ཀླུ་ནང་གནས་མཆོག་ལྷ་རི་གཡུང་དྲུང་གསང་བ་རྩལ་གྱི་

དཀར་ཆག་འོད་དཀར་མདངས་གསལ་བཞུགས།

 

 

   ༄༅། །ཐུགས་བསྐྱེད་ཚོགས་བསགས་མངོན་པར་སངས་རྒྱས་སྐུ། །ཐུགས་ཀྱི་སྤྲུལ་པ་བོན་རི་ཆེན་པོ་ཡི། །ཤར་ཕྱོགས་ཀླུ་ནང་གཡུང་དྲུང་གསང་བ་རྩལ། །ཡོན་ཏན་ལོ་རྒྱུས་དཀར་ཆག་བརྡ་རུ་ཕབ། །རང་རིག་ཡེ་ཤེས་ལྷ་ཡིས་ཤིས་པ་སྩོལ། །དུས་གསུམ་སངས་རྒྱས་བདེ་བར་གཤེགས་པ་ཡི། །ཀུན་གྱི་གཙོ་གྱུར་རྒྱལ་བ་གཤེན་རབ་མཆོག །དང་པོ་བྱང་ཆུབ་ཐུགས་བསྐྱེད་ནམ་མཁའི་ཁྱོན། །བར་དུ་གྲངས་མེད་ཚོགས་བསགས་བསྐལ་ཆེན་གསུམ། །སྤངས་རྟོགས་མཐར་ཕྱིན་མངོན་པར་རྫོགས་སངས་རྒྱས། འོལ་མོ་ལུང་རིང་རྒྱལ་བའི་ཞིང་མཆོག་ནས། །ཐབས་མཁས་ཐུགས་རྗེས་བོན་སྒོ་བརྒྱད་ཁྲི་གསུངས། །ལྷ་ཀླུ་མི་ཡུལ་འགྲོ་དོན་གྲངས་མེད་པར། །བཅུ་གཉིས་དྲུག་ཅུའི་མཛད་པ་སྣ་ཚོགས་བསྟན། །སྔོན་ལས་རྒྱུ་འབྲས་བདུད་ཀྱིས་གཤེན་ལ་འགྲན། བོད་ཡུལ་རུ་བཞིར་ཞབས་བཅགས་བདུད་རིགས་འདུལ། །ཐུགས་ཀྱི་སྤྲུལ་པ་བོན་རི་ཆེན་པོ་ལ། །བཀའ་རྟགས་ཕྱག་ཞབས་སྐུ་རྗེས་གཏེར་ཁ་སྦས། །ཀོང་ཡུལ་ཕུ་མདོ་བར་གསུམ་ཞབས་ཀྱིས་བཅགས། །ཀླུ་ནང་གསང་བའི་བྲག་ལ་བཀའ་རྟགས་བཞག  གནས་གསུམ་མཁའ་འགྲོའི་བྱིན་རླབས་གསང་བའི་གནས། །མ་འོངས་དུས་སུ་སྨིན་གྲོལ་སྨོན་ལམ་བཏབ། །ཁྱད་པར་སྙིགས་མ་ལྔ་བདོའི་སྐྱབས་གགཅིག་མཆོག །རིག་འཛིན་བླ་ཆེན་དྲན་པ་ཡབ་སྲས་ཀྱིས། །གསང་བའི་བྱིན་རླབས་གསང་ཆེན་བོན་གྱི་གནས། །ལྷ་རི་གཡུང་དྲུང་གསང་བ་རྩལ་ཞེས་གྲགས། །དུས་མཐའི་ཐོས་ཆུང་མུ་ལ་རང་གྲོལ་རྩལ། །ཉམས་སྣང་བཀོད་པ་གནས་ཀྱི་སྒོ་མོ་ཕྱེས། །ཕྱི་རབས་འགྲོ་རྣམས་ཚོགས་བསགས་སྨོན་ལམ་བཏབ། །རིག་འཛིན་མཁའ་འགྲོ་བཀའ་སྐྱོང་སྲུང་མ་ཡིས། །བྱིན་རླབས་ལུང་སྟོན་ཉམས་མྱོང་འདི་ལྟར་འཆར། །ཀོང་པོའི་ཀླུ་ཞེས་མཐའ་འཁོབ་སྲིན་ཡུལ་འདིར། །རྣམ་འདྲེན་རྒྱལ་བ་ཞབས་བཅགས་བྱིན་རླབས་འབྱུང་། །བླ་ཆེན་དྲན་པའི་སྒོམ་སྒྲུབ་དྲོད་ཚད་ཕབ། །ཚེ་དབང་རིག་འཛིན་ཆེན་པོས་ཟབ་གཏེར་སྦས། །པདྨ་མཐོང་གྲོལ་རྩལ་གྱིས་སྨོན་ལམ་བཏབ། །སྤྱིར་ན་མཁའ་འགྲོ་འདུས་པའི་གནས་མཆོག་སྟེ། །ཕྱི་ལྟར་བཀོད་པ་གསང་ཆེན་དུར་ཁྲོད་བཞིན། །བམ་རོ་གན་ཀྱལ་སྙིང་གི་དཀྱིལ་དུ་གནས། །བཀོད་པ་ལྷུན་རྫོགས་གཞལ་ཡས་ཁང་དུ་གྲུབ། །ཕྱི་ལྟར་རི་བོ་མནྡལ་ལྟ་བུ་ལ། །ནང་ལྟར་རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་ཞིང་། །ཁྱད་པར་གནས་གསུམ་མཁའ་འགྲོ་རྒྱ་མཚོ་ཡིས། །དུས་བཟང་ཀུན་ཏུ་ཚོགས་ཀྱི་འཁོར་ལོ་བསྐོར།  །མཁའ་འགྲོ་གཙོ་མོ་ཚོགས་བདག་གཟི་བྱིན་མས།  ། ཚོགས་དཔོན་མཛད་ཅིང་རིག་འཛིན་མཁའ་འགྲོ་ཡིས། །ཚོགས་ཞིང་གནས་མཆོག་ཁྱད་དུ་འཕགས་པ་ཡི།  །བམ་ཚོགས་སྐམ་རློན་ནེམ་པོ་བརྩིགས་པའི་མཁར།  །མེ་དཔུང་རྡུལ་རླུང་འཚུབས་པའི་དུར་ཁྲོད་གནས། །ཤར་དུ་དྲི་ཟ་འདུལ་མཛད་མཁའ་འགྲོ་མ། །སྙིང་རྗེ་ཆེན་པོ་ཞི་བའི་ཚོགས་ཆེན་རྫོགས། །བྱང་དུ་གནོད་སྦྱིན་འདུལ་མཛད་མཁའ་འགྲོ་མ། །བྱམས་པ་ཆེན་པོ་རྒྱས་པའི་ཚོགས་ཆེན་རྫོགས། །ནུབ་ཏུ་ཀླུ་དབང་འདུལ་མཛད་མཁའ་འགྲོ་མ། །དགའ་བ་ཆེན་པོ་དབང་གི་ཚོགས་ཆེན་རྫོགས། །ལྷོ་རུ་གཤིན་རྗེ་འདུལ་མཛད་མཁའ་འགྲོ་མ། །བཏང་སྙོམས་ཆེན་པོ་དྲག་པོའི་ཚོགས་ཆེན་རྫོགས། །གནས་ཀྱི་ཕྱོགས་བཞི་རིག་འཛིན་མཁའ་འགྲོ་ཡི། །ཚོགས་གཞོང་ཚོགས་ཁྲི་རྡོ་ལ་རང་གྲུབ་ཡོད། །ནུབ་ཏུ་གསང་བདག་དྲན་པ་ནམ་མཁའ་ཡི། །སྐུ་ཡིས་བྱིན་བརླབས་རྡོ་ལ་ཕུར་པའི་དབྱིབས། ལྷོ་རུ་མཁའ་འགྲོ་གཙོ་མོ་འོད་ལྡན་མའི།  །གསུང་གིས་བྱིན་བརླབས་རྡོ་ལ་ཐོད་པའི་དབྱིབས། །བྱང་དུ་མཁའ་འགྲོ་ཚོགས་བདག་གཟི་འབར་མའི། །ཐུགས་ཀྱིས་བྱིན་བརླབས་རྡོ་ལ་ཕྱག་ཞབས་རྗེས།  རིག་འཛིན་བླ་ཆེན་དྲན་པ་ཡབ་སྲས་ཀྱིས།  །ཧཱུྃ་ཡིག་གསང་བའི་བྲག་ལ་བསྒྲུབ་པ་མཛད། །འགུ་རུའི་ཐུགས་སྒྲུབ་ཟབ་གཏེར་ཆ་གསུམ་སྦས། །རིགས་ལྔའི་ཞབས་རྗེས་པད་འབྱུང་སྐུ་རྗེས་ཡོད། །དབུས་སུ་ཐང་ཤིང་བཀོད་པ་ཆེན་པོ་ལ། །གསང་བདག་བླ་མ་དྲན་པ་ཡབ་སྲས་གསུམ། །དྲག་པོའི་ཚུལ་གྱི་ཞལ་གསུམ་ཕྱག་དྲུག་ཅན། །གཡས་པས་རྒྱལ་མཚན་གཡུང་དྲུང་པྲ་ཕུད་འཛིན། །གཡོན་པས་ཐོད་ཞལ་ཨ་དང་ཁ་ཏྲམ་འཛིན། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཚུལ། །སྐུ་སྟོད་ཞིང་པགས་ཐོད་འཕྲེང་རུས་པས་བརྒྱན། །སྐུ་སྨད་སྟག་ཤམ་སྦྲུལ་ནག་སྐེད་རག་བཅིངས།  །ཞབས་དྲུག་འདོར་ཐབས་སྲིན་པོ་ཕོ་མོ་དང་། །མ་རུང་ཀླུ་གདོན་བསྒྲལ་བའི་གདན་ལ་བཞུགས། །དེ་ལྟར་བཀོད་པ་རྫོགས་པའི་གནས་མཆོག་དེ། །ཕྱི་ལྟར་རི་བོ་མནྡལ་དབྱིབས་ཅན་ལ། །ནང་ལྟར་མཁའ་འགྲོ་འདུས་པའི་དུར་ཁྲོད་གླིང་། །གསང་བ་རིག་འཛིན་ཆེན་པོའི་ཚོགས་ཀྱི་ཞིང་། །མ་སྲིང་མཁའ་འགྲོ་འདུས་པའི་གནས་མཆོག་འདིར། །ནུབ་ཀྱི་ཕ་བོང་ཞི་རྒྱས་དབང་དྲག་ལ། །མཚན་ལྡན་ཁྱེ་འུ་བཞི་ཡི་ཞབས་རྗེས་དང་། ། རིག་འཛིན་མཁའ་འགྲོའི་ཟང་ཐལ་འཇའ་ལམ་དང་། །ཀ་མ་ཤ་ཡ་ཧཱུྃ་ཡིག་རང་བྱོན་དང་། །རིག་འཛིན་བླ་ཆེན་དྲན་པ་ནམ་མཁའ་ཡི། །ཀོང་སྲིན་དམ་ལ་བཏགས་པའི་ཞབས་རྗེས་དང་། །མ་སྲིང་མཁའ་འགྲོའི་བྲོ་ར་བམ་གྱི་དབྱིབས། །ཚོགས་བདག་མཁའ་འགྲོའི་སྐུ་རྗེས་གསལ་བ་ཡོད། །དེ་ཡི་བྱང་ཕྱོགས་གླང་ཆེནགཟུགས་དབྱིབས་ལ། ། གནས་གསུམ་མཁའ་འགྲོའི་བརྡ་ཡིག་སྣ་ཚོགས་ཡོད། །ལྷོ་ཡི་ཕྱོགས་སུ་ཕ་བོང་གྲུ་བཞི་ལ། །རབ་འཇིགས་འབར་བའི་དུར་ཁྲོད་ཆགས་ཚུལ་ཡོད། །ཤར་གྱི་ཕྱོགས་སུ་རྩ་རི་གནས་ཀྱི་ཚབ། །མཁའ་འགྲོ་ཕག་གི་གདོང་ཅན་རང་བྱོན་ཡོད། །བྱང་གི་ཕྱོགས་སུ་གསང་བའི་གཏེར་ཁ་ཡོད། །མི་འགྱུར་རྡོ་ལ་བཀྲ་ཤིས་རྫས་བརྒྱད་ཡོད། །གཞན་ཡང་བཀའ་རྟགས་རང་བྱོན་ཕྱག་ཞབས་རྗེས། །གྲངས་མེད་བརྗོད་འདས་སྣ་ཚོགས་གསལ་བ་ཡོད། །ཟ་རང་མེ་འབར་གྱེར་ཆེན་ཟླ་མེད་དང་། །གྲུབ་ཐོབ་ཤར་པའི་ཕྱག་ཞབས་སྐུ་རྗེས་ཡོད། །དུས་མཐའི་འགྲོ་འདུལ་གསང་བའི་གནས་མཆོག་འདི། །སྐོར་ཚད་ཉེར་ལྔས་སྒོ་གསུམ་སྒྲིབ་གཉིས་སྦྱངས་། །སྐོར་བརྒྱ་བཞེངས་ན་ས་ནོན་རིག་འཛིན་ཐོབ། །དུས་བཟང་རྣམས་ལ་ཕན་འགྱུར་ངེས་པར་ཆེ། །ཀུན་གྱི་དག་སྣང་རྣམ་དཀར་དགེ་བའི་མཐུས། །ཕྱག་སྐོར་སྒྲིབ་སྦྱོང་འདི་ཕྱི་དོན་གཉིས་འགྲུབ། །ཤི་འདྲེ་གསོན་འདྲེས་གནོད་པའི་རྐྱེན་མི་ཚུགས།  གསང་བ་གནས་ཆེན་འདི་ཡི་ཕྱི་འཁོར་དུ། །གནས་འདིའི་གཞི་བདག་ལྷ་གཉན་དཀར་གསལ་མདངས། །གོས་སྔོན་དར་ཐུལ་འགྱིང་ཀ་ལག་ན་འཛིན། །ཕྱི་ནང་གནས་ཀྱི་བསྟན་པ་སྲུང་བ་དང་། །བཤད་སྒྲུབ་སྒོམ་གསུམ་དར་ཞིང་རྒྱས་པ་དང་། །དོན་གཉིས་ལྷུན་འགྲུབ་དགེ་བའི་ཚོགས་ཀུན་སྤེལ། །གནས་ཀྱི་དཀར་ཆག་འོད་དཀར་མདངས་གསལ་ཞེས། །ཐོས་ཆུང་ཟོག་པོ་སྔགས་ཀྱི་མིང་འཛིན་དེས། །ཆ་ཤས་ཙམ་ཞིག་བློས་བླང་ཡི་གེར་བཀོད། །ཉེས་འགལ་བྱུང་མཆིས་རིག་འཛིན་མཁའ་འགྲོར་བཤགས། །དགེ་དེ་གང་མཆིས་བྱང་ཆུབ་ཆེན་པོར་བསྔོ། །སྙིགས་མའི་སེམས་ཅན་གཡེང་དང་ལེ་ལོའི་དབང་། །རྣམ་རྟོག་ཅན་གྱི་གང་ཟག་མཆོག་དམན་ཀུན། །ཐེ་ཚོམ་གཤེ་སྐུར་འཆིང་བ་མི་བྱེད་པ། །ངེས་ཤེས་ཡིད་ཆེས་ལུང་འདིས་གྲུབ་པས་ཆོག །ཁ་བཤད་ར་ཆོད་ཅན་གྱི་མཁས་རློམ་ཚོགས། །གཤེ་སྐུར་མ་བྱེད་ཨ་འཐས་དབོན་ཀྱང་རུང་། །གནས་འདིའི་སྡེ་ཀུན་འགྲོ་བ་མ་ལུས་ཀུན། །སྒྲིབ་སྦྱོང་ཚོགས་གཉིས་ཚེ་འདིར་རྫོགས་ནས་ཀྱང་། །ཕྱི་མ་རིག་འཛིན་མཁའ་འགྲོའི་ས་ཐོབ་ཤོག  ། ཅེས་ཀོང་པོ་ཀླུ་ནང་གི་གནས་རི་འདི་ཉིད་ཐུགས་སྤྲུལ་བོན་རི་ཆེན་པོའི་གནས་ལག་ཡིན་ཡང་ད་བར་ནོར་ཉམས་མ་ཆོད་པའི་ཚུལ་ལྟར་ལུས་འདུག་པས།  ད་ཆར་མཁན་རིན་པོ་ཆེ་རྒྱ་མཚོའི་ནོར་བུ་དང་། ཚ་རོང་གུར་མདུན་དགོན་གྱི་མཁན་པོ་གཡུང་དྲུང་དཔལ་ལྡན་ཟུང་ནས་གནས་སྒོ་ཕྱེ་རྒྱུའི་བཀའ་བསྐུལ་གནང་བ་དང་། དེ་བཞིན་དད་སྦྱིན་གྲྭ་སློབ་རྣམས་ཀྱིས་རེ་བསྐུལ་བཞིན། ཞིག་པོའི་རུས་ཐོབ་དུས་མཐའི་སྔགས་འཆང་པ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོའི་གསང་མཚན་དུ་ནམ་མཁའ་རང་གྲོལ་རྩལ་ཞེས་འབོད་པས།  ཉམས་སྣང་རྟེན་འབྲེལ་དང་འཁྲུལ་སྣང་རྨི་ལམ་ལ་བརྟེན་ནས་དམ་པ་རྣམས་ཀྱི་བསྐུལ་ངོར་མི་ལྡོག་ཙམ་དུ།  བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོར་དཀར་ཕྱོགས་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་འབྱུང་འཕྲོད་བཟང་པོའི་ཉིན་ཕབ་པ་དགེའོ།         ཉིད་ཀྱི་སློབ་འབང་ཤེར་འོད་པས་གློག་འོད་ངོས་ཡི་གེར་བཀོད།    ༼  བོན་གཤེན་བསྭོ་སྒྲ་ལས་དྲང་།  ༽