༧  ཁྱུང་པོའི་རི་བོ་རྩེ་དྲུག  

 

 

    ཁྱུང་པོའི་རི་བོ་རྩེ་དྲུག་ནི་བོད་ལྗོངས་ཆབ་མདོའི་ས་ཁུལ་སྟེང་ཆེན་རྫོང་ནས་ཤར་ཕྱོགས་སུ་བསྐྱོད་ན་འཕྲུལ་རྟ་ཆུ་ཚོད་གཅིག་ཙམ་འགྲོ་སའི་ཆུ་མདོ་འགག་ཅེས་པ་དེ་ནས་རི་བོ་ཤིན་ཏུ་གཟར་བ་ཞིག་ཡོད་པ་དེའི་རྩེ་ལ་ཡོད། དེ་ནི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྒོ་པའི་སྒོ་པ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་ཡིན། གནས་དེ་ནི་བླ་ཆེན་དྲན་པ་ཡབ་སྲས་སོགས་རིག་འཛིན་གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པའི་གནས་ཡིན་ལ། ཁྱད་པར་དུ་གནས་དེ་ཡི་དབུས་སུ་དབལ་ཆེན་གེ་ཁོད་ཀྱིས་བྱིན་གྱིས་བརླབས་པའི་ཤེལ་ལེ་རྒྱ་གར་དང་། གཡས་ཕྱོགས་སུ་ཁྲོ་བོ་དབང་ཆེན་གྱི་གནས་རི་རྒོད་ཚང་དང་སུམ་པ་མུ་སྤུངས་གསལ་སྟང་གི་བཞུགས་གནས། གཡོན་ཕྱོགས་སུ་མ་རྒྱུད་གསང་མཆོག་མཐར་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ངོ་ཐི་སེང་གདོང་ཁྲ་མོ་དང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་བཞུགས་གནས། དེ་ཡི་རི་རྒྱུད་ལ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་བྱིན་གྱིས་བརླབས་པའི་རྟ་རྒྱལ་རྫོང་ཆེན་དང་ལྡེ་བོན་གྱིམ་ཚ་རྨ་ཆུང་གི་སྒྲུབ་གནས་ཡོད། རྒྱབ་ཞོལ་ལ་རྟ་ཤོད་དཀྱིལ་འཁོར་ཐང་དང་མདུན་དུ་བོན་རིའི་གནས་ཚབ་ཕ་བོང་བོན་རི་སོགས་ཡོད། རི་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་ལ་བཀའ་རྟགས་རང་བྱོན་དང་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། བློ་ལྡན་གྱི་ཟུང་བྱང་ལས། གྱིམ་ཤོད་ཤེལ་ལེ་རྒྱ་གར་ལ། །ཞི་ཁྲོ་བསྒྲུབས་ན་འདིར་སངས་རྒྱས། །ཞེས་ལུང་ཟིན་གྱི་གནས་ཆེན་ཞིག་ཡིན།