༧ གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་ནི།

     བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་བྱང་ནུབ།ཏི་རི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་ནས་བྱང་ནུབ་ཏུ་ལེ་དབར་ཉི་ཤུ་ཙམ་དང་།བལ་ཡུལ་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཋ་མེར་ནས་བྱང་ནུབ་ཕྱོགས་སུ་ལེ་དབར་བཅུ་ཙམ་གྱི་སར་ཡོད་པའི་ཨི་ཅང་གྷུ་གྲོང་གསེབ་ཀྱི་གྲོང་ཚོ་དྲུག་པའི་ཁོངས་ཀྱི་རི་ངོས།གནས་མཆོག་འཕགས་པ་ཤིང་ཀུན་གྱི་བྱང་ཕྱོགས་སུ་ལེ་དབར་གཅིག་ཙམ་བསྐྱོད་ན་རི་བོ་གླང་རི་ལུང་བསྟན་ནམ་ཀླུ་གྲུབ་རི་ཡི་ཞོལ་དུ་ཡོད་ལ།དགོན་སྡེ་འདི་ནི་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་ཕྱི་ལོ་དུས་རབས་ཉི་ཤུ་པའི་ནང་མེ་སྟག་༼ཕྱི་ལོ་༡༩༨༦༽ལོར་ལ་ས་ཉོས་ནས་ཕྱི་ལོ་༡༩༨༧ལོ་ལ་ཕྱག་བཏབ།མཚན་ལ་ཁྲི་བརྟན་ནོར་བུའི་རྩེ་ཞེས་གསོལ།དགོན་སྡེའི་ཕྱི་ནང་གི་བཅའ་སྒྲིག་རྒྱལ་བ་སྨན་རིའི་རིང་ལུགས་ལྷད་མེད་ཡིན་ལ།ཕྱི་ལོ་༡༩༩༤ལོ་ལ་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་ནས་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་མངའ་དབུལ་རབ་གནས་རྒྱས་པ་མཛད།ཤིང་ཁྱི་༼ཕྱི་ལོ་༡༩༩༤༽ལོར་ལ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་བསྟན་འགྲོའི་དོན་ཆེན་ནུས་པའི་དགེ་བའི་བཤེས་གཉེན་བཞི་བཅུ་ཞེ་གཉིས་ཡན་ཐོན་ཟིན་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་ཡིན་ལ།སྒྲུབ་གྲྭ་མཐར་སོན་གྱི་གཤེན་གྱི་རྣལ་འབྱོར་པ་སུམ་ཅུ་སོ་གཉིས་ཙམ་ཐོན་ཟིན།༡༩༩༢ལོར་རྨ་རོང་དགེ་བཤེས་ཉི་མ་དབང་རྒྱལ་མཁན་པོ་བསྐོས།༡༩༩༦ལོར་རྗེ་རུ་དགེ་བཤེས་བསྟན་གཡུང་དྲུང་དཔོན་སློབ་ཏུ་མངའ་གསོལ།༢༠༠༡ལོར་སླར་ཡང་དགོན་གྱི་ཁྲི་འཛིན་མཁན་པོ་རུ་མངའ་གསོལ།༢༠༠༢ལོར་སྤ་སར་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་སྒྲུབ་གྲྭའི་མཁན་པོ་མངའ་གསོལ།༢༠༠༤ལོར་རྒྱས་དགེ་དགེ་བཤེས་ཚངས་པ་བསྟན་འཛིན་དཔོན་སློབ་ཀྱི་བཞུགས་ཁྲིར་མངའ་གསོལ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྲ་རྒྱས་པའི་སྒང་ཡིན།དགོན་འདི་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་མདོ་སྔས་རྫོགས་གསུམ་ཕྱི་ནང་རིག་གནས་དང་བཅས་པ་སློབ་སྦྱོང་ཉམས་ལེན་བྱེད་སའི་མིང་དོན་མཚུངས་པའི་འདུས་སྡེ་ཞིག་གྱུར་ཡོད།