༧  གནས་མཆོག་ཁ་བ་དཀར་པོའི་དཀར་ཆག་མདངས་

 

གསལ་རིག་པའི་མེ་ལོང་བཞུགས

 

 

ནམ་མཁའ་རང་གྲོལ་རྩལ།

༧  མཚན་དཔེ་རབ་རྫོགས་གཟི་བརྗིད་འབར་བའི་སྐུ།  །

ཚངས་དབྱངས་དྲུག་ལྡན་འཕྲུལ་ངག་ལྡན་པའི་གསུང་།  

སྟོང་སྙིང་ཟུང་འཇུག་རྣམ་མཁྱེན་ཡེ་ཤེས་ཐུགས།  །

དམུ་རྒྱལ་གཤེན་རབ་ཞབས་ལ་གུས་བཏུད་ནས།  །

བོད་ཡུལ་གནས་མཆོག་ཁ་བ་དཀར་པོ་ཡི།  །

དཀར་ཆགས་མདངས་གསལ་རིག་པའི་མེ་ལོང་ཞེས། 

 དེ་ཡང་ཐོས་ཆུང་མུ་ལའི་མིང་འཛིན་བདག  །

ཤར་རྫའི་དབེན་གནས་གཡུང་དྲུང་ལྷུན་པོའི་མགུལ།  །

བཅད་རྒྱར་འདུག་པའི་ཉིན་ཞིག་འོད་གསལ་ངང་།  །

ཡེ་ཤེས་ཌྰཀྐིར་གསོལ་བཏབ་བདེན་པ་བདར།  །

སྐད་ཅིག་བདག་མདུན་འོད་དཀར་ལམ་བརྒྱུད་དེ།  །

གནས་ཆེན་ཁ་བ་དཀར་པོའི་རྩེ་མོར་བསླེབས།  །

བདག་གི་གྲོགས་སུ་ཡེ་ཤེས་མཁའ་འགྲོ་མ།  །

དཀར་མོ་མདངས་ལྡན་རྨ་བྱའི་ཐུལ་པ་གསོལ།  །

ཕྱག་ན་ཚེ་བུམ་སྣང་གསལ་མེ་ལོང་འཛིན།  །

བདག་ལ་སྙན་པའི་དབྱངས་ཀྱིས་འདི་སྐད་གསུངས།  །

ཨ་ཧོ་རིགས་སད་སྐལ་ལྡན་ལས་འཕྲོ་ཅན།  །

གནས་འདི་ཁ་བ་གངས་དཀར་དབལ་སོ་ཞེས།  །

རིག་འཛིན་ཀུན་འདུས་གསང་བའི་སྒྲུབ་གནས་ཡིན།  །

སྦས་ཡུལ་ཆེན་པོ་རྩ་གསུམ་གནས་དང་མཉམ།  །

གནས་འདིའི་ངོ་སྤྲོད་དཀར་ཆག་རྒྱས་འབྲིང་བསྡུས།  །

མཁའ་འགྲོའི་བརྡ་ཡིས་ཡི་གེར་བཏབ་ནས་ཡོད།  །

སྐལ་ལྡན་དབྱིངས་སྣང་དགོངས་པའི་ཚད་ཕེབས་པས།  །

བརྡ་ཡིག་བཀྲོལ་ལ་དཀར་ཆག་ཡི་གེར་ཐོབས།  །

ཕྱི་རབས་གཤེན་གྱི་དོན་འདི་སྤེལ་བར་གྱིས།  །

གཏོང་བཞག་མཁའ་འགྲོའི་ལུང་བཞིན་ཐུགས་ལ་ཟུངས།  །

ས་མ་ཡ་རྒྱཿརྒྱཿརྒྱཿ  ཧྲི་མ་མ་ཌཱཀྐི་ས་མ་ཡ་ཨ་ཨ། 

 སྔོན་ཚེ་ཡེ་སངས་རྒྱས་པའི་དུས་ཙམ་ན།  །

ཀ་དག་གཤིས་ལས་ལྷུན་གྲུབ་ཆོ་འཁྲུལ་གཡོ།  །

རྟོགས་དང་མ་རྟོགས་གྲོལ་འཁྲུལ་གཉིས་སུ་འབྱུང་།  །

ཡེ་སངས་རྒྱས་པའི་ངོ་བོ་རང་རིག་པ།  །

རྟོགས་པ་མངོན་གྱུར་བསྐལ་སྟོང་སངས་རྒྱས་ཀྱིས།  །

མ་རྟོགས་འགྲོ་ལ་སྙིང་རྗེའི་ཐུགས་བཟུང་ནས།  །

བོན་སྐུའི་དགོངས་པ་མཁའ་ལྟར་དག་པ་ལ།  །

རྫོགས་སྐུའི་ངོ་བོ་ཉི་མའི་འོད་ལྟར་གསལ།  །

གཉིས་མེད་སྤྲུལ་སྐུ་གྲངས་མེད་ཟེར་ལྟར་སྤྲོ།  །

བསྐལ་བཟང་སངས་རྒྱས་སྟོང་གི་གཙོར་གྱུར་པ།  །

རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་ཉིད།  །

རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན།  །

དམུ་རྒྱལ་སྲས་འཁྲུངས་བཅུ་གཉིས་དྲུག་ཅུ་མཛད།  །

བོད་ཡུལ་འདུལ་དགོངས་ཁྱབ་པས་རྐྱེན་བསྐུལ་ཏེ།  །

བོད་དུ་ཞབས་བཅག་བདུད་དང་རྩལ་འགྲན་ནས།  །

ཕྱི་རབས་དོན་དུ་ཐུགས་སྤྲུལ་བོན་རི་བཞག  །

དམུ་རི་སྨུག་པོ་དབུ་ཡི་རྩེ་མོར་བྱོན།  །

ཕྱོགས་བཞིར་གཟིགས་ཤིང་ཞལ་ནས་སྨོན་ལམ་བཏབ།  །

མཐའ་འཁོབ་འདུལ་མཛད་གནས་རི་ཆེན་པོ་བཞི།  །

ཁྱད་པར་གནས་མཆོག་ཁ་བ་དཀར་པོ་འདི།  །

གཤེན་ལྷའི་ཐུགས་སྤྲུལ་ཨ་དཀར་འོད་དང་བཅས།  །

གནས་འདིར་བབས་པས་བྱིན་རླབས་ལྷག་པར་ཆེ།  །

ཕྱི་ལྟར་ཡི་དམ་དབལ་གསས་ཡབ་ཡུམ་ཚུལ།  །

འཁྲིལ་སྦྱོར་རྒྱན་རྫོགས་སྲིན་པོ་གདན་དུ་བཏིང་།  །

ནང་ལྟར་སྟོན་པ་འཆི་མེད་གཙུག་ཕུད་ལ།  །

བསྐལ་སྟོང་སངས་རྒྱས་སྟོང་གིས་བསྐོར་བ་ཡི།  །

ངོ་མཚར་ཁྱད་དུ་འཕགས་པའི་དཀྱིལ་འཁོར་ཡོད།  །

གསང་བ་གནས་ཀྱི་དབུ་ཡི་རྩེ་མོ་ལ།  །

ཀུན་བཟང་གཤེན་ལྷའི་ཐུགས་གསང་ཡི་གེ་ཨ།  །

ལས་སྐལ་ཅན་གྱིས་གཤེན་ལྷ་མངོན་སུམ་མཇལ།  །

རིག་འཛིན་ཆེན་པོ་སྙ་ཆེན་ལི་ཤུ་ཡིས།  །

ཞང་ཞུང་ཡུལ་ནས་ཆོ་འཕྲུལ་མཁའ་ལ་འཕུར།  །

གནས་འདིར་བབས་ནས་བྱིན་གྱིས་བརླབས་པ་ཡི།  །

རིག་འཛིན་གསང་བའི་ཚོགས་ཞིང་ངོ་མཚར་གནས།  །

གནས་ཀྱི་ཕྱོགས་བཞིར་རྒྱ་སྲིན་དམ་བཏགས་པས།  །

ངོ་མཚར་རང་བྱུང་མཆོད་རྟེན་རྣམ་བཞི་ཡོད།  །

རིག་འཛིན་ཚེ་དབང་ཆེན་པོའི་སྒྲུབ་ཕུག་ཡོད།  །

ལི་ཤུ་སྟག་རིང་ཞབས་རྗེས་གསལ་བར་ཡོད།  །

གནས་འདིའི་ཕྱོགས་བཞིར་རྡོ་ལ་རིགས་རྟགས་ཡོད།  །

དབལ་གསས་ཡབ་ཡུམ་གསང་བའི་སྦྱོར་མཚམས་ནས།  །

བྱང་སེམས་དཀར་དམར་དྲི་བཟང་བྲོ་བ་ཡོད།  །

ལྕེ་ཚ་མཁར་བུའི་ཕྱག་བྲིས་ཨ་དཀར་ཡོད།  །

རྔམ་པ་ལྕེ་རིང་སྐུ་རྗེས་གསལ་བར་ཡོད།  །

གནས་ཀྱི་ཤར་ཕྱོགས་ཕ་བོང་གྲུ་བཞིའི་ནང་།  །

ལེགས་ཏང་རྨང་པོའི་ཕྱག་བྲིས་གཏེར་དུ་ཡོད།  །

ལྕེ་ཚ་མཁར་བུའི་སྒྲུབ་ཕུར་མཐོ་གང་ཚད།  །

ཤ་ཟ་སྨན་དཀར་གསང་བསྐུལ་གཏེར་དུ་ཡོད།  །

མདུན་དུ་མཚན་ལྡན་ཐོད་པ་འདྲ་བའི་ནང་།  །

སྒྱུ་འཕྲུལ་མ་དགུས་ཚོགས་འཁོར་བསྐོར་བ་ཡི།  །

ཐོད་པ་བོར་ཆོག་དུར་ཁྲོད་ཆེན་པོ་ཡོད།  །

དུས་བཟང་ལུག་ལོ་ལུག་ཟླའི་བཅོ་ལྔའི་དུས།  །

དཔའ་བོ་རིག་འཛིན་ཚོགས་ཀྱི་འཁོར་ལོ་བསྐོར།  །

རྔ་གཤང་ཌྰ་སིལ་རྐང་དུང་གླིང་བུའི་སྒྲ།  །

སྐལ་ལྡན་རྣམས་ཀྱིས་མངོན་སུམ་ཐོས་པ་ཡོད།  །

རྗེ་བཙུན་ཁྲོ་འབྲུག་ཕྱག་གིས་བྲིས་པ་ཡི།  །

གསང་མཆོག་མཐར་ཐུག་ཡབ་ཡུམ་བསྙེན་པ་ཡོད།  །

གནས་འདིར་ཚོགས་འཁོར་ཡེ་ཤེས་འཕེལ་བ་ཡོད།  །

སྐོར་བ་གསུམ་གྱིས་ཕ་མའི་དྲིན་ལན་ཁེལ།  །

ཞག་བརྒྱར་སྒྲུབ་པས་རིག་འཛིན་ཚོགས་གྲལ་བགྲོད།  །

ཞལ་མཇལ་ཙམ་གྱིས་ངན་སོང་ལུས་མི་ལེན།  །

དར་ཟབ་ཕུལ་ན་མཐའ་འཁོབ་སྐྱེ་སྒོ་ཁེག  །

རྣམ་ལྔ་ཕུལ་བས་ཚུལ་ཁྲིམས་ཅན་དུ་སྐྱེ།  །

གཉན་ས་བཅད་ན་མཐོང་ལམ་སྐད་ཅིག་བགྲོད།  །

སྐོར་བ་བཅོ་ལྔས་རིག་འཛིན་སྐུ་བཞི་ཐོབ།  །

ལྷག་ཏུ་སེམས་བསྐྱེད་སྨོན་ལམ་གཙོ་ཆེའོ།།  །།

རྒྱས་པ་མ་འོངས་ལུང་དང་བཅས་པ་ཡོད།  །

བསྡུས་པ་གསོལ་འདེབས་ཕན་ཡོན་དང་བཅས་པ་ཡོད།  །

འབྲིང་པོ་འདི་ནི་ཚར་གཅིག་བརྗོད་པ་དང་།  །

མོས་གུས་གསོལ་བཏབ་སྐོར་བ་གསུམ་དང་མཉམ།  །

སྐལ་ལྡན་རྣལ་འབྱོར་རྣམས་ཀྱིས་ཐུགས་སུ་ཟུངས།  །

སྐལ་མེད་ཐེ་ཚོམ་ཅན་ལ་གསང་བའི་རྒྱ།  །

འདི་བྲིས་དགེ་བས་སྲིད་འགྲོ་མ་རྒན་རྣམས།  །

སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པ་དང་།  །

ས་བཅུ་ལམ་ལྔའི་ཡོན་ཏན་མངོན་གྱུར་ཏེ།  །

མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག

  ཅེས་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་ནས་ཡང་ཡང་གསུང་བསྐུལ་བྱུང་བས་ཞང་ཞུང་སྒོ་བར་གནས་སུ་ཞིག་པོའི་རུས་ལས་དལ་རྟེན་རྙེད་པ་རྩོད་དུས་འཁྲུལ་བ་ཞིག་པའི་ཅོལ་ཆུང་བ་རིག་འཛིན་མཁའ་འགྲོའི་གསང་མཚན་ནམ་མཁའ་རང་གྲོལ་རྩལ་གྱིས་དབེན་གནས་ཤར་རྫའི་རི་ཁྲོད་རབ་ཞི་འོད་གསལ་སྟེང་གི་རང་ཤག་རིག་སྟོང་ངོ་མཚར་མཇལ་བའི་ཁང་བཟང་དུ་མ་བཅོས་པར་ཕབས་པ་གཡུང་དྲུང་དཔལ་ལྡན་གྱིས་ཡི་གེར་བཀོད་པའོ།