མཚམས་སྦྱོར། གཙོ་ངོས།གཙོ་ངོས།མཚམས་སྦྱོར།མི་སྣ།

༧  རྗེ་མཉམ་མེད་ཆེན་པོ།

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་༡༣༥༦ལོར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རབ་བརྟན་རྒྱལ་པོའི་མངའ་ཁོངས་སུ་སྐུ་འཁྲུངས། ཡབ་ཀྱི་དྲུང་ནས་མོ་རྩིས་གཏོ་དཔྱད་སོགས་རྒྱུ་ཡི་བོན་གཞི་་གསན།  དགུང་གྲངས་བཅུ་བཞེས་ཏེ་༡༣༦༥ལོར་བཤེས་གཉེན་དམ་པ་ཕྱྭ་བླ་དྲང་སྲོང་གཡུང་དྲུང་རྒྱལ་མཚན་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ།དེ་ནས་རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁར་བྱོན་ཏེ་མཁན་གྲུབ་རིན་ཆེན་བློ་གྲོས་ཀྱི་མདུན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཞུས།     དགུང་གྲངས་སོ་གཅིག་བཞེས་ཏེ་༡༣༨༦ལོར་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྫོགས་པར་ཞུས་ཏེ་གཡས་རུ་དབེན་ས་ཁའི་འདུ་གནས་སུ་སྒྲིག་ཞུག་གནང་བ་དང་འདུས་གནས་དེར་མཆོག་ཉིད་ཟུར་བཤད་ཀྱི་མཁན་པོ་ཡང་མཛད། ༡༩༠༥ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་སྨན་རིའི་དགོན་སྡེ་ཕྱག་བཏབ་ཅིང་། ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་ཅུ་སོགས་རྫུ་འཕྲུལ་གྱི་མཐུ་ནུས་ལ་བརྟེན་ནས་སྐད་ཅིག་ཉིད་དུ་གྲུབ་པར་མཛད་ཅིང་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་སྒོམ་སྒྲུབ་མཛད་དེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བོན་གྱི་བསྟན་པའི་སྲོག་ཤིང་བཙུགས། རྗེ་ཉིད་ཀྱི་བུ་སློབ་སྟོང་ཕྲག་དུ་མ་ཡོད་པའི་ནང་ནས་འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་ཡངས་པའི་སྐྱེས་མཆོག་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། མངའ་རིས་བསོད་ནམས་རྒྱལ་མཚན།བྲུ་ཡི་གདུང་འཛིན་ཀུན་དགའ་དབང་ལྡན།ཤེས་རབ་སེང་གེ མེ་ཉག་བསོད་ནམས་རྒྱལ་མཚན་སོགས་བྱུང་།རྗེ་ཉིད་ཀྱི་གསུང་རྩོམ་སྐོར་འཕྲུལ་སྒྲོན་རྣམ་ལྔ་སྟེ།ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ།ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ།མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ།འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ།གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དང་།ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་ལྡེ་མིག ཁམས་བསྡུས་ཚིག་བཅད་མའི་འགྲེལ་བ། གསང་བའི་དམ་ཚིག་གི་རྣམ་འབྱེ་གསལ་བ་འོད་ཀྱི་རྒྱན། བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར།དབུ་མ་བདེན་གཉིས་ཀྱི་འགྲེལ་བ། ཚད་བསྡུས་ཤེས་བྱ་ཀུན་གསལ་བཅས་ཁྲིད་ཀྱི་སྐོར་དང་། དེ་བཞིན་དུ་འདུལ་བའི་ལས་ཆོག་དང། བསྟོད་ཚོགས་ཀྱི་སྐོར་དང་། སྒྲུབ་སྐོར། བསྐང་བ། ཕྱག་བཞེས། སྨོན་ལམ་གྱེར་དབྱངས། མངོན་རྟོགས། གསོལ་འདེབས་སོགས་གསུང་རྩོམ་དང་སྙན་རྒྱུད་བརྒྱད་ཅུ་གྱ་དྲུག་ལས་ལྷག་པ་ཡོད།མཐར་དགུང་གྲངས་དྲུག་ཅུ་བཞེས་ནས་ཤིང་ལུག་ཕྱི་ལོ་༡༤༡༥ལོའི་དབྱར་ཟླའི་ཐ་ཆུང་གི་ཚེས་བརྒྱད་ཉིན་སྐུ་ཞི་བའི་དབྱིངས་སུ་གཤེགས།