༧ གནས་ཆེན་བྲག་དམར་རི་འདུས།

  ༧  གནས་ཆེན་བྲག་དམར་རི་འདུས་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྗོང་ནས་ནུབ་རིའི་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་སར། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་སུམ་སྟོང་དགུ་བརྒྱ་ཙམ་ཡོད་པ། སྟེང་ཆེན་རྫོང་གི་སྲང་དཀྱིལ་ནས་ཁ་ནུབ་ཀྱི་ཕྱོགས་སུ་གཏད་དེ་བལྟས་ན་མཐོང་བའི་སྟེང་ཆེན་དགོན་ཞེས་པའི་དགོན་པ་ཆགས་སའི་རི་དམར་པོ་དེ་ཡིན། ཡུལ་མི་རྣམས་ཀྱིས་རི་དེ་ལ་རྒྱབ་རི་ཞེས་འབོད། གནས་དེ་བོན་གྱི་འདུས་གནས་བྲག་དམར་རི་བདུ་ཞེས་པ་བླ་ཆེན་དྲན་པ་ནམ་མཁའ་དང་རིག་འཛིན་གྲུབ་ཆེན་བརྒྱད་ཅུས་སྒྲུབ་པ་ཉམས་ལེན་བྱས་ཏེ་བྱིན་གྱིས་བརླབས་པའི་གནས་མཆོག་ཞིག་ཡིན་ཏེ། ལུང་ལས། དེ་ནས་འཆི་མེད་ཡབ་སྲས་དང་། །སུམ་པ་རྗེ་བློན་འབངས་གསུམ་དང་། །སེ་ལྡེ་མེ་གསུམ་རིག་འཛིན་དགུ། །མཐུ་ཆེན་མི་དགུ་གྲུབ་ཆེན་སོགས། །ཕྱི་ནང་གསང་བའི་བོན་མ་ལུས། །བྲག་དམར་རི་འདུས་འདི་རུ་བསྒྲུབས། ཞེས་གསུངས་ཡོད། གནས་དེ་ཡི་ཕྱོགས་བཞི་རུ་དུར་ཁྲོད་ཀྱི་བཀོད་པ་བཞི། མཚམས་བཞི་ལ་དྲེགས་པ་ཟིལ་གནོན་གྱི་ཞབས་རྗེས་བཞི། དབུས་སུ་གསང་བྲག་དཀར་དམར་ནག་གསུམ་ལ་སྐུ་གསུམ་ཁྲོ་རྒྱལ་གྱི་རང་བྱོན་དང་། མདུན་དུ་ཨ་མོ་ལི་ཀའི་རྡོ་དང་། རྒྱབ་དུ་མ་སྲིང་མཁའ་འགྲོའི་བྲོ་ར། གཡས་སུ་སྲིད་པ་རྒྱལ་མོའི་སྒྲུབ་ཕུག རྩེལ་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་སོགས་ཡོད། ཕྱོགས་མཚམས་ཀུན་ཏུ་བཀའ་རྟགས་ཞབས་རྗེས་དང་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཡོད། ལུང་ལས། ཟམ་མོའི་ཐུགས་བསྐྱེད་གདམས་པའི་གནས་མཆོག་འདིར། །དུས་མཐའི་གང་ཟག་སྒོ་གསུམ་དག་སྣང་ཅན། །ཞལ་མཇལ་ཙམ་གྱིས་བར་དོའི་འཁྲུལ་སྒོ་ཆོད། །ཕྱག་སྐོར་སྒྲིབ་སྦྱང་དུག་ལྔ་རང་སར་ཞི། ཐོད་པ་བོར་ཙམ་རིག་འཛིན་གྲལ་དུ་སྐྱེ། །ཞེས་གསུངས་ཡོད། དེ་ནས་ཅུང་ཟད་ལྷོ་ཤར་གྱི་ལམ་ཆེན་ནང་ནས་ཕྱིན་ན་སྟེང་ཆེན་ཁ་ཞེས་པའི་གྲོང་པའི་གསེང་དུ། བློ་ལྡན་ཟུར་བྱང་ལས། རྟེན་མཆོག་བཀྲ་ཤིས་འོད་འབར་ལ། །གང་མཇལ་ལྷ་ཡི་ཕམ་ལྟུང་ཞི། །ཞེས་གསལ་བའི་རྟེན་བུམ་བཀྲ་མ་ཞེས་པ་དེ་ཡོད། རི་དེ་ཡི་མདུན་དུ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དང་ཀུན་གྲགས་མཐོང་གྲོལ་རི་ཁྲོད་གཉིས་ཆགས་ཡོད་དོ། །