༧  བོན་གྱི་གྲྭ་ས་གོང་མ་གཙང་སྨན་རི་དགོན་ནི།

    བོད་ལྗོངས་གཞིས་ཀ་རྩེའི་ས་ཁུལ། གནམ་གླིང་རྫོང་གི་ཁོངས་ལྷ་ས་ནས་རླངས་འཁོར་ཆུ་ཚོད་ལྔ་ཙམ་འགྲོ་སའི་ས་ཆ་ཐོབ་རྒྱལ་ཕོ་བ་རི་ཡི་མགུལ་དུ་ཡོད།དགོན་སྡེ་འདི་ཉིད་ཐོག་མར།བླ་ཆེན་དྲན་པའི་ཞལ་བྱང་ལས།སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས།།དབུས་རུ་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། ཞེས་ལུང་ཟིན་གྱི་སྐྱེས་བུ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས།རབ་བྱུང་བདུན་པ་དུས་རབས་བཅོ་ལྔ་པ་ཤིང་བྱ་སྟེ།༼ཕྱི་ལོ་༡༤༠༥༽ལོ་ལ་ཕྱག་བཏབ་ཅིང་མཚན་ལ་བཀྲ་ཤིས་སྨན་རིའི་གླིང་ཞེས་གསོལ།ཕྱི་དགོན་པའི་བཅའ་སྒྲིག་གིས་འདུས་སྡེ་སྐྱོང་སྟངས་དང་།ནང་འཆད་ཉན་ཉམས་ལེན་གྱིས་རྒྱལ་བསྟན་སྐྱོང་ཚུལ།རྒྱལ་བ་བྲུ་ཡི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་རིང་ལུགས་བཞིན་བྱས་ཏེ།ཟླ་བ་ཡར་ངོ་ལ་འཆད་ཉན་དང་།མར་ངོ་ལ་བསྙེན་སྒྲུབ་གྱི་སྒོ་ནས་འདུས་སྡེ་བསྐྱངས།དེའི་རྒྱུད་འཛིན་སྨན་རིའི་མཁན་ཆེན་བསྐོས་སྟངས་ནི།རྗེ་ཉིད་ཀྱིས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ། ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད། །འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །དེ་ཕྱིར་དགོན་འདིར་ཚོགས་པ་ཡི། །མཚན་ཉིད་རབ་འབྱམས་གང་ཡིན་པ། །ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །གང་བབ་ང་ཡི་གདན་སར་བཀོད། །ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས། །བསྟན་དང་འགྲོ་དོན་ནུས་པར་འགྱུར། །ཞེས་གསུངས་པ་བཞིན་ཕྱིས་བོན་སྐྱོང་གསོལ་ནས་རྟགས་རིལ་སྒྲིལ་རྒྱུའི་སྲོལ་བྱུང་སྟེ་ད་བར་ཁྲི་རབས་སོ་གསུམ་བྱུང་ནས་བོན་གྱི་མདོ་སྔགས་སེམས་གསུམ་གྱི་རྒྱུད་པ་མ་ཆད་པ་བཟུང་ཡོད།མཁན་ཆེན་ཉི་མ་དབང་རྒྱལ་གྱི་དུས་སུ་སྨན་རི་ལ་མཚན་ཉིད་བཙུགས་ནས་ད་བར་ཡོངས་འཛིན་གདན་རབས་བཞི་བྱུང་ཡོད།