༠༠༣ ལོའི་ཧོར་ཟླ་  པའི་ཚེ་ ༣༠ ཉིན་མཇུག་རྫོགས་པར་བྲིས་པའི་དགེ་དེས་བཤད་སྒྲུབ་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག