༧ སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༢༦ལོར་ཞང་ཞུང་སྒོ་པ་ཁྱུང་ཡུལ་དུ་སྐུ་འཁྲུངས་ཤིང་།དགུང་ལོ་བརྒྱད་ཙམ་ནས་ཁྱུང་པོ་སྟེང་ཆེན་དགོན་དུ་ཨ་ཁུའི་མདུན་ནས་ཡི་གེ་འབྲི་ཀློག་སྦྱངས།དགུང་ལོ་བཅུ་གཅིག་ཐོག་ཞང་པོ་ལྡོང་མདོ་ཚང་ནང་ལྷ་བྲིས་སྦྱངས། དགུང་ལོ་བཅོ་ལྔ་བཞེས་ཚེ་གཡུང་དྲུང་གླིང་ལ་ལྷ་འབྲི་མཁན་ཕེབས། ལས་དོན་ཞོར་དུ་ཚ་རོང་དཔོན་སློབ་དང་། དགེ་སློང་ཤེས་རབ་ཚུལ་ཁྲིམ་གནམ་གཉིས་ཀྱི་དྲུང་ནས་དབང་ལུང་ཁྲིད་སོགས་གསན་པ་དང་། སློབ་དཔོན་ཡོན་ཏན་རྒྱ་མཚོའི་མདུན་ནས་ཁ་དོག་དཀར་དམར་སོགས་རིག་ལམ་ལ་བྱང་བར་མཛད། དགུང་ལོ་བཅུ་བདུན་༡༩༤༢ཐོག་གྲྭ་ས་སྨན་རིར་ཕེབས་ཏེ་གཙང་གཙུག་གི་སྡོམ་ཁྲིམས་བཞེས། དགུང་ལོ་བཅུ་དགུའི་༡༩༤༤ཐོག་གྱེར་མཚོའི་དོ་རུ་ཕེབས་ཏེ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་མདུན་ནས་ལོ་ལྔ་ཙམ་གྱི་རིང་ལ་རིག་གནས་དང་དབང་ལུང་ཁྲིད་གསུམ་མང་དུ་ཞུས། ༡༩༤༨ལོར་སྨན་རིར་ཕེབས་ཏེ་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་ཞུགས། དགུང་ལོ་ཉེར་བདུན་༡༩༥༢ཐོག་དགེ་བཤེས་ཀྱི་མཚན་རྟགས་བཞེས། དེ་ནས་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་བཞུགས་ཁྲིར་མངའ་གསོལ་ཏེ་སློབ་ཚོགས་བསྐྱངས། ༡༩༥༩ལོར་དུས་འགྱུར་སྐབས་ཕྱི་རུ་ཕེབས། ༡༩༦༧ལོར་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབ། ༡༩༦༩ལོར་སྨན་རིའི་མཁན་ཆེན་སོ་གསུམ་པ་ཁྲི་བསྐོས་མཛད་ཅིང་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ། ༡༩༧༨གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུག ༡༩༨༧བལ་ཡུལ་ཁྲི་བརྟན་ནོར་རྩེ་ཕྱག་བཏབ། ༡༩༩༤ལོར་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བལ་ཡུལ་དུ་གདན་དྲངས་ནས་རབ་གནས་མཛད་པ་དང་དགོན་འདིར་སྒྲུབ་གྲྭ་དང་བཤད་གྲྭ་གསར་དུ་བཙུག ནུབ་ཕྱོགས་ཧྥ་རན་སི་རུ་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་ནས་སྒྲུབ་གྲྭ་བཙུགས། གསུང་འབུམ་པོད་བཅུ་དྲུག་ལས་བརྒལ་བར་མཛད་དེ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་བཞུགས་ཡོད།། །།