མཚམས་སྦྱོར། གཙོ་ངོས།གཙོ་ངོས།མཚམས་སྦྱོར།མི་སྣ།

༧  རིག་འཛིན་དབལ་འབར་སྟག་སླག་ནི།

བོད་ལྗོངས་ཆབ་མདོ་ས་ཁུལ་ཁྱུང་པོ་ཁོག་ཏུ་ཡབ་སངས་གླིང་པདྨ་གར་དབང་དང་། ཡུམ་ཁྲོམ་བཟའ་ཨ་ཏིང་གཉིས་ཀྱི་སྲས་སུ་ཁྱུང་སེར་གྱི་གདུང་ལས་དུས་རབས་བཅུ་དགུ་པའི་ཆུ་སྦྲུལ་༼༡༨༣༣༽ལོ་ལ་སྐུ་འཁྲུངས།དགུང་ལོ་བདུན་གྱི་ཐོག་ལ་ཡབ་ཀྱི་དྲུང་ནས་ཡི་གེ་སློབ་པའི་དབུ་བཙུགས།དབེན་གནས་མནྜལ་རི་ཁྲོད་ལ་ཕེབས་ནས་མནྜལ་མཚམས་པ་རྣམ་གཉིས་ཀྱི་ནང་ཚན་མགྲོན་ཏོག་རྟོགས་ལྡན་བསོད་ནམས་རྒྱལ་མཚན་རྩ་བའི་བླ་མར་བསྟེན་ནས་སྔོན་འགྲོ་དངོས་གཞི་དང་ཕྱི་ནང་གསང་གསུམ་གྱི་ཁྲིད་ལུང་མང་པོ་ཞུས། དེ་བཞིན་དུ་མེ་སྟོན་ཉི་མ་རྒྱལ་མཚན་དང་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་བཅས་ལ་བླ་སློབ་ཀྱི་འབྲེལ་བ་བྱུང་ནས་ཁྲིད་ལུང་མང་དུ་ཞུས། ཁྱད་པར་དུ་མཁན་ཆེན་ཉི་མ་བསྟན་འཛིན་ཁྱུང་ཡུལ་དུ་ཐེངས་གཉིས་པ་ཕེབས་སྐབས།ཝ་རྫོང་ཁྱུང་ནག་ཕོ་བྲང་དུ་ཕུར་པའི་དབང་དང་སོ་ཐར་གྱི་སྡོམ་པ་ཞུས། མཁན་ཆེན་མཆོག་གིས་ཡིད་དམ་ཕུར་པ་བྱེད་དགོས་པའི་བཀའ་ལུང་གནང་།ཁོང་གི་གཏེར་ཤོག་སྤྱན་འབུལ་ཞུས་སྐབས།མཁན་ཆེན་ཉིད་ཀྱིས་རྨི་ལྟས་བཟང་བས་ཁྱེད་བོན་བསྟན་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་ཁྱད་པར་ཅན་ཞིག་རེད་གསུངས། འགྲོ་མགོན་ཤེས་རབ་གཡུང་དྲུང་ཁྱུང་པོ་ཁོག་ཏུ་ཕེབས་པ་དང་མཇལ་ནས་གསོལ་འདེབས་ཐུགས་རྗེས་མྱུར་གཟིགས་ཕུལ། ཁོང་གི་གཏེར་དང་སྙན་རྒྱུད་རང་རྩོམ་བཅས་ཀྱི་བོན་ཕུར་པའི་རྒྱུད་དགུ་དང་།ལྷ་རྒོད་ཐུགས་སྒྲུབ།དྲེགས་པ་སྤྱི་འདུལ་གྱི་སྒྲུབ་པ།སྟག་ལ་ཕུར་བུ་རྩེ་མེད།སྲིད་རྒྱལ་སྲོག་སྒྲུབ།དབལ་ཕུར་འབར་ནག དབལ་ཕུར་ནག་པོ་གསང་བ་ཐུགས་ཀྱི་བརྣག་པའི་སྒྲུབ་པ།ཡབ་སྲས་ཐུགས་སྒྲུབ།བྲག་བཙན་ཚོགས་འཁོར་མེ་རི་འཁྱིལ་པ།གྲགས་སེང་གི་སྒྲུབ་པ།དྲག་སྔགས་དབལ་མོ།ཀློང་རྒྱས་ཕྲིན་ལས་བཅོ་བརྒྱད་ཀྱི་སྤྱི་དོན།ཁྱུང་རབས་གསེར་སྒམ་མ་བཅས་པོད་བཅུ་ལྷག་ཙམ་ཡོད།བཞུགས་གནས་མང་ཆེ་བ་ཁྱུང་པོ་རི་བོ་རྩེ་དྲུག་དང་ཁྱུང་ནག་ཕོ་བྲང་གཉིས་ལ་མཛད། ཕྱིས་སུ་ཚ་བ་རོང་ལ་ཕེབས་ཏེ་མཐར་དགུང་ལོ་དྲུག་ཅུ་ཆུ་འབྲུག་སྟེ་སྤྱི་ལོ་༡༨༩༢ལོར་དགོངས་པ་བོན་དབྱིངས་སུ་གཤེགས།