མཚམས་སྦྱོར། གཙོ་ངོས།གཙོ་ངོས།མཚམས་སྦྱོར།སློབ་གླིང་།

 

༧ ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་སྒྲུབ་གྲྭའི་

བཅའ་གཞི་སྐལ་བཟང་འཇུག་ངོགས་

བཞུགས་སོ།

 

 

 

 

           ༄༅། །ཀུན་ཏུ་བཟང་པོ་ཁྱབ་བདལ་འགྲོ་བ་འདྲེན།  རང་རིག་མངོན་དུ་གྱུར་ལ་ཕྱག་འཚལ་ལོ།  །མཁྱེན་གཉིས་མཁའ་ལ་སྐུ་གཉིས་དཀྱིལ་འཁོར་རྒྱས།  བདེན་གཉིས་འོད་ཀྱི་སྒྲིབ་གཉིས་སྨག་རུམ་བསལ།  བཅུ་གཉིས་མཛད་པས་རྐང་གཉིས་ཁ་ལོ་བསྒྱུར།  དོན་གཉིས་མཐར་ཕྱིན་དམུ་རྒྱལ་གཤེན་ལ་བསྟོད།  མཛེས་པའི་སྐུ་ལ་སྙན་པའི་གསུང་མངའ་ཞིང་།  བརྩེ་བའི་ཐུགས་ལ་ལེགས་པའི་ཡོན་ཏན་རྫོགས།  མཛད་པའི་ཕྲིན་ལས་ནམ་མཁའི་མཐར་འགྲོ་བ།  ཤེས་རབ་ལྷ་མོ་མགྲིན་པར་རོལ་རྩེད་མཛོད།  སྡོམ་གསུམ་ཡར་ལྡན་བསླབ་པའི་རྨིང་གཞི་བཟང་།  ལྟ་སྤྱོད་ཟུང་འབྲེལ་མཛད་པས་གོལ་ས་ཉུང་།  བཤད་སྒྲུབ་གཉིས་མཉམ་བསྐྱངས་བས་བསྟན་འགྲོར་སྨན།  མདོ་སྔགས་ཟུང་འབྲེལ་དཔལ་ལྡན་བླ་མར་འདུད།  རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོའི་ལྡིང་ཁང་ནས།  ལུང་རྟོགས་ཡིད་བཞིན་ནོར་བུའི་གཏེར་ཆེན་རྡོལ།  བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རྩེར་བཀོད་པས།  སྨིན་གྲོལ་འདོད་འབྱུང་སྐལ་བཟང་གཡུང་དྲུང་མཆོག  །ཕྱི་ལ་རྣམ་གསུམ་ངུར་སྨྲིག་རྒྱན་གྱིས་མཛེས།  ནང་དུ་བསླབ་གསུམ་རིན་ཆེན་གཟུངས་གཞུག་བཟང་།  གསང་བ་སྐུ་གསུམ་རྒྱལ་ས་ཉེར་བཟུང་བའི།  བཤད་སྒྲུབ་སྒོམ་གསུམ་ཞུགས་པའི་དགེ་འདུན་བསྟོད།  རང་བློ་མཐུན་ན་རྟུག་པ་སྐམ་པོ་ཡང་།  རིན་ཆེན་རིལ་བུ་འཛིན་པའི་གང་ཟག་ལ།  ཕན་པའི་གདམས་ངག་གསེར་གྱི་ཕྲེང་བ་ཡང་།  བརྩེ་བས་མགུལ་ལ་སྒྲོན་ཀྱང་ལེན་མཁན་དཀོན།  སྔོན་བྱོན་མཁས་གྲུབ་མཁའ་ལྡིང་དབང་པོ་ཀུན།  མྱང་འདས་བདེ་ཆེན་མཁའ་ལ་གཤེགས་པའི་ཐབས།  བཤད་སྒྲུབ་ཟུང་འབྲེལ་གཤོག་ཟུང་འདི་ཁོ་ན།  ངེས་ཕྱིར་ཕྱིས་འབྱུང་ཀུན་གྱིས་གཅེས་སུ་འོས།  འདི་ལས་གཞན་པའི་ཟང་ཟིང་འདུ་འགོད་ཀྱིས།  གཏོང་ཕོད་ནམ་མཁའི་མཛོད་ལ་མངའ་བརྙེས་ཀྱང་།  ཚུར་མཐོང་སྐྱེ་བོ་མགུ་བའི་ཐབས་ཙམ་ལས།  མྱང་འདས་མཁའ་ལ་འགྲོ་འདོད་གནམ་ལ་སྐས།  འདི་ན་བསྟོད་སྨད་ཆགས་སྡང་བྱིས་པའི་བློ།  མེད་ཀྱང་བཤད་སྒྲུབ་འདུས་སྡེའི་འཇུག་ངོགས་ལམ།  གསལ་སྟོན་ལེགས་བཤད་ཉི་མ་ཤོག་བུའི་མཁར།  ཤར་ཚེ་མུན་སྣང་དགག་སྒྲུབ་དངོས་པོའི་གཤིས།  དེ་ལྟར་མཆོད་བརྗོད་སྔོན་དུ་བཏང་ནས་འདིར་བདག་འཛིན་དབང་གིས་སྡུག་བསྔལ་དང་བཅས་པའི་འཁོར་བའི་སེམས་ཅན་ཀུན་གྱིས་བདེ་བ་འདོད་པ་ལས།  སྡུག་བསྔལ་འདོད་མཁན་གཅིག་ཀྱང་མེད་པར་མཚུངས་ལ།  སྡུག་བསྔལ་སྤངས་ནས་བདེ་བ་སྒྲུབ་ཚུལ་ནི་བོན་དང་འཇིག་རྟེན་གཉིས་མི་མཐུན་ཏེ།  འཇིག་རྟེན་འཁོར་བ་པ་རྣམས་ཀྱིས་སྡུག་བསྔལ་སྤངས་ནས་བདེ་བ་སྒྲུབ་ཕྱིར་ཚོང་དང་སོ་ནམ་དགྲ་འདུལ་གཉེན་སྐྱོང་ལས་སོགས་བྱ་བ་གང་ལ་འཇུག་ཀྱང་།  དེ་ནི་ཟས་ཀྱི་ཞིམ་མངར་ལྕེ་དང་མིད་པའི་བར་ལྟར།  གནས་སྐབས་ཀྱི་བདེ་བ་ཙམ་མ་གཏོགས།  མཐར་ཐུག་གི་བདེ་བ་རྩ་བ་ནས་མི་འབྱུང་བར་མ་ཟད་གནས་སྐབས་ཀྱི་བདེ་དེ་ཡང་མཐར་ཐུག་གི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ།  རང་གི་གདམས་པ་ལས།  གཅེས་པའི་བུ་དང་མཛེས་པའི་གྲོགས་མོ་དང་ལྷན་དུ།  འཇམ་པའི་གོས་དང་ཞིམ་པའི་ཁ་ཟས་རྣམས་རོལ་ཏེ།  གུས་པའི་གཡོག་སོགས་ཕྱི་ཡི་སྐྱིད་ཆས་ཀུན་འཛོམས་ཀྱང་།  ནང་དུ་སེམས་སྡུག་གཟེར་གྱིས་དབུགས་རིང་དང་ལྷན་དུ།  རང་མེད་བྱ་དགོས་ཟེར་ནས་འཕག་འཚག་རང་རྒྱག་འོང་།  བདེ་སྐྱིད་རྩ་བ་སེམས་སྐྱིད་ཟེར་བ་ནི་ལོས་བདེན།  གུ་ཡང་བློ་བདེ་མེད་ན་བདེ་སྐྱིད་ནི་མི་ཡོང་།  ཟག་བཅས་འཁོར་བའི་བདེ་སྐྱིད་ཅི་ཙམ་ཞིག་སྤྱད་བཞིན།  ཕྱི་ཕྱིར་སྡུག་བསྔལ་དག་གིས་མནར་བ་ནི་ཆེ་འགྲོ།  གཉེན་སྒྲིག་བྱ་དགའ་མི་ཚེ་སྐྱེལ་དཀའ་ན་བདེན་པ།  ཞེས་པ་ལྟར་ཡིན་པས་དེས་ན་མཐར་ཐུག་གཏན་གྱི་བདེ་བ་ཐོབ་པར་འདོད་པ་རྣམས་ཀྱིས་གཡུང་དྲུང་གི་བོན་ལ་སྤྱོད་དེ།  སྡུག་བསྔལ་འཁོར་བའི་རྩ་བ་ཉོན་མོངས་པ་སྤངས་དགོས།  ཉོན་མོངས་པའི་རྩ་བ་བདག་འཛིན་སྤངས་དགོས།  བདག་འཛིན་གྱི་རྩ་བ་མ་རིག་པ་སྤངས་དགོས།  མ་རིག་པ་མ་བཟློག་ན་འཁོར་བ་མི་ཟློག  །དེ་ཟློག་པར་བྱེད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་དགོས།  ཤེས་རབ་སྐྱེ་བའི་རྒྱུ་ཏིང་ངེ་འཛིན་ལ་བསླབ་དགོས།  ཏིང་ངེ་འཛིན་སྐྱེ་བ་ལ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་དགོས།  ཚུལ་ཁྲིམས་མ་ཉམས་པར་སྲུང་ན་སྒྲིབ་པ་དག་པ་དང་།  སྒྲིབ་པ་དག་པས་ཏིང་འཛིན་གསལ་བ་དང་།  ཏིང་འཛིན་གསལ་བ་ཤེས་རབ་སྐྱེ་བ་ལ་སོགས་དེ་ལས་དེ་བྱུང་གི་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།  ད་ནི་འཁོར་བའི་བདེ་བ་སྐད་ཅིག་ཙམ་འདི་ལ་མི་ཆགས་པར་གཏན་བདེ་བླ་མེད་སངས་རྒྱས་ཀྱི་གོ་འཕང་དེ་སྒྲུབ་དགོས།  སྒྲུབ་ཚུལ་ལའང་རང་བཟོ་དང་ཕོ་ཚོད་དབང་གིས་མ་ཡིན་པར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སྟོན་པ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱའི་བློ་དང་མོས་པ་ལ་བསྟུན་ནས་རྒྱ་ཆེ་བ་བསམ་གྱི་མི་ཁྱབ།  གྲངས་མང་བ་བརྗོད་ཀྱིས་མི་ལང་གཏིང་ཟབ་པ་དཔག་གིས་མི་དཔོགས་པ་ཅིག་གསུངས་ཡོད་མོད་ཀྱང་།  མདོར་བསྡུས་ན་སྡེ་སྣོད་མཛོད་ལས།  སངས་རྒྱས་བསྟན་པའི་ཆིངས་ཆེན་རྣམ་གསུམ་ནི།  སྤྱོད་དང་སྒྲུབ་དང་སྒོམ་པ་གསུམ་པོ་སྟེ།  གང་ཟག་བློ་ཡི་རིམ་པ་ལ་ལྟོས་ན།  སྡེ་སྣོད་གསུམ་གྱི་ཉམས་ལེན་ཁོ་ནར་ཟད།  ཞེས་གསུངས་པ།  གདུལ་བྱ་སྣོད་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ན་འདུལ་བྱེད་ཀྱི་བོན་སྡེ་སྣོད་གསུམ་དུ་གསུངས་པ་རྣམས་ཀྱང་སྤོང་སྒྱུར་གྲོལ་གསུམ་གྱི་ཉམས་ལེན་ཁོངས་སུ་མ་འདུས་པ་མེད་ལ་ཇི་ལྟར་སྤོང་སྒྱུར་གྲོལ་གསུམ་བྱེད་ཚུལ་དེས་དོན་དང་བཅས་པ་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས།  མ་རིག་རྣམ་པར་རྟོག་པ་ལས།  ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱས།  དེ་ཉིད་འདུལ་བའི་གཉེན་པོ་རུ།  བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས།  དེ་ཉིད་འདུལ་ལུགས་འདི་ལྟ་སྟེ།  སྤྱིར་ན་འཆི་བའི་དུག་ཉིད་ལ།  སྤོང་བར་བྱེད་པའི་གཉེན་པོ་ནི།  ལ་ལས་དུག་ལ་དུག་ཉིད་དུ།  ངོ་ཤེས་མེ་ལ་བསྲེགས་པ་དང་།  ཆུ་བསྐྱུར་ས་འོག་སྦས་པ་ལྟར།  ཐེག་པ་ལ་ལས་ཉོན་མོངས་ལྔ།  དུག་བཞིན་དུ་ནི་སྤོང་བྱེད་ཅིང་།  གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན།  སྦྱོང་བར་བྱེད་པའི་གཉེན་པོ་ནི།  ལ་ལས་དུག་ལ་བཅོས་བསྒྱུར་ནས།  ཟོས་ནས་ལུས་ལ་ཕན་པ་ལྟར།  སྒྱུར་བར་བྱེད་པའི་གཉེན་པོ་ནི།  དུག་ལ་སྔགས་བཏབས་སྨན་འགྱུར་བཞིན།  དུག་ལྔ་ཡེ་ཤེས་སྒྱུར་བའོ།  ལམ་དུ་བྱེད་པའི་གཉེན་པོ་ནི།  རྨ་བྱས་ཟས་ལ་དུག་ཉིད་དུ།  ངོ་ཤེས་པ་ནི་ཟོས་གྱུར་པས།  གཟུགས་མདངས་རྒྱས་ཤིང་སྡུག་པ་ལྟར།  ཉོན་མོངས་ལྔ་རྣམས་དབང་དུ་བྱས།  དུག་ལྔ་སྤང་བར་མི་བྱའོ།  ཞེས་གསུངས་སོ།  སྔོན་བྱོན་མཁས་གྲུབ་གོང་མས་དེ་དག་རང་གཞན་གཉིས་ཀྱི་རྒྱུད་ལ་འཛིན་སྐྱོང་སྤེལ་ཐབས་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་འཛུགས་སྲོལ་ཡོད་པ་ལྟར།  ཚུལ་དེ་དག་གི་རྗེས་སུ་མཐུན་པར་ད་ལན་ཞང་ཞུང་སྒོ་ཕུགས་བར་གསུམ་ལས་སྒོ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཡུལ།  གནས་ཆེན་བྲག་དམར་རི་འདུས་ཀྱི་མདུན་ཞོལ་ཁྱུང་པོ་སྟེང་ཆེན་དགོན་ནམ།  དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་གི་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་ལས།  ད་ལན་འདི་ན་གཙོ་བོ་སྒྲུབ་རྒྱུད་བསྟན་པའི་རྒྱུད་འཛིན་སྒྲུབ་གྲྭ་བའི་འབྱུང་ཁུངས་བཅའ་སྒྲིག་གི་རྣམ་བཞག་ཅུང་ཙམ་བཤད་པ་ལ་དོན་རྣམ་པ་གསུམ་སྟེ།  འབྱུང་ཁུངས་ཀྱི་ཆེ་བ།  འཇུག་ཚུལ་གྱི་རྣམ་བཞག  །གྲུབ་དོན་གྱི་འབྲས་བུ་བསྟན་པའོ།  དང་པོ་འབྱུང་ཁུངས་ཀྱི་ཆེ་བ་ནི།  བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྟག་གཟིག་འོལ་མོའི་གླིང་དུ་སྐུ་བལྟམས་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཞིང་བཀའ་ཡི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བས་གདུལ་བྱ་ལས་དག་པ་རྣམས་སྟོན་པའི་ཞལ་མཇལ་བ་ཙམ་གྱིས་ལུས་འཇའ་འོད་དུ་ཡལ་སེམས་བོན་ཉིད་དུ་གྲོལ་ནས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དང་།  དེ་ནས་འཁོར་ཐམས་ཅད་རབ་ཏུ་བྱུང་སྟེ་གསས་མཁར་ཤམ་པོ་ལྷ་རྩེ་དང་།  ཁོལ་མ་ནེའུ་ཆུང་གི་གནས་གཞི་བརྩེགས་པར་རྗེས་སུ་གནང་ནས་ཕོ་གླིང་དང་མོ་གླིང་སོ་སོར་ཕྱེས་ན་གཤེན་གྱི་འདུས་སྡེ་བཀོད།  སྒོམ་པ་བསམ་གཏན་དང་ཀློག་པ་ཐོས་བསམ་གྱི་སྒོ་ནས་བསྟན་པ་སྐྱོང་བའི་བཀའ་སྲོལ་རིམ་པར་བྱུང་ཞིང་དར།  དེ་ནས་གསུང་གི་སྟོན་པ་གདུང་ཚབ་མུ་ཆོ་བྱོན་ནས་བཀའ་ལ་བཀའ་བརྟེན་གྱི་བོན་སྒོའི་དབྱེ་ཤག་དུ་མ་མཛད་དེ་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་བས་དེ་རྣམས་ཀྱིས་འཛམ་གླིང་ཡུལ་ཆེན་སྤྱི་དང་ཁྱད་པར་ཞང་ཞུང་སྒོ་ཕུགས་བར་གསུམ་དུ་འཕྲུལ་ངག་བོན་གྱི་བསྟན་པ་མཐའ་ཡས་པ་སྤེལ།  དེ་ནས་སྤུ་རྒྱལ་བོན་གྱི་རྒྱལ་ཁམས་སམ་བོད་ཁ་བ་ཅན་གྱི་ལྗོངས་སུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་ནས་བཟུང་བོན་བསྟན་སྔ་དར་སྐབས་སུ་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་སུ་འཆད་ཉན་སྒོམ་སྒྲུབ་ཆེས་ཆེར་དར་བ་ནི།  ཉི་སྒྲོན་ལས།  མུ་ཁྲིས་སྣང་བ་མདོག་ཅན་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་མ་བུ་མཚམས་པར་ཞུས།  ལྷ་རི་གྱང་ཐོ་ལ་བསྒྲུབས་པས་གྲུབ་རྟགས་བསམ་གྱིས་མི་ཁྱབ།  ཅེས་དང་།  བྱམས་མ་ལས།  དེའི་སྲས་མུ་ཁྲི་བཙན་པོས་བསླབ་པས་དོན་གོ  །སྒྲུབས་པས་དོན་གྲུབ།  བསྒོམས་པས་དོན་རྟོགས་ནས་སྟག་གཟིག་སོགས་འཛམ་གླིང་གི་ལོ་ཙཱ་བསྒྱུར།  ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས།  ཞེས་གསུངས་པས།  ཞང་ཞུང་སྒོ་པ་སུམ་པ་གླང་གི་གྱིམ་ཤོད་གནས་ཆེན་བྲག་དམར་རི་འདུས་འདི་ནི་འདུ་གནས་སོ་བདུན་གྱི་ནང་ཚན་ལས་སུམ་པ་གླང་གི་གྱིམ་ཤོད་ཟེར་བ་དེ་ཡིན་ལ་འདི་ནི་སྔ་ཕྱི་བར་གསུམ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་ཆེ་བའི་ལུང་ཟིན་གྱི་འདུ་གནས་ཁྱད་པར་ཅན་ཞིག་ཡིན་ཏེ།  ལུང་ལས་གཡུ་ལུང་ཤེལ་བྲག་མན་ཆད་ནས།  བྲག་དམར་རི་འདུས་ཡན་ཆད་ཀྱི་ཞེས་དང་།  བྲག་དམར་རི་འདུས་ཀྱི་དཀར་ཆག་ལས།  དེ་ནས་འཆི་མེད་ཡུམ་སྲས་དང་།  སུམ་པ་རྗེ་བློན་འབངས་གསུམ་དང་།  སེ་ལྡེ་མེ་གསུམ་རིག་འཛིན་དགུ།  མཐུ་ཆེན་མི་དགུ་གྲུབ་ཆེན་སོགས།  ཕྱི་ནང་གསང་བའི་བོན་མ་ལུས། བྲག་དམར་རི་འདུས་འདི་རུ་བསྒྲུབས།  ཅེས་དང་།  ཁྱད་པར་སྟེང་པོ་ཆེ་འདི་རུ།  མདོ་སྔགས་པོ་ཏི་སྟོང་ཕྱེད་གཉིས།  བསྟན་པ་རིན་ཆེན་ཀུན་ཏུ་བཞག  །ཅེས་གསུངས་པས་སྤྱི་ལོ་སྔོན་གྱི་ལོ་དགུ་བརྒྱ་ཡན་མན་དུ་བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་གནས་འདིར་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་དང་།  དེ་རྗེས་སྤྱི་ལོ་ ༧༤༩ ལོར་བན་བོན་དར་སྣུབ་སྐབས་མཁས་པ་མི་བཞི་དང་ཁྱུང་པོ་གྱེར་ཆེན་ཟླ་མེད་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་མདོ་ཁམས་སྟོད་སྨད་དུ་གཏེར་རྣམས་སྦས་རྗེས་གཤེགས་གཞུགས་མཛད་པའི་གནས་ཡིན་ཏེ།  ལེགས་བཤད་མཛོད་ལས།  བོན་གཤེན་རྣམས་ཀྱང་ལ་ལ་རྫུ་འཕྲུལ་རྩལ་གྱིས་སོ་སོར་གཤེགས།  ལ་ལ་མཁའ་སྤྱོད་ཀྱི་ཞིང་ཁམས་རྣམས་སུ་གཤེགས།  ལ་ལ་སྲིད་པའི་ལུགས་དང་བསྟུན་ནས་སྔར་གྱི་བོན་གཤེན་གྱི་ཆས་རྣམས་བསྒྱུར་ཏེ།  དབུ་ལ་དོམ་ཞུ་དོམ་ར་རེ་རེ་གྱོན།  སྐུ་ལ་དུག་པོ་རྩི་བེར་རེ་རེ་མནབས།  ཕྱག་ན་ཁ་ཊྃ་སྦ་བེར་རེ་རེ་བཟུང་།  རྒྱབ་ཏུ་བེ་བུམ་པ་ཏྲ་ཅན་རེ་རེ་ཁུར་ན་སུམ་པ་གླང་གི་གྱིམ་ཤོད་དུ་གཤེགས་པར་ཆས་སོ།  ཞེས་གསུངས།  དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་སྟོད་ནས་ཁུངས་བཙུན་པ་རྒྱལ་གཤེན་བྲུ་ཞུ་སྤ་རྨེའུ།  བར་ན་གྲགས་ཆེ་བ་ཁྱུང་པོ་དཀར་ནག་སེར་གསུམ།  སྨད་ན་རྒྱ་ཆེ་བ་ཞིག་པོ་བཅོ་བརྒྱད་གཙོས་མཁས་པའི་གདན་རབས་དང་གྲུབ་པའི་གདུང་རབས་རྣམས་སུ།  ལུང་རྟོགས་བསྟན་པ་འཛིན་པའི་བླ་སྤྲུལ།  ལྟ་སྒོམ་ཉམས་ཀྱིས་ཕྱུག་པའི་རྟོགས་ལྡན།  སྒོམ་སྒྲུབ་དོན་ལ་བརྩོན་པའི་རྣལ་འབྱོར།  འཇིག་རྟེན་སྒྱུ་མར་ཤེས་པའི་བྱ་བཏང་།  མདོ་སྔགས་གཞུང་ལ་མཁས་པའི་བཤེས་གཉེན།  སྡོམ་གསུམ་སྲོག་ལས་གཅེས་པའི་རབ་བྱུང་གི་ཚོགས་ནམ་མཁའི་དབྱིངས་སུ་སྐར་ཚོགས་བཀྲ་བའམ།  དཔྱིད་དུས་ཤིང་ལ་མེ་ཏོག་ཤར་བ་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་རྣམས་ལས་ཁྱད་དུ་འཕགས་པ་རྒྱུ་སྐར་ཁྲོད་ན་ཉི་ཟླ་དང་།  རི་ཕྲན་དབུས་ན་ལྷུན་པོ་ལྟ་བུའི་སྔར་དུས་སུ་རྗེ་བཙུན་དམ་པ་ཡབ་སྲས་དང་།  བར་དུ་རྗེ་སྨན་རི་བ་མཉམ་མེད་ཡབ་སྲས་དང་།  ཕྱིས་སུ་དཔལ་ཤར་རྫ་འཇའ་ལུས་ཡབ་སྲས་རྣམས་བྱོན་ཏེ་དེ་ཡང་ཐོག་མར་བསྟན་པ་ཕྱི་དར་གྱི་སྐབས་གཏེར་ནས་བྱོན་པའི་བོན་སྡེ་སེམས་ཕྱོགས་རྣམས་ཀྱང་བར་སྐབས་སུ་བཀའ་བཤད་རྒྱུད་དཔེ་རྒྱུད་ལྟ་བུར་སོང་ནས།  བོན་ཕྱོགས་ཙམ་ལས་མན་ངག་དགོངས་ཉམས་ཀྱི་རྒྱུད་པའི་སྲོལ་མ་ཚུགས་ཏེ།  ཐེག་ཆེན་ཉམས་རྒྱུད་ཀྱི་བཀའ་ལྡིང་བ་ལྟར་གྱུར་བ་ལ།  མཁོ་བའི་དུས།  དགོས་པའི་སྐབས།  མེད་ཐབས་མེད་པའི་ཐད་ཀར་རྨེའུ་དམ་པ་དགོངས་མཛོད་རི་ཁྲོད་ཆེན་པོ་བྱོན་པ་ལ་བརྟེན་ནས་དར་རྒྱས་སུ་འཕེལ་ཏེ་གཡས་རུ་དཀར་པོ་བྲག་སོགས་དབེན་གནས་རྣམས་སུ་ལོ་བཅུ་གཉིས་སུ་བཙུན་པའི་འཁོར་སྤངས་ནས་སྒོམ་སྒྲུབ་ཉམས་ལེན་ཁོ་ནར་མཛད་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཏེ་གྲུབ་རྟགས་དང་རྫུ་འཕྲུལ་དག་སྣང་སོགས་ས་ལམ་གྱི་ཡོན་ཏན་དུ་མར་མངའ་བརྙེས་པ་དང་།  དེ་རྗེས་འཁོར་དུ་འདུས་པ་རྣམས་སྡེ་བཞི་རུ་ཕྱེས་ཏེ་ཐེག་ཆེན་གྱི་བོན་ལ་འཆད་ཉན་སྒོམ་སྒྲུབ་ཁོ་ན་མཛད་དོ།  ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས།  ཟབ་དོན་རྣལ་ཕབ་རྟོགས་ལྡན་སྒོམ་ཆེན་སྡེ།  རིམ་གཉིས་དབང་བསྒྱུར་སྒྲུབ་གཤེན་སྔགས་པའི་སྡེ།  བསླབ་གསུམ་དྲི་མེད་གཙང་སྤྱོད་བཙུན་པའི་སྡེ།  ཐེག་ཆེན་སར་ཞུགས་གཡུང་དྲུང་སེམས་དཔའི་སྡེ།  འཁོར་སྡེ་བཞི་ལ་ཟབ་མོའི་བོན་འཆད་བཞིན།  ཞེས་གསུངས་པས།  དེ་ཕྱིན་ཆད་ནས་འཇིག་རྟེན་ཚེ་འདིའི་སྣང་བ་བློས་གཏོང་ཞིང་ཕྱི་མ་དོན་དུ་གཉེར་བའི་ཀུན་སློང་གིས་རི་ཁྲོད་དང་།  བྲག་ཕུག་འགྲིམ་ནས་སྒོམ་སྒྲུབ་ཀྱི་སྲོལ་དོད།  ཐེག་ཆེན་སྒྲུབ་རྒྱུད་ཀྱི་བསྟན་པ་དར་རྒྱས་སུ་སྤེལ་ཏེ་ཕྱི་རབས་པ་རྣམས་ལ་བཀའ་དྲིན་ལྷག་པར་ཆེ་བའོ།  སྐབས་དེའི་དུས་ང་ཚོའི་དགོན་པ་འདི་ཡང་སྲིད་པའི་རྒྱལ་མོས་ལུང་བསྟན་བཞིན་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས་ ༡༠༦༡ ལོར་ཕྱག་བཏབ་སྟེ་འདུལ་བ་མདོ་ཡི་བསྟན་པ་འཛིན་སྐྱོང་སྤེལ་གནས་བྱས་པ་དང་།  དེའི་སྔོན་ ༡༠༡༢ ཐ་ཡུད་ཝེར་ཞིས་ཀུན་ཁྱབ་གླིང་བྱ་བ་བཏབ་ནས་གསང་སྔགས་པ་རྣམས་བསྙེན་སྒྲུབ་ལས་སྦྱོར་ལ་བརྩོན་པ་དང་།  དེ་སྐབས་དོན་རྟོགས་ཐེག་ཆེན་རྣལ་འབྱོར་པ་རྣམས་བྲག་དམར་རི་འདུས་ཀྱི་རྩེ་ལ་ལྟ་སྒོམ་ཉམས་ལེན་སྐྱོང་བཞིན་སྤོང་སྒྱུར་གྲོལ་གསུམ་གྱི་ལམ་ལ་ཞུགས་པའོ།  བར་དུ་ས་གསུམ་ན་འགྲན་ཟླ་བྲལ་བའི་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་བྱོན་ནས་སྔ་འགྱུར་ཞྭ་དཀར་བསྟན་པའི་རྒྱལ་མཚན་ཕྱར།  རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་རྒྱས་པར་མཛད་པས་བསྟན་པའི་བདག་པོ་རྒྱལ་བ་སྨན་རི་བ་ཞེས་དོན་དང་ལྡན་པའི་གྲགས་པ་འབར་ཏེ།  བླ་ཆེན་དྲན་པ་ནམ་མཁའ་སོགས་རིགས་འཛིན་མཁའ་འགྲོའི་བསྟོད་པ་ལས།  ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས།  བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར།  སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས།  ཅེས་གསུངས་པས་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་འདི་ནི།  ཕྱི་ལྟར་ངུར་སྨྲིག་གི་རྒྱལ་མཚན་སྐུ་ལ་འཆང་བའི་རྣམ་དག་འདུལ་འཛིན་ཆེན་པོ།  ནང་ལྟར་བྱང་ཆུབ་སེམས་གཉིས་ཐུགས་ལ་མངའ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ།  གསང་བ་ལྟར་ན་གསང་སེམས་བླ་མེད་ཀྱི་ལྟ་དགོངས་ཟབ་མོ་ལ་དབང་སྒྱུར་བའི་གསང་བདག་རིག་འཛིན་ཆེན་པོ་ཡིན་ཏེ།  སློབ་དཔོན་མངའ་རིས་པ་ཆེན་པོས།  འདུལ་ཁྲིམས་བསླབ་བྱའི་མངའ་བདག་དྲང་སྲོང་རྒྱལ།  ཟབ་ལམ་སྔགས་ཀྱི་བདག་ཉིད་གསང་བ་འདུས་གཤེན།  གནས་ལུགས་རྫོགས་ཆེན་དོན་རྟོགས་ཀུན་ཏུ་བཟང་།  རྒྱུད་གསུམ་མངའ་བདག་མཁས་གྲུབ་སྤྱན་གཅིག་པ།  ཞེས་གསུངས་སོ།  དེའང་སྐུ་ཆུང་ནས་གདུལ་བྱའི་དོན་ལ་དགོངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་བཤེས་གཉེན་བཟང་པོ་དུ་མའི་མདུན་རྒྱུ་འབྲས་བླ་མེད་ཀྱི་ཐེག་པའི་གཞུང་དོན་ཀུན་གསན་བསམ་ཉམས་བཞེས་མཐར་ཕྱིན་མཛད་པས་མཆོག་ཡི་དམ་ལྷ་ཡི་ཞལ་གཟིགས་པ་དང་།  ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་གྲུབ་རྟགས་དུ་མ་བསྟན་ཞིང་དཔལ་ལྡན་སྨན་རིའི་ཁྲོད་དུ་སྒྲུབ་སྡེའི་འདུ་གནས་བཏབ་ནས་བཤད་སྒྲུབ་སྒོམ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་སྤེལ་བས་སྙིགས་དུས་འདིར་བཀའ་དྲིན་འགྲན་ཟླ་མེད་པར་གྱུར་པ་དང་།  གཞན་ལས་ལྷག་པའི་ཁྱད་པར་གྱི་ཆེ་བ་བཞི་ཡོད་དེ།  དང་པོ་ཕྱི་ཀུན་སྤྱོད་སོ་ཐར་དང་མཐུན་པས་བསྟན་པའི་མཛེས་རྒྱན་དུ་གྱུར་ཅིང་འགྲོ་ཀུན་དྭངས་བ་འདྲེན་པ་དང་།  ནང་བློ་སྦྱོང་བྱང་སེམས་དང་མཐུན་པས་བསྟན་པའི་གཞུང་ལམ་ཟིན་ཅིང་དོན་གཉིས་ལྷུན་གྱིས་གྲུབ་པ་དང་།  གསང་བའི་ཉམས་ལེན་སྔགས་སེམས་དང་མཐུན་པས་བསྟན་པའི་སྙིང་པོ་ལོན་ནས་མཐུ་སྟོབས་ནུས་པ་ཆེ་བ་སོགས་གང་ཟག་གཅིག་ལ་སྡོམ་པ་སུམ་ལྡན་གྱི་བཅའ་བ་མཛད་དེ།  རྒྱལ་གཤེན་རྣམ་ཐར་ལས།  སྤྱོད་པའི་ཚུལ་ལམ་འདུལ་བའི་ཁྲིམས་ཀྱིས་བསྡམས།  ཡིད་སྦྱོར་སྣོད་བཅུད་ལྷ་དང་གཞལ་ཡས་བསྒྱུར།  བྱང་སེམས་སྙིང་རྗེས་ཀུན་གྱིས་གཞི་རྨིང་བརྟན།  རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་ཞབས།  ཞེས་སོ།  །གཉིས་པ་ཐུན་མོང་མདོ་ལམ་ལ་སྔོན་འགྲོ་རྒྱུད་སྦྱོང་དང་།  ཐུན་མིན་གསང་སྔགས་ལ་དངོས་གཞི་གཞུང་ལམ་དང་།  ཁྱད་པར་རྫོགས་ཆེན་ལ་རྗེས་ཀྱི་ཉམས་ལེན་དུ་མཛད་པའི་སྨིན་གྲོལ་གཅིག་ལ་མདོ་སྔགས་འགལ་མེད་དུ་བཀའ་སྲོལ་སྤེལ་བ་ནི།  འཁོར་སྤངས་དགོན་པ་མཛད་པའི་མདོ་ལས།  གསང་རྒྱུད་ཐེག་ཆེན་ལྟ་བའི་སྤྱི་ཁོག་དབུབ།  ནང་རྒྱུད་གསང་སྔགས་སྒོམ་པའི་སྙིང་པོ་བཙལ།  ཕྱི་རྒྱུད་འདུལ་ཁྲིམས་སྤྱོད་པའི་ལ་དོར་བྱ།  དེ་གསུམ་ཟུང་འབྲེལ་བདག་གཞན་དོན་གཉིས་འགྲུབ།  ཅེས་གསུངས་པ་ལྟར་དང་།  གསུམ་པ།  ལྟ་བ་རྫོགས་ཆེན་གྱི་མན་ངག་ལ་བརྟེན་ནས་དོན་རྒྱུད་ཀྱི་བྱིན་རླབས་ལེན་པ་དང་།  སྒོམ་པ་གསང་སྔགས་ཀྱི་རིམ་གཉིས་ལ་བརྟེན་ནས་ཉམས་གྱི་གཞུང་ལམ་བསྲང་བ་དང་།  སྤྱོད་པ་འདུལ་བའི་བསླབ་བྱ་ལ་བརྟེན་ནས་རྗེས་འཇུག་གི་མིག་ལྟོས་སྤེལ་བ་ཉམས་ལེན་གཅིག་ལ་ལྟ་སྤྱོད་ཟུང་འབྲེལ་གྱི་ལག་ལེན་སྐྱོང་བ་སྟེ།  བསྟན་པ་རྗེས་བཞག་གི་མདོ་ལས།  ལྟ་བ་ཡས་ཕུབ་ཐེག་ཆེན་དོན་དང་ལྡན།  སྤྱོད་པ་མས་འཛེགས་འདུལ་ཁྲིམས་རྣམ་པར་དག  །སྒོམ་པ་འོད་གསལ་གསང་བ་སྔགས་ཀྱི་དོན།  དེ་གསུམ་ཟུང་འབྲེལ་བཀའ་ལུང་གཏན་ལ་ཕབས།  ཅེས་གསུངས་པ་ལྟར་དང་།  བཞི་པ་བཀའ་གཞུང་ཉན་བཤད་ཀྱི་སྒོ་ནས་ཐོས་བསམ་གྱི་མཐའ་རྒྱ་བཅད།  སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་སྒོམ་པའི་སྲོག་མཁར་བཙུགས་པས་འཛུགས་ཚུལ་གཅིག་ལ་བཤད་སྒྲུབ་གཉིས་མཉམ་གྱི་རྗེས་བཞག་མཛད་དེ་སྨྲ་དབང་བསྟན་འཛིན་རྣམ་དག་གིས།  རྒྱལ་གཤེན་བསྟན་མཆོག་དལ་བབ་འདུས་པའི་མཛོད།  རྨད་བྱུང་དཔྱད་གསུམ་གཟིངས་ཀྱིས་བརྒལ་བྱས་ཏེ།  རིག་གྲོལ་དབྱིག་གི་དབང་མཛོད་བསྡུ་བར་མཛད།  དགེ་ལེགས་ཡོན་ཏན་སྦྱིན་འགྱེད་མཉམ་མེད་ཞབས།  ཞེས་གསུངས་སོ།  དེ་ལྟར་ཁྱད་པར་གྱི་ཆེ་བ་བཞི་དང་ལྡན་པའི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པས་འཛམ་གླིང་བོན་གྱི་གཙུག་རྒྱན་ཡོངས་རྫོགས་བསྟན་པའི་བདག་ཉིད་ཡིན་པའི་རྒྱུ་མཚན་དེ་ལྟར་ཡིན།  ཕྱིས་སུ་མཉམ་མེད་ཆེན་པོའི་སྒྲུབ་རྒྱུད་ཀྱི་བཀའ་སྲོལ་དྲི་མ་མེད་པ་སྤེལ་བའི་ངེས་པ་དོན་གྱི་བསྟན་འཛིན་ནི་དཔལ་ཤར་རྫ་འཇའ་ལུས་པ་ཡིན་ཏེ་སྨན་སློབ་སངས་རྒྱས་བསྟན་འཛིན་གྱིས།  ཁྱད་པར་ཁྱེད་ཀྱིས་མཉམ་མེད་བླ་མ་ཡི།  བསྟན་པ་མར་ཞི་དྭངས་མའི་རྒྱལ་མཚན་མཆོག  །གསལ་བྱེད་བྱི་དོར་འབུམ་གྱིས་གཅེས་སྤྲས་བཅས།  མི་ནུབ་སྲིད་རྩེར་བསྒྲེངས་ལ་སྙིང་ནས་གུས།  ཅེས་སོ།  དེའང་སྐུ་གཞོན་དུས་ནས་རང་བྱུང་གི་རྟོགས་པ་མཆོག་ཏུ་མངའ་བས་གྲུབ་པའི་ས་ལ་བཞུགས་ཀྱང་།  ད་ལྟའི་དུས་འདིར་གྲུབ་པ་བས་བཙུན་པའི་སྒོ་ནས་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་སྐུ་བཙུན་པའི་ཆས་སུ་ཞུགས་ཏེ་མདོ་སྔགས་རྫོགས་ཆེན་དང་བཅས་པའི་ཉམས་བཞེས་བསྐྱངས་ཏེ།  རྒྱུད་བཟང་ཁུངས་བཙུན་ཨ་རྫོགས་སྙན་གསུམ་དང་སངས་རྒྱས་རྒྱུད་གསུམ།  གབ་མཛོད་ས་གསུམ་སོགས་དང་།  དེ་བཞིན་བཀའ་བརྟེན་སྡེ་ལྔ་དང་འཕྲུལ་སྒྲོན་རྣམ་ལྔ་སོགས་ལ་བརྟེན་ནས་བཀའ་བབ་གཙང་སྟོན་བཅོ་བརྒྱད་དང་མཉམ་མེད་རྒྱལ་བ་སྨན་རི་བའི་བཤད་སྒྲུབ་ཀྱི་སྲོལ་གཏོད་པའི་གོང་མའི་རིང་ལུགས་ཀྱི་བཀའ་སྲོལ་རྩ་བ་བཟུང་ནས།  བསྟན་པ་ལ་གཅེས་སྤྲས་ཆེ་བར་མཛད་དེ།  ཉིད་ཀྱི་ཞལ་ནས།  དེང་སང་སྙིགས་མའི་དུས་ངན་འདིར།  སྔར་སྲོལ་བཟང་པོ་ཕར་ཕར་ནུབ།  ཕྱིས་སྲོལ་གསར་བ་ཚུར་ཚུར་དར།  བཀའ་རྒྱུད་བྱིན་ཅན་ཕར་ཕར་ནུབ།  རང་བཟོའི་བོན་སྐོར་ཚུར་ཚུར་དར།  དེ་འདྲའི་དུས་ཀྱི་ཐ་མ་འདིར།  སྤྱིར་ན་དགེ་ལ་འདུན་པ་དཀོན།  ཡང་དགོས་འཁོར་བ་བློས་བཏང་དཀོན།  ཁྱད་པར་རང་རྒྱུད་ཐུལ་བ་དཀོན།  གདམས་ངག་རྒྱུད་ལ་སྦྱར་བ་དཀོན་ཞེས་དང་།  སྙིང་ནས་རྒྱུད་ལ་སྦྱར་སྙམ་ན།  ཉམས་ལེན་ཨ་རྫོགས་སྙན་གསུམ་མཆོག  །མཆོག་ཐུན་མ་བྱམས་རྣམ་གསུམ་མྱུར།  ཡི་དམ་ཁྲོ་ཕུར་ཞང་གསུམ་ཟབ།  ཅེས་དང་།  བསྟན་སྲུང་མ་བདུད་བཙན་གསུམ་མྱུར།  ལུགས་སུ་གྲྭ་ས་ཡར་བཞུགས་སྐྱོང་།  ཅེས་དང་།  རང་མཚན་འདོན་བྱེད་བླུན་གཏམ་སོགས།  ཆལ་ཆོལ་ཅན་གྱི་བོན་སྡེ་རྣམས།  བོན་གྱི་ཆོམ་རྐུན་བསྟན་པའི་འདྲེ།  དེ་འདྲར་རྒྱང་ནས་བྱོལ་བྱས་ཏེ།  ཞེས་སོགས་བསྟན་འགྲོར་ཕན་པའི་གདམས་ངག་རྒྱུས་པ་ཅན་མང་པོ་གསུངས་ཡོད།  དེང་སང་མཁས་པ་འགའ་ཞིག་འཆད་ཉན་ལ་གཡེང་ནས་སྒྲུབ་པ་ཉམས་ལེན་བྲལ་བ་དང་།  ཁ་ཅིག་འཆད་ཉན་བསྐྱུར་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མང་ཡང་།  དམ་པ་མཆོག་ནི་ཉམས་ལེན་སྒྲུབ་བརྒྱུད་བསྟན་པའི་བདག་པོར་བཞུགས་ཀྱང་།  དེ་ལ་འཆད་ཉན་གྱི་རྒྱབ་བརྟེན་མེད་ན་བསྟན་པའི་གཞུང་ལམ་མི་ཟིན་ཞིང་སྒོམ་པའང་གླེན་སྒོམ་དུ་འགྲོ་བར་དགོངས་ནས་འགྲོ་དོན་གྱི་གཙོ་བོར་འཆད་ཉན་གྱི་ངང་ནས་སྒོམ་སྒྲུབ་ལ་སྐུ་ཚེ་བསྐྱལ་བ་ཡིན་ཏེ།  མཛོད་བསྟོད་ལས།  བློ་གཏད་ཚེ་འདི་ལ་ཞེན་སྨྲ་བའི་ལྗགས།  ཐུང་ཡང་མཐོན་པོའི་ཁྲི་ལ་འགྱིང་བ་དང་།  ཞལ་རས་བེར་ཟླུམ་གྱིས་དྲིལ་སྟོང་སྒོམ་གྱིས།  ཕྱི་པའི་ཏིང་འཛིན་སྐྱོང་དང་ཁྱོད་མི་འདྲ།  ཞེས་སོ།  དེ་ནས་སྤྱོད་པ་འདུལ་བ་དང་མཐུན་པའི་བསྟན་པའི་མཛེས་རྒྱན་དུ་གྱུར་པ་དང་སྒོམ་པ་གསང་སྔགས་དང་མཐུན་པས་གྲུབ་གཉིས་ཀྱི་གཟི་བྱིན་མཐོང་བ།  ལྟ་བ་བླ་མེད་དང་མཐུན་པས་གདོད་མའི་གཏན་སྲིད་ཟིན་པ་སྟེ་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལམ་བཟང་བའི་ཁྱད་པར་དང་།  ལུང་དོན་བཤད་པ་དང་འབྲེལ་བས་བླུན་སྒོམ་གྱི་གོལ་ས་ཆོད་པ་དང་། སྒྲུབ་རྒྱུད་བབས་སོ་དང་འབྲེལ་བས་ས་ལམ་གྱི་རྟོགས་པ་བརྙེས་པ་དང་།  ཕྲིན་ལས་རྗེས་བཞག་འབྲེལ་བས་བསྟན་པའི་གཞི་རྐང་ཚུགས་པ་སྟེ། བཤད་སྒྲུབ་ལས་ཀྱི་ཕྱག་ལེན་དང་འབྲེལ་བའི་ཁྱད་པར་ལྡན་པ་གང་ལ་བསམ་ཀྱང་རྗེ་མཉམ་མེད་ཆེན་པོའི་བསྟན་པ་སྤེལ་བ་ལ་འགྲན་ཟླ་མེད་པའོ། སྐབས་དེ་དུསང་ཚོའི་བསྟན་རྒྱས་གླིང་འདི་ཡང་བསྒྲགས་བྱང་ལས།  བྲག་དམར་མེ་རི་མཆེད་འདྲའི་ཞོལ།  གསང་གསུམ་གཏེར་གྱི་སྒྲོམ་བུ་ཁར། བཤད་སྒྲུབ་འདུས་སྡེ་རྒྱས་པར་འགྱུར། ཞེས་ལུང་ཟིན་གྱི་ས་གནས་ཁྱད་པར་ཅན་གཏེར་སྒྲོམ་ཁར་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་གཏེར་ཆེན་བདེ་ཆེན་གླིང་པ་རྣམ་གཉིས་ཀྱི་ལུང་བསྟན་བཞིན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་རྐྱང་འཕགས་ཚེ་དབང་བསྟན་རྒྱལ་གྱིས་སྤྱི་ལོ་ ༡༨༦༢ ལོར་གསར་སྤོས་མཛད་དེ།  མཁས་གྲུབ་གཡུང་དྲུང་གྲགས་པ་དང་། མེ་སྟོན་ཉི་མ་རྒྱལ་མཚན།  རྣམ་གསུམ་གྱིས་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་སྲོལ་བཟུང་སྟེ་འགྲོ་རྣམས་སྨིན་གྲོལ་གྱི་ས་ལ་བཀོད་པའོ།  དེ་ལྟར་གྱི་ཆེ་བ་དེ་ལྡན་གྱི་རིང་ལུགས་འདི་ནི་རང་རེ་འཕྲུལ་ངག་བོན་གྱི་རྗེས་འཇུག་རྣམས་ཀྱིས་ཤེས་པར་བྱ་བའི་གནས། འཇུག་པར་བྱ་བའི་ཡུལ། བསླབ་པར་བྱའི་དོན་མ་ནོར་བ་ཡིན་པས། ཐོག་མར་ཕ་ཆོས་གང་ཡིན་འདྲ་བ་ནང་ནས་ངོ་ཤེས་པ་ཞིག་དགོས། བར་དུ་མཇུག་ཡུལ་ངོས་ཟིན་ནས་སྔོན་བྱོན་གོང་མའི་མཛད་སྲོལ་རྗེས་འཇུག་གདུལ་བྱའི་ཉམས་ལེན་བྱ་བ་ཡིན་པས།  དེའི་རྗེས་སུ་འཇུག་ནུས་པ་ཞིག་དགོས། མཐར་རྗེས་སུ་ཞུགས་ནས་ཀྱང་དམ་པ་གོང་མའི་རིང་ལུགས་བཞིན་དེ་ཉིད་གཟུགས་བརྙན་ཙམ་དུ་མ་སོང་བར་ཕ་ཤུལ་བུས་ཟིན་པ་ཞིག་བྱ་དགོས་ཏེ།  དབྲ་སྲས་འཇའ་ལུས་པ་ཆེན་པོའི་ཞལ་ལས།  ཕ་རྗེས་བུ་འཇུག་ཞིག་ནུས་པའི་སློབ་མ་ཡོད་ན།  བཤད་གཡམ་ཚིག་སྙན་ལ་མ་རེ་བློ་སྣ་བསྟུངས་ནས།  རྒྱལ་དབང་ཤར་རྫ་པ་ཆེན་པོའི་བཀའ་སྲོལ་ཇི་བཞིན།  དབེན་པའི་རི་ངོགས་སུ་སོང་ལ་ཉམས་ལེན་མཛོད་ཅིག  །ཅེས་དང་།  མདོ་སྔགས་ཀྱི་སྨིན་གྲོལ་ཞུ་ངེས་ན། ཁ་བཤད་ལ་མི་ཚེ་མ་བསྐྱལ་བར། ཉམས་ལེན་ལ་སྙིང་རུས་བྱས་བྱས་ནས།  ད་ཐོས་དོན་རྒྱུད་ལ་འབྱོར་ནས་གདའ།  ཞེས་གསུངས་སོ།  དེ་ལྟར་རིང་ལུགས་འཛིན་པའི་བོན་གྱི་འདུས་སྡེ་ཆེན་པོ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་འདི་ནི་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་ནས་བཟུང་བླ་རབས་ཉེར་བདུན་བར་འཕོ་འགྱུར་དང་འཕེལ་འགྲིབ་ཅི་རིགས་སུ་བྱུང་ཡོད་པ་དེ་ནི།  ལོ་རྒྱུས་ཀྱི་རང་གཤིས།  འདུས་བྱས་ཀྱི་སྤྱི་ལུགས།  སྤྱི་ཚོགས་ཀྱི་མཚན་ཉིད་ཡིན་ཏེ།  བོད་ཀྱི་ལོ་རྒྱུས་ལས།  ཞོགས་པའི་ཁྲིམས་དཔོན་དགོང་མོར་བཙོན་དུ་ལྷུང་།  མལ་གྱི་གྲོགས་མོ་སྲོག་གི་གཤེད་དུ་བབས།  བཀུར་བྱའི་བླ་མ་བསད་བྱའི་དགྲར་སྣང་བ།  སྣ་ཚོགས་འགྱུར་བ་སྲིད་པའི་ཆོས་ཉིད་དངོས། ཞེས་གསུངས་པ་ལྟར་ཡིན་ལ་མཐར་རིག་གནས་གསར་བརྗེའི་དྲག་ཆར་རླུང་འཚུབ་ཀྱིས་རྒྱལ་བསྟན་ཡིད་བཞིན་ནོར་བུ་རྨོངས་དད་ཀྱི་གོ་ལུད་ནང་དུ་ཁྱེར་ན་ཡང་། སླར་ཡང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྟེན་ནས་རྒྱལ་བསྟན་སྤྲིན་བར་གྱི་ཉི་མ་ལྟ་བུ་ཞིག་ཤར་བའི་སྐབས་སྐྱབས་མཆོག་བླ་མ་ཤེས་རབ་དགེ་ལེགས་རིན་པོ་ཆེས་སྤྱི་ལོ་ ༡༩༨༦ ལོར་ཉམས་གསོ་བྱས་ཤིང་ཁྱད་པར་ ༡༩༨༧ བོད་ཟླ་ ༡༡ པའི་ཚེས་ ༡༨ རྒྱལ་ཕུར་འགྲུབ་སྦྱོར་ཉིན་སྒྲུབ་གྲྭ་བཙུགས་ཤིང་། དེ་རྗེས་ ༡༩༨༨ ཧོར་ཟླ་ ༧ པའི་ཚེས་ ༡༣ ཉིན་བོན་གྱི་འདུ་གནས་གྲྭ་ས་ཆེན་པོ་གཡུང་དྲུང་གླིང་གི་བཤེས་གཉེན་དམ་པ་ཤེས་རབ་བསྟན་འཛིན་མཆོག་དང་། ཁྲ་དགོན་མཁན་རིན་པོ་ཆེ་སྐལ་བཟང་གཡུང་དྲུང་དང་།  རང་དགོན་གྱི་སྐྱབས་རྗེ་ཤེས་རབ་དགེ་ལེགས་སོགས་ཀྱིས་ཕྲན་རང་ཉིད་ཁྱི་ལ་སེང་གེའི་མིང་བཏགས་ནས་ཁྲི་བཀོད་མངའ་གསོལ་བྱས་པ་དང་།  བོང་བ་གསེར་གཟིགས་འགས། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་ལུང་བསྟན་ལས། ཁྱུང་ཡུལ་སྦས་པའི་ནོར་བུ་དེས།  ཡང་གསང་བོན་གྱི་སྒྲོན་མེ་སྤར།  ཅང་ཤེས་རྟ་ཡི་ཆགས་ཤིང་དེ། དུལ་བའི་མདངས་ལ་ལན་གཅིག་བཅོལ། ཐ་མ་རང་ལག་འབྱོར་བའི་དུས། བཟུང་ལུགས་ཤེས་ན་རང་མལ་གནས། གསང་གླིང་པས་འདུལ་བོན་འོད་ཀྱིས་ཕྱོགས་བརྒྱར་ཁྱབ།  གཤང་ཆེན་པད་མོ་རྒྱས་ལྟར་འགྱུར། ཅེས་སོགས་ལུང་བསྟན་རྡོ་རྗེའི་བྲག་ལ་རྫུན་ཕུགས་གཏད་ཀྱང་།  བདག་ལ་དེ་འདྲའི་ཤེས་བྱ་འཇོན་ཐང་མེད་པ་ནི་ཉམས་རྒྱུས་ཅན་རྣམས་ཀྱི་ཐུགས་གསང་མེ་ལོང་ངོས་ལྷང་ངེར་གསལ་བ་ལགས་ཀྱང་། གནས་སྐབས་བྱ་མེད་སར་བོང་བུས་ནམ་ཚོད་འཛིན་པའི་དཔེ་ལྟར་འཆད་ཉན་སྒོམ་སྒྲུབ་སོགས་དགེ་བསྐུལ་གྱི་ཟོལ་སྟོན་བཞིན་མཆིས།  གཉིས་པ་འཇུག་ཚུལ་གྱི་རྣམ་བཞག་ལ།  དགོན་འདིའི་བསྟན་པའི་མངའ་བདག་རྒྱལ་བ་བློ་ལྡན་སྙིང་པོའི་ཞལ་ནས། བཤེས་གཉེན་བསྟེན་ཞིང་ཚུལ་ཁྲིམས་སྡོམ་ལ་གནས།  ཐོས་པའི་གཏིང་དཔོག་བསམ་པའི་བློ་གྲོས་འཆང་།  དེ་ནས་སྒོམ་པའི་དོན་ལ་དྲིལ་བ་འདི། རྒྱལ་བའི་བསྟན་པ་འདི་ཡི་ཁྱད་བོན་ལགས། ཅེས་གསུངས་པ་ལྟར་གྱི་བཤད་སྒྲུབ་ཀྱི་བསྟན་པའི་སྒོར་འཇུག་ཚུལ་ལ་བཞི་ཏེ། བློ་མཚན་ལྡན་བླ་མ་ལ་གཏད།  རྟེན་ཚུལ་ཁྲིམས་རྣམ་དག་གིས་བསྡོམ།  ཁོག་ཐོས་བསམ་ཡང་དག་གིས་དབུབ།  མཐའ་སྒོམ་སྒྲུབ་ཚད་ལྡན་གྱིས་བསྡུ་དགོས། དེ་དག་ཀྱང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་དག་སྐྱེ་བས་གོ་རིམ་མ་ནོར་ཞིང་ཆད་ལྷག་མ་སོང་བ་ཞིག་གལ་ཆེ་ལ། དང་པོ་བློ་མཚན་ལྡན་བླ་མར་གཏད་ཚུལ་ལའང་གཉིས།  མཚན་ལྡན་བསྟེན་ཅིང་མཚན་དང་མི་ལྡན་པ་སྤང་དགོས། དང་པོ་རྗེ་མཉམ་མེད་བླ་མའི་རིང་ལུགས་རྒྱལ་བསྟན་གཞུང་བཞིན་སྐྱོང་བའི་བཤེས་གཉེན་ཞིག་བཙལ་ནས་གུས་པས་བསྟེན་ཅིང་ཅི་གསུངས་དང་ལེན་གྱི་སྒོ་ནས་སངས་རྒྱས་དངོས་མཐོང་གི་འདུ་ཤེས་དང་མི་འབྲལ་བར་རྗེས་སུ་འཇུག་དགོས་ཏེ།  ཚོགས་བཤད་ལས།  རྒྱལ་བསྟན་གཞུང་བཞིན་བསྐྱངས་ན་བླ་མ་ཡིན། བླ་མའི་རྗེས་སུ་ཞུགས་ན་སློབ་མ་ཡིན། ཞེས་གསུངས། བླ་མ་ཟེར་བ་དེ་འཇིག་རྟེན་མི་ཆོས་ཀྱི་ལྟ་བ་གདུང་རྒྱུད་ཡོད་མེད་དང་།  སྤྲུལ་སྐུ་ཡིན་མིན་དང་། མཁན་པོ་སྐོས་མིན་སོགས་ལ་མ་ལྟོས་པར། དང་པོ་རྒྱ་ཆེ་ཐོས་པ་མང་དུ་བཙལ།  བར་དུ་ཐོས་དོན་མ་ལུས་རྒྱུད་ལ་སྐྱེས།  ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན་པའི་མཚན་ལྡན་བླ་མ་ཞིག་དགོས།  དེ་ཡང་མདོ་སྔགས་ཕྱི་ནང་གི་གཞུང་ལས་མང་དུ་གསུངས་ཀྱང་།  གཞན་ཕན་བྱང་ཆུབ་སེམས་ཀྱི་རྨིང་གཞི་ཐོག མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་ཐོགས་པ་མེད་པ།  གྲུབ་པའི་ཡོན་ཏན་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པ།  བསྟན་འཛིན་གྱི་ཡོན་ཏན་མཁས་བཙུན་བཟང་གསུམ་འཚོགས་པ།  ཆེན་པོའི་ཡོན་ཏན་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་དཀར་འཇམ་ཡུག་གཅིག་གིས་བསྟན་འགྲོར་ཕན་པ་ཞིག་དང་།  མདོར་ན་བཤད་སྒྲུབ་སྒོམ་གསུམ་ལས་རིམ་བཞིན་སྦྱང་འབྲས་ཐོན་པའི་འོས་ཡོད་ཀྱི་བླ་མ་ཞིག་རྙེད་ན་རབ་མིན་ཀྱང་།  དེ་དག་གང་རུང་རེ་རེ་ལས་ཐོན་པ་ཞིག་ངེས་པར་དགོས་ཏེ།  སྨྲ་དབང་བསྟན་འཛིན་རྣམ་དག་གིས།  ཕྱོགས་ཀྱི་དགོན་པའི་དབུ་བླ་མཁན་པོ་ནི་གང་ལྟར་སྦྱངས་འབྲས་ཐོན་པའི་དགེ་བཤེས་འོས་ཡོད་ཅིག་དགོས།  ཞེས་དང་།  འཆད་ཐབས་ལས།  བོན་འཆད་བྱེད་ཀྱི་ཡོན་ཏན་གསུམ་གསུམ་དགུ་དང་ལྡན་དགོས་ཏེ།  གང་ཞེ་ན།  ཤེས་རབ་གསུམ་དང་ལྡན་པས་མཁས་པ།  བཟོད་པ་གསུམ་དང་ལྡན་པས་གདུལ་བྱ་རྗེས་སུ་འཛིན་ནུས་པ།  སྤང་བ་གསུམ་དང་ལྡན་པས་ཕན་སེམས་ཆེ་བའོ།  དང་པོ་གསུམ་ནི།  ཤེས་བྱའམ་སྡེ་སྣོད་ཀུན་ལ་མཁས་ན་ལེགས་མོད་ཀྱི།  ཁྱད་པར་གང་འཆད་བྱ་ལ།  ཐོས་བྱུང་གི་ཤེས་རབ་དང་ལྡན་པས་ཚིག་ལ་མཁས་པ། བསམ་བྱུང་གི་ཤེས་རབ་དང་ལྡན་པས་དོན་ལ་མཁས་པ། སྒོམ་བྱུང་གི་ཤེས་རབ་དང་ལྡན་པས་ཉམས་རྟོགས་ལ་མཁས་པའོ། གཉིས་པ་གསུམ་ནི། འཆད་དུས་ཀྱི་ངལ་དུབ་དང་དཀའ་ལས་ལ་སྐྱོ་སུན་མེད་པའི་བཟོད་པ། སློབ་མས་ཡང་ཡང་དྲི་བར་བཟོད་པ།  གཞན་གྱིས་རྩོད་པར་བཟོད་ཅིང་ལན་འདེབས་ནུས་པའོ། གསུམ་པ་གསུམ་ནི། རྒྱུ་ཟང་ཟིང་ལ་མི་དགའ་བ་དགྲ་རུ་མཐོང་བ།  གཏམ་སྙན་གྲགས་ལ་མི་དགའ་བར་ཐན་དུ་བལྟ་བ།  དུག་ལྔ་དང་སྡིག་པ་བཅུ་ལ་དུག་ལྟར་འཛེམ་པ།  ཞེས་གསུངས་སོ།  དེ་ལྟར་མཚན་ཉིད་ཚང་བའི་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་སྐད་ཅིག་ཙམ་ལ་ལོག་པར་མི་ལྟ་བར་བསྟེན་དགོས། གཉིས་པ་མཚན་དང་མི་ལྡན་པའི་སྤང་བྱའི་བླ་མ་ནི།  འདི་ལྟར་རང་རྒྱུད་ལ་རྒྱལ་བའི་བཀའ་དང་འབྲེལ་བའི་ཡོན་ཏན་གྱི་ཆ་ཅུང་ཟད་མེད་ནའང་།  རིགས་རུས་དང་སྐྱེ་སྤྲུལ་འབའ་ཞིག་གིས་ཁེངས་ཏེ།  ཀུན་སྤྱོད་ལ་དབང་ལྡན་གྱི་མི་དྲག་དྲེགས་པ་ཅན་དང་། འབྱོར་ལྡན་གྱི་ཕྱུག་པོ་ཟས་ནོར་ཅན་ཁོ་ནའི་ལད་མོ་མཛད་ཅིང་། དཀོར་དང་ཉོན་མོངས་སོགས་ཀྱིས་རབ་ཏུ་རྒྱགས་པས།  ཉིན་གཅིག་ལ་ཐོས་བསམ་དང་། བདུན་གཅིག་ལ་མཚམས་སྒྲུབ་མ་མྱོང་ཡང་། རང་གི་རྒྱུད་པ་དང་དཀོར་མངའ་རིས་ཉམས་ཀྱི་དོགས་ནས་སྦྱང་མདོག་དང་རྟོགས་མདོག་ཤེས་མདོག་གིས་དབང་ལུང་མན་ངག་སྤེལ་བ་དེ་ནི་ཤིང་སྡོང་གོག་པོ་ལ་ལོ་འབྲས་སྔོན་པོས་སྟོང་པ་བཞིན་ཡོན་ཏན་ཕྲན་བུས་གཞི་ནས་དབེན་པས་ན་ཐ་མལ་སྐྱེ་བོའི་སློབ་དཔོན་ཞེས་བྱ། ཡང་ཁ་ཅིག་གིས་རྒྱུ་འབྲས་ཀྱི་བོན་རྣམས་མི་མང་ཚོགས་པའི་དབུས་སུ་ཁ་ནས་བོན་གཏམ་སྣ་ཚོགས་ལུང་རིགས་ཀྱི་ཡིན་ལུགས་མང་པོ་བཀོད་ནས་བཤད་ཀྱང་། དོན་དུ་རང་གི་ལག་ལེན་འཇིག་རྟེན་གྱི་ལོངས་སྤྱོད་ལ་སྲེད་ཆེ་བས། རྣམ་གཡེང་ཕུན་ཚོགས་རྒྱ་གྲོང་གང་ཆེ་ལ་གནས་བཅའ།  འཕྲལ་ཕན།  ཕུགས་གནོད་འཕྲུལ་ཆས་སྣ་ཚོགས་ལ་ཐུགས་ཞེན།  མི་ཚེ་སྟོང་ཟད་སྒྱུ་མའི་ལྟད་མོ་ལ་ཁ་གཡེང་། ཇ་ཆང་སྦི་རག་འཕྱོན་མའི་བསླུ་བྲིད་ལ་མགོ་འཁོར།  ཚོང་ལས་འདུ་འཛི་དང་དགྲ་གཉེན་ཆགས་སྡང་རྩོད་པའི་ཞོར་དུ། དཀོར་ནག་ཟ་བ་ལ་ཧབ་ཐོབ་བྱེད་ཅིང་། མི་གཞི་ངན་པས་ཁྲོ་སླ་བ་རྟག་ཏུ་གཞན་ལ་འཐབ་ཅིང་དུག་སྦྲུལ་བཞིན་དུ་སྡིག་ཚོགས་ལ་བག་མེད་དུ་སྤྱོད་པ་དེ་ནི་སྡིག་པའི་སློབ་དཔོན་ཞེས་བྱ།  ཡང་ཁ་ཅིག་གིས་ཁ་ནས་མི་རྟག་པ་དང་།  ཟང་ཟིང་གི་ཉེས་དམིགས་བཤད་ཅིང་རང་ལ་དེ་དག་གི་དགོས་པ་མེད་ཚུལ་སྟོན།  ཡིད་ཁོང་དུ་དེ་དག་ཁོ་ན་འདོད་ནས་བླུན་པོའི་མགོ་བསླུས་ཏེ་ཟང་ཟིང་བླངས་པ་དང་།  ཁ་དོན་འཛོལ་བའི་འཁོར་སློབ་རེ་འགའ་འདུས་པ་རྣམས་བསྟན་ལ་ཁ་གཡར་ནས་ཟ་རྔམ་གྱིས་དུས་རྒྱུན་ཕྱོགས་མཐར་འབུལ་ལྡོམ་ཤ་སྟག་མངག་སྟེ། གཞན་གྱི་ཚོགས་སུ་བསྔོས་པའི་ཟས་ནོར་རྣམས་ཕལ་ཆེར་ཁྱིམ་གཞིས་ཀྱི་ཁང་བཟང་། བཟའ་མིའི་འཚོ་རྟེན་གཟི་བྱུར་གྱི་མཛེས་རྒྱན། ཁྲི་རྟའི་འགྲོས་བཟང་། གསེར་དངུལ་གྱི་སྒ་སྲབ།  དཔོན་པོ་ལ་ལྐོག་བརྔན།  ཁྲམ་པ་ཡི་འདུ་ཟས། འཕྲུལ་ཆས་ཀྱི་ཉེར་སྤྱོད་ལ་སོགས་སྐྱེ་བོ་དྲེགས་པ་ཅན་གྱི་ཡོ་བྱད་ཁོ་ན་གཉེར་བའི་རྒྱུ་རྩ་དང་། དེ་བཞིན་བཟའ་མི་ནང་འཁོར་དང་།  ལྟ་སྤྱོད་མཐུན་པའི་གྲོགས་ཨོ་ཟོབ་ཅན་རྣམས་བསྡུ་ནས་སྤྲོ་ཤོམ་གཏོང་བའི་རྒྱུ་རུ་བཏང་ན་ཡོན་བདག་གིས་བསགས་པ་ཆུད་ཟོས་ཤིང་། དེ་ནི་བཟའ་བཏུང་གི་རིགས་ལ་དུག་སྦྱར་བ་བཞིན་བསམ་སྦྱོར་ཡ་བྲལ་དུ་གྱུར་པས་མ་དག་པའི་སློབ་དཔོན་ཞེས་བྱ། ཡང་ཁ་ཅིག་གིས་འཁོར་སློབ་རྣམས་དགེ་བའི་ལམ་ལ་མི་བཀྲི་བར་བླ་མ་རང་ཉིད་ཀྱི་ལུས་དང་གྲིབ་མ་བཞིན་གཡོག་ཏུ་བཀོལ་བ་མ་ཚད་རྟ་དང་དྲེལ་གྱི་འཚོ་སྐྱོང་། ཞིང་འབྲོག་གི་ངལ་རྩོལ།  བུ་ཕྲུག་གི་སྙོར་སྐྱོར། ཕ་མ་རང་ཉིད་ཡིན་པ་ལྟར་བྱས་ན་ཡང་། ཅུང་ཟད་མ་ལེགས་ན་བཀའ་སྐྱོན་དང་།  རྡུང་རྡེག་དྲག་པོས་ཚར་གཅོད་པ་དང་།  གཞན་སྐྱེས་བུ་དམ་པའི་དྲུང་དུ་འགྲོ་ཡང་མི་སྟེར།  ཁོང་གི་དྲུང་དུ་བསྡད་ཀྱང་ཡོན་ཏན་སྣ་གཅིག་དང་དབང་ལུང་ཁྲིད་ཁ་ལེ་ཚན་གཅིག་མེད་པར་དུག་ཆུའི་སྦྱིན་པ་གཏོང་བ་བཞིན་སྡིག་ལས་སྣ་ཚོགས་བསག་ཏུ་བཅུག་པ་ནི་ལོག་པའི་སློབ་དཔོན་ཞེས་བྱ་སྟེ།  དེ་ལྟ་བུ་རྣམས་ནི་དམ་པ་མ་ཡིན་པས་རྟུག་པ་སྐམ་པོ་ལ་རིན་ཆེན་རིལ་བུའི་འདུ་ཤེས་མི་སྐྱེ་བར་སྤང་དགོས་ཏེ།  ཡེར་བའི་བོན་སྐོར་ལས།  ཤིང་སྐམ་ལྟ་བུས་ཡོན་ཏན་བསྐྱེད་མི་ནུས། དུག་སྦྲུལ་ལྟ་བུས་སྡིག་ལས་བག་མེད་སྤྱོད།  དུག་སྦྱོར་ལྟ་བུར་བསམ་སྦྱོར་ཡ་བྲལ་བ།  དུག་ཆུ་ལྟ་བུ་ལུང་ལོག་སྟོན་པ་སྤོངས། ཞེས་སོ། གཞན་ཡང་བླ་ཆེན་དྲན་པའི་ཞལ་ནས།  རང་མཐོང་ཆེ་ཞིང་མི་ཆོས་མཁས། ཚུལ་འཆོས་གཟབ་ཅིང་བསླུ་བྲིད་མཁས།  འཁྲུལ་པའི་ཉོན་མོངས་སྐྱེ་བོ་ཐ་མ་འདྲ།  བུད་མེད་གཞོན་ནུ་དགེ་ལ་བཙུད་པ་ཟེར་ཞིང་ཉོན་མོངས་ལས་ལ་འབད། ཐུགས་རྗེ་བྱིན་རླབས་རྒྱུད་ལ་མེད་པ་འདྲེན་སྟོན་དབང་ལ་དགའ། ཕྱིའི་ཁ་ལ་མི་རྟག་འཆི་བ་ཟེར་ཞིང་ནང་དོན་སྐད་ཅིག་མི་དྲན་པའི། བླ་མ་བསླུ་བྲིད་མཁན་གྱི་འདྲེན་སྟོན་པས།  བདག་གཞན་གཉིས་ཀ་གར་འགྲོ་མི་ཤེས་ཟིན། དེ་འདྲའི་རིགས་ལ་ཁོད་སྤུངས་ང་ཡིས་བཤད་ཀྱང་གྲོལ་མི་སྲིད།  ཅེས་གསུངས་སོ།  དེང་སང་སྙིགས་མར་སོང་བས་བསོད་ཟད་སེམས་ཅན་ཕལ་ཆེར་བས་དྲེགས་ཚུགས་ལ་བླ་ཚུགས་དང་བླ་ཚུགས་ལ་སྤྲང་ཚུགས་སུ་སྣང་མཁན་མང་སྟེ།  ཐེག་དགུ་ཉུང་འདུས་ལས།  ཀྱེ་མ་སྙིགས་མའི་འགྲོ་རྣམས་བསོད་ནམས་དམན།  ཆེ་ཐབས་ཚུལ་འཆོས་མཁས་ལ་བཟང་པོར་བརྩི།  དར་ཕྲུག་གོས་ཀྱིས་སྤུད་ལ་དད་པ་འགྲོ།  དཀོར་དང་སྐུ་བསོད་རྒྱས་ལ་བརྩི་འཇོག་ཆེ།  འཇིག་རྟེན་མཐུན་འཇུག་མཁས་ལ་ཡོན་ཏན་བརྗོད།  གོང་མའི་སྐྱེ་སྤྲུལ་ཁྲི་ལ་ཟོལ་བརྗིད་ཆེ།  བླ་གཟུགས་ཁ་ཅིག་བསྙེམས་པས་ཁེངས་གྱུར་ཏེ།  རྨོངས་པའི་གྲལ་འགོར་བོན་བཤད་མཁས་མོད་ཀྱང་།  མཁས་པའི་ཞལ་སྔར་འགྲིམ་ཚེ་སྨྲ་བ་དཀོན། དམ་པའི་ཁས་འཆེས་དེ་ཡི་ཡོན་ཏན་ཆུང་། ཐོས་བསམ་སྒོམ་པ་འཇིག་རྟེན་བོན་ལ་མཛད། དོན་གཉེར་བཙོན་འགྲུས་སྒྱུ་མའི་ནོར་ལ་བྱེད། ཕྱི་མའི་རྒྱགས་ཕྱེ་རྣམ་གཡེང་ཇག་པས་འཕྲོག  །ཚེ་གཅིག་བྱང་ཆུབ་ཡིད་སྨོན་རྐུན་པོས་ཁྱེར།  དལ་འབྱོར་མེ་ཏོག་འདི་སྣང་སད་ལ་ཤོར། དེང་དུས་ངང་ཚུལ་བསམ་ན་སྐྱོ་བ་འཕེལ།  བསྟན་མཆོག་གསུང་རབ་རྡུལ་ཁྲོད་ངལ་གསོར་གྱུར། བསྟན་འཛིན་གཤེན་རྣམས་གྲོང་པའི་དཀོར་ལ་གཡེང་། བསྟན་པ་རྟགས་ཙམ་འཛིན་པའི་སྙིགས་དུས་འདིར།  བསྟན་པའི་ཉམས་ལེན་འཇའ་བཞིན་ཡལ་སྙམ་ནས། ཅེས་གསུངས་བས་བླ་མ་ནི་འདི་ནས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བློ་གཏད་ཞུ་བའི་ཡུལ་ཡིན་པས་ཐོག་མར་བླ་མའི་མཚན་ཉིད་བརྟགས་པ་གལ་ཆེ་སྟེ། འཇིག་རྟེན་ཕལ་པ་རྣམས་གྲོགས་ཀུན་སྤྱོད་བཟང་ངན་ཇི་ལྟར་འཕྲད་ན་དེ་བཞིན་འགྱུར་བ་ཡིན་ཏེ།  ཕ་སྨན་པ་ལ་བུ་སྨན་པ་དང་། ཕ་ལྷ་བཟོ་ལ་བུ་ལྷ་བཟོ། ཕ་ཤན་པ་ལ་བུ་ཤན་པ་འབྱུང་བ་བཞིན་བླ་མ་སློབ་དཔོན་བཟང་ངན་ཇི་ལྟར་འཕྲད་ན་སློབ་མ་ཡང་བཟང་ངན་དེ་ལྟར་འབྱུང་བ་ནི་པར་རྒྱག་སའི་མ་རྩ་དང་འདྲ་སྟེ། སྡེ་མཛོད་ལས། ནེའུ་ཆུང་བདུད་གཤེན་རྗེས་སུ་བློ་བསྒྱུར་བཞིན།  ཕལ་རྣམས་གྲོགས་དང་རྐྱེན་གྱིས་བསྒྱུར་སླ་བས། ཁྱིམ་དང་སྡིག་པའི་གྲོགས་པོ་རིང་དུ་དོར།  ནམ་ཡང་དགེ་བའི་བཤེས་དང་བྲལ་མི་བྱ།  ཞེས་སོ།  གཉིས་པ་རྟེན་ཚུལ་ཁྲིམས་རྣམ་དག་གིས་སྡོམ་ཚུལ་ལ། རྣམ་དག་འདུལ་བའི་བཅའ་ཡིག་ལས། རང་གཞན་གྱི་དོན་མཐའ་དག་འགྲུབ་པའི་ཐབས་ཀྱི་རྩ་བ་ཕུལ་དུ་བྱུང་བ།  མ་རིག་མདུད་པ་འགྲོལ་ཞིང་སྡུག་ཀུན་གྱི་ཚོགས་དྲུང་ནས་འབྱིན་པས། ཕན་བདེ་ཐམས་ཅད་འབྱུང་གནས་ནི་རྒྱལ་བའི་བསྟན་པ་འདི་ཁོ་ན་ཡིན་ལ།  དེ་ཉིད་བཤད་པ་དང་སྒྲུབ་པ་གཉིས་ཀྱི་སྒོ་ནས་འཇིག་རྟེན་དུ་ཡུན་རིང་པོར་གནས་པ་དགེ་འདུན་གྱི་སྡེ་ལ་རག་ལས། དེ་ཡང་རྣམ་དག་འདུལ་བའི་བཅའ་ཁྲིམས་ལ་རག་ལས།  དེ་ཡང་སྲུང་ཁྲིམས་རྩ་བའི་མདོ་ལས།  སྐུ་གསུམ་ཡེ་ཤེས་འབྲས་བུ་ཐོབ་འདོད་ན། སྡུག་བསྔལ་འཁོར་བའི་ལས་སྤྱོད་རྒྱབ་ཏུ་བོར། དག་པ་རྣམ་ལྡན་འདུལ་ཁྲིམས་སྒོ་རུ་ཞུགས།  ཅེས་གསུངས།  དེ་ཡང་དགེ་འདུན་གྱི་གྲལ་སྒོར་ཞུགས་ཏེ་སྡོམ་པ་བླངས་ནས་བཟུང་། ཕྱི་ཚུལ་ཀུན་སྤྱོད་ལ་བརྟེན་ནས་དད་ལྡན་དྭངས་བ་འདྲེན་པ་ཞིག་དང་།  ནང་ཁྲིམས་གཙང་མ་ལ་བརྟེན་ནས་སྐལ་ལྡན་ཐར་ལམ་ཟིན་པ་ཞིག་བྱེད་ནས་སངས་རྒྱས་བསྟན་པ་འཛིན་དགོས་ཏེ།  སྟོན་པའི་ཞལ་ལས།  སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན།  ཚུལ་ཁྲིམས་མེད་ན་བསྟན་པ་མེད་ཅེས་གསུངས་ལ། བསྐྱེད་རྫོགས་མེད་ན་བསྟན་པ་མེད།  རྫོགས་ཆེན་མེད་ན་བསྟན་པ་མེད་མ་གསུངས་པ་དེ་ལ་གནད་ཆེ་བ་ཞིག་ཡོད་པར་མངོན།  དེ་ལྟར་སངས་རྒྱས་བསྟན་པའི་སྲོག་ཤིང་རྣམ་དག་འདུལ་བའི་བསླབ་ཁྲིམས་སྲུང་བ་ལ།  ཚེ་འདིའི་དབང་དུ་བྱས་ན་མགོ་རྣ་དང་།  ཕྱི་མའི་དབང་དུ་བྱས་ན་རྒྱུ་འབྲས་ལ་བསམ་ཤེས་པ་ཞིག་དགོས།  དེ་ལའང་རང་དང་གཞན་གྱི་རྒྱུ་རྐྱེན་གཉིས་ཡོད་པ་ལས།  རང་རྐྱེན་གྱི་གཙོ་བོ་ནི་རྒྱུ་འབྲས་ཡིན་པས་སྙིང་ནས་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་དགག་སྒྲུབ་ཀྱི་བསླབ་བྱ་ལས་མི་འདའ་བ་ཞིག་དགོས།  དེང་སང་ཕལ་ཆེ་བས་སྡོམ་པ་ཞུས་ཀྱང་བསླབ་བྱ་སྲུང་བ་ལ་མི་མོས་པ་འདི་རྒྱུ་འབྲས་ལ་ཡིད་མ་ཆེས་པའི་སྐྱོན་ཡིན།  ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་ན་གཡང་ས་མཐོང་ནས་བཟུང་དེ་ལ་དོགས་འཛེམས་རང་ཤུགས་ཀྱིས་སྐྱེ་བ་བཞིན་དུ།  བསླབ་བྱ་ལའང་བླང་དོར་རང་ཤུགས་ཀྱིས་བྱེད་པ་ཡིན་པས་འདུལ་གཞུང་རྩ་འགྲེལ་སོགས་ལ་ཐོས་བསམ་ནན་ཏན་དུ་བྱ་དགོས།  གཞན་རྐྱེན་གྱིས་གཙོ་བོ་དེ་མ་བྱས་ན་མི་ཆོག་པའི་དགོན་སྡེའི་བཅའ་སྒྲིག་ཡིན་ཏེ།  རང་ཤེས་ཀྱིས་རྒྱུ་འབྲས་ལ་བསམ་ནས་རང་ལམ་གཏོད་ནུས་པ་ནི་དེང་སང་ཤིན་ཏུ་དཀོན་པས་དེ་ལ་དགོངས་ནས་མཁན་སློབ་གོང་མ་རྣམས་ཀྱིས་གནས་སྡེ་བཙུགས་ནས་བཟུང་སྒྲིག་ལམ་གྱི་རྣམ་བཞག་མཛད་པ་ཡིན་ལ།  ལྷག་པར་བཤད་སྒྲུབ་འདུས་སྡེར་སྒྲིག་ལམ་གྱི་རྣམ་བཞག་བཟང་པོ་ཞིག་མེད་ན།  དེང་རབས་ཚན་རྩལ་ལས་བྱུང་བའི་ཕྱི་དངོས་པོའི་འཚོ་བ་ནི་ཉིན་ལྟར་འཕེལ་རྒྱས་བྱུང་བ་བཞིན་ནང་སེམས་ཀྱི་རྣམ་རྟོག་འདོད་ཆགས་དང་ཞེ་སྡང་སོགས་ནི་དེ་ལྟར་ཇེ་རྒོད་ཇེ་རགས་ཇེ་མང་དུ་འགྲོ་བ་ནི་མངོན་གསུམ་ཚད་མ་ཡིན་པས་དེང་དུས་མི་ཚང་མ་ལ་ཕྱི་ནས་ཕར་བལྟས་ན་ཟས་གོས་གནས་མལ་འགྲོ་འདུག་ཉེར་སྤྱོད་སོགས་ཕལ་ཆེར་འཕྲུལ་ཆས་ཀྱིས་སྦྱོར་བ་ལ་བརྟེན་ན་སྤྲོ་སྣང་ཆེ་ཡང་། ཁ་ནང་དུ་སྐོར་ནས་དཔྱད་ན། རིན་ཐང་བྲལ་བའི་ཚེ་སྲོག །དཀའ་སྡུག་གིས་བསགས་པའི་ནོར་རྫས། བདེ་སྐྱིད་ཀྱི་རྩ་བ་བག་ཕེབས་སོགས་ཕ་ཆེར་བརླག་པའི་རྐྱེན་དུ་གྱུར་ཏེ།  རང་སེམས་ཞི་བདེ་རྒྱ་མཚོའི་ཀློང་དུ་སྡོད་མི་ཚུགས་པར་སྤྲེའུ་རྙི་ལས་སྒྲོལ་བའི་ཟློས་གར་བཞིན།  ཆགས་སྡང་དབང་གིས་འདི་བྱེད་དང་འདི་མི་བྱེད་མེད་པར་གྱུར་པའི་སྐབས་འདིར་འདུལ་བའི་བསླབ་ཁྲིམས་བསྲུང་བ་ལ་འགལ་རྐྱེན་མང་ཞིང་མཐུན་རྐྱེན་ཉུང་བས་འདུས་སྡེའི་བཅའ་སྒྲིག་གི་སྒྲིག་ལམ་ནི་ཤིན་ཏུ་གལ་ཆེའོ།  དེ་ཡང་འདུལ་བ་ཕལ་ཆེར་སྡོམ་བྱེད་ལས། འདུལ་བའི་སྲོག་ཤིང་ངོ་ཚ་ཡིན།  ངོ་ཚ་ཁྲེལ་ཡོད་གྲོགས་ཀྱིས་བཙའ།  ཞེས་པ་ལྟར་མི་གཞི་ཡ་རབས་ཞིག་གི་སྡོམ་པའི་རྟེན་མ་ནོར་བ་ངོ་ཚ་ཁྲེལ་ཡོད་ཡིན་ལ། ངོ་ཚ་ཁྲེལ་ཡོད་ནི་གྲོགས་དགེ་འདུན་གྱི་སྒྲིག་ལམ་ལ་བརྟེན་ནས་སྐྱེ་དགོས་ཏེ།  དགེ་འདུན་སྒྲིགས་ཀྱིས་འཛིན། ཉ་མོ་ཆུ་ཡིས་འཚོ་ཟེར་བས་བཅའ་སྒྲིག་གི་གཙོ་བོ་ཡང་ཐུགས་མཐུན་ཁྲིམས་གཙང་ཡིན་ལ།  ཐུགས་མཐུན་ན་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བའི་རྨིང་གཞི་དང་། ཁྲིམས་གཙང་ན་རང་རྒྱུད་ལ་ཉེས་ལྟུང་གིས་མ་གོས་པར་འགྱུར་བས།  ཐོག་མར་བླ་མ་གྲྭ་ཚང་ནང་ཕན་ཚུན་ཐུགས་མཐུན་པ་ཞིག་གལ་ཆེ་སྟེ།  ང་ཚོའི་ཁ་ནས་ཉིན་ལྟར་གྲངས་བཅས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་ཀྱང་དོན་ངོ་མ་ལག་ལེན་དངོས་ཀྱི་ནང་མཁའ་ཁྱབ་སེམས་ཅན་ལྟ་ཅི་རྒྱུན་དུ་འགྲོགས་འདྲིས་ཆེ་བའི་ཐབ་རྩའི་ཞི་མི་དང་སྒོ་རྩའི་ཁྱི་རྒན་རྣམས། མ་ཡིན་སྙམ་པའི་འདུ་ཤེས་ཚེ་གཅིག་ཡུན་ལ་སྐད་ཅིག་ཙམ་ཡང་མི་དྲན་པར་མ་ཚད་འཁོར་རྒྱ་ཆུང་བའི་དགོན་པའི་བླ་མ་གྲྭ་ཚང་ནང་མི་མཐུན་ཞིང་འཁྲུག་རྩོད་སྣ་ཚོགས་འབྱུང་བ་མཐོང་ཆོས་སུ་གྱུར་པ་རྣམས་ནི་འགྲོ་དོན་ཕར་ཞོག  །ཁ་དོན་མི་མཚུངས་པའི་སྨྱོན་པའི་ལས་སྤྱོད་ལྟར་འགྱུར་ལ།  དེ་ནི་ས་ཡོམ་ནང་མཁར་ཁང་མི་ཐོན་པ་བཞིན་རང་དགོན་གྱི་བསྟན་པ་ཉམས་པའི་རྒྱུ་རུ་འགྱུར་ཏེ།  རང་གི་གདམས་པ་ལས།  རྒྱལ་ཁམས་འཁྲུགས་པས་རྒྱལ་དམངས་དཔལ་འབྱོར་ཉམས།  དགེ་འདུན་འཁྲུགས་པས་དགོན་པའི་བསྟན་པ་ཉམས།  བཟའ་ཚང་འཁྲུགས་པའི་ཁྱིམ་ཚང་ལས་ཀུན་ཉམས།  ཉམས་པའི་རྒྱུ་ཀུན་འཁྲུག་པའི་ལས་ཀྱི་བྱས།  ཞེས་ཟེར་བ་ལྟར་ཡིན།  འདིར་ཞུགས་ཁྱེད་རྣམས་པ་ས་ཐག་ཉེ་རིང་གང་ནས་འོང་ན་ཡང་།  ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་ནས་སློབ་སྦྱོང་ཉམས་ལེན་གྱི་ཆེད་དུ་འོང་བ་ཤ་སྟག་མ་གཏོགས།  ཁ་ཟས་རྒྱབ་གོས་དང་འཁྲུག་རྩོད་རྣམ་གཡེང་ཙམ་གྱི་ཆེད་དུ་འོང་བ་ཞིག་མིན་མོད། གལ་ཏེ་རང་རང་གི་ས་ཆ་ཡུལ་ཕྱོགས་ཕ་མ་ཉེ་འབྲེལ་ཐམས་ཅད་བསྐྱུར་ནས་རྒྱུས་མེད་ཀྱི་ཡུལ་དུ་དོན་མེད་རྣམ་གཡེང་སྣ་ཚོགས་ཀྱིས་དུས་འདས་ནས་སེམས་རྣལ་དུ་མ་གནས་པའི་སྨྱོན་པ་དང་ཁྱད་མེད། རང་རེའི་རབ་ཏུ་བྱུང་བའི་དགོས་པ་གཙོ་བོ་ནི།  མ་དག་ཁྱིམ་པའི་བྱ་བ་རིང་དུ་དོར་ནས། ཡང་དག་དམ་པའི་མཛད་སྤྱོད་དང་དུ་ལེན་ཕྱིར་ཡིན་ཀྱང་། དེང་སང་བཙུན་པ་དང་བཙུན་མ་མང་ཕལ་ཆེར་རབ་ཏུ་བྱུང་བ་མ་ཡིན་པར་ངན་དུ་གྱུར་བ་ལྟར་འགྱུར་ཏེ། མགོ་བདེ་དྲན་འཕྲུལ་ཆེ་བ་རྣམས་ཀྱིས་བཟའ་དཔོན་གྱི་ལས་འགན་ཁུར།  ཆུང་བ་རྣམས་བཟའ་ཉོབ་ཀྱི་གཡོག་པོ་གཡོག་མོ་བྱ་བ་མ་ཟད་གཡོག་ཕོ་མོ་ནང་ནས་ཀྱང་། གླ་མེད་ངོ་མེད་དུ་གྱུར་ཏེ་དོན་ལ། བདག་མོ་བྱས་ན་དབང་ཆ་མེད་པ།  གཡོག་མོ་བྱས་ན་གླ་ཆ་མེད་པ།  འདི་ལ་དགོས་པའི་དཔལ་འབྱོར་མེད་པ། ཕྱི་ལ་དགོས་པའི་དགེ་སྦྱོར་མེད་པས་འདི་ཕྱི་གཉིས་མེད་དུ་གྱུར་པ་སྟེ།  ཚོགས་བཤད་ལས།  གྲྭ་པ་ལ་དགེ་སེམས་མེད་པ་དེ། རང་རྒན་ཁར་གཡོག་པོ་ངོ་མེད་ཡིན།  ཇོ་མོ་ལ་དགེ་སེམས་མེད་པ་དེ།  མི་གཡོག་མོ་ནང་གི་གླ་མེད་ཡིན།  ཞེས་སོ།  ད་ནི་དེ་ལྟར་མ་ཡིན་པར་རང་གི་ཕྱི་མའི་དོན་དུ་དགེ་སྦྱོར་ཡང་དག་ཞིག་དང་། སེམས་ཅན་སླད་མའི་དོན་དུ་བསྟན་པ་རྣམ་དག་ཞིག་འཛིན་སྐྱོང་སྤེལ་བར་འདོད་ན་བཤད་སྒྲུབ་སྒོམ་གསུམ་གྱི་སྒོ་རུ་ཞུགས་ཏེ། མདོ་སྔགས་སེམས་གསུམ་གྱི་གཞུང་དོན་ལ་ཐོས་བསམ་བྱེད་དེ་མཐའ་ཆོད་པའི་རྙེད་དོན་རྣམས་རང་རྒྱུད་ལ་སྦྱར་ནས་བྱང་ཆུབ་བསྒྲུབ་པར་བརྩོན་དགོས། དེའི་སྐབས་ཕྱི་ནང་གང་ནས་བྱོན་བཞུགས་ཡིན་ཀྱང་གཅིག་གྱུར་གྱི་བཤད་སྒྲུབ་འདུས་སྡེའི་བཅའ་སྒྲིག་ལ་གནས་དགོས་པས་དེ་ཡང་མཁས་གྲུབ་གོང་མའི་གསུངས་པ་ལ་གཞི་བྱས་ནས་ཅུང་ཟད་དགོད་པ་ལ།  ཐོག་མར་གནས་སྡེ་གཅིག་ཏུ་ལས་འཕྲོ་དང་དད་པས་འདུས་པ་རྣམས་རྟེན་ངེས་འབྱུང་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམས་པ་ཞིག་ངེས་པར་དགོས་ལ་ཁྱད་པར་དུ་རབ་ཏུ་བྱུང་བ་ཕུད་བླ་མ་དང་།  སྤྲུལ་པའི་སྐུ་མཆོག་སུ་ཡིན་རུང་།  མདོ་ལས་སྡོམ་པ་སྣ་གཅིག་མ་བསྲུངས་ན།  སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ།  ཞེས་དང་།  སྟོན་པའི་འཁོར་ལ་རྣམ་པ་བཞི།  དྲང་སྲོང་གཙང་གཙུག་དགེ་བསྙེན་བསྙེན་གནས་སོ།  ཞེས་གསུངས་པས་ཐ་ན་སྡོམ་པ་སྣ་གཅིག་ངེས་པར་དུ་སྲུང་དགོས།  དེ་ནས་སྤྱི་སེམས་ཆེ་ལ་སྒེར་སེམས་ཆུང་བ་མི་གཞི་བཟང་ལ་རང་ཚུགས་ཐུབ་པ་བློ་རིག་གསལ་ཞིང་དགེ་སེམས་ལྡན་པ།  མ་ཚད་བཤད་སྒྲུབ་ཀྱི་བསྟན་པ་ལ་གཅེས་སྤྲས་ཡོད་པའི་དྲང་བདེན་སྒམ་བརླིང་ཅན་གྱི་ཐུན་དཔོན་ཞིག་བསྐོས།  ཚང་མས་དང་ཐོག་བཤད་སྒྲུབ་འདུས་སྡེའི་སྒྲིག་ལམ་ཆེ་ཕྲ་ཀུན་མཐའ་མ་ཕྱིན་བར་བསྲུང་བར་མཚན་རྟགས་བཀོད་དེ་དངོས་སུ་ཞུགས་ཆོག  །དེ་རྗེས་རྩ་བཞིའི་ཕམ་པ་དང་།  ཉེས་མང་གི་འབྱུང་རྩ་ཆང་རག་བཏུང་ཚེ་ངེས་པར་དུ་གནས་དབྱུང་བྱེད་རྒྱུ་དང་།  དེ་བཞིན་ཡན་ལག་གི་ཁྲིམས་རྣམས་འགལ་ཚེ་བཤགས་སྦྱོང་འོས་བབ་བྱེད་དགོས།  རྒྱུན་དུ་ཕྱི་ནང་གང་ཏུ་ཕེབས་བཞུགས་མཛད་ཀྱང་།  དར་ཟབ་འབྱོར་གོས་རིན་ཆེན་རྒྱན་ཆ་གོ་མཚོན་འཆང་ཐོགས་སོགས་ཁྱིམ་པའི་རྟགས་ཅན་ཆ་ལུགས་འདྲ་མིན་རིགས་རྣམས་སྤོངས་ཏེ་བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ནས་ཟླ་བ་དགུ་པའི་ཚེས་བཅོ་ལྔ་བར་དུ་ཕུ་དུང་ཅན་གྱོན་མི་ཆོག་ལ།  སྐྲ་ནི་ཟླ་བ་གཉིས་རེའི་མཚམས་ཚེས་བརྒྱད་ཉིན་ངེས་པར་གཅིག་གྱུར་དུ་སྒོག་སྐྱ་བཤུས་བཞིན་བྲེགས་དགོས།  རྒྱུན་དུ་སྤྱོད་ལམ་ལ་དྲག་རྒྱུགས་གར་རྩེད་རྩལ་འགྲན།  ཧ་བགད་ཀུ་རེ་བཤུད་གླུ་མནའ་ཚིག་ཁ་རྩོད།  སྐད་འབོད་ཆེན་པོ་མིང་ལོག་མཚང་འདོན་གླུ་གཞས་ཞབས་བྲོ་བཅས་སྐྱེ་བོ་མ་དག་པའི་སྤྱོད་པ་སྤངས་ནས་ཀུན་གྱི་ཡིད་དུ་འོང་བ་ཞི་ཞིང་དུལ་བ་རྣམ་དག་འདུལ་བའི་སྤྱོད་ལམ་ལ་བསླབ་དགོས་ཏེ། རྒྱུན་སྤྱོད་ལས། བདག་ནི་འཆི་བ་དྲན་པ་ཡིས།  ཞི་ཞིང་དུལ་ལ་རབ་གནས་ཤིང་། དྲན་ཤེས་བག་ཡོད་དོན་ལྡན་པས། རང་རྒྱུད་ཡོངས་སུ་དག་པར་ཤོག །ཅེས་གསུངས་སོ། དེང་སང་ནང་དུ་བསླབ་གསུམ་ཡོན་ཏན་གྱི་ཁུར་པོ་ཆུང་བས་དགེ་འདུན་ཕལ་ཆེ་བས་ཀུན་སློང་དག་མིན་མི་ཤེས་ཀྱང་ཕྱི་ཡི་ཁྲུས་དང་གཙང་སྦྲ་ནི་བཤད་མ་དགོས་པར་ཚད་ལས་བརྒལ་བར་སྣང་ཡང་།  སྒྲུབ་གྲྭ་རྣམས་ཟླ་རེར་ཚེས་བཅུ་བཞི་ཉིན་དྲོ་གཞུང་ཁྲུས་ལ་ཕེབས་ཆོག །གནས་གཞི་གཅིག་ཏུ་ལས་འཕྲོ་དང་དད་པས་འདུས་པ་ཀུན་གཡུང་དྲུང་སྤུན་གྲོགས་སུ་སོང་གཤིས་ཁ་འཁྲུགས་ལག་རྩོད་དང་། ཕྲག་དོག་འགྲན་སེམས་དང་། ང་རྒྱལ་ཁྱད་གསོད་དང་འཁོན་འཛིན་ཞེ་བཞག་མི་བྱ་བར་གཤིས་བཟང་གཉོམ་ཆུང་སྡོད་མཁས་ཀྱི་སྒོ་ནས་ཆེ་འོག་ཆུང་འདུག །མགོ་འོག་ལུས་ཚུད་བྱེད་ནས་ཡོན་ཏན་དང་བསླབ་པ་རྒན་པ་རྣམས་ལ་ཞྭ་ཕུད་གཟན་འབེབས་སོགས་བསྙེན་བཀུར་ཚུལ་མཐུན་ལེགས་པར་བྱེད་དགོས་ཏེ།  སུམ་བརྒྱ་པ་ལས།  སྔོན་གྱི་ལས་དང་སྨོན་ལམ་འབྲེལ་བ་ཡི།  གནས་གཅིག་རིགས་མཐུན་གྱུར་པའི་སེམས་ཅན་ལ།  བརྩེ་གདུང་སེམས་ཀྱིས་ཕན་སྡོངས་ཅི་འགྲུབ་བྱ།  མཐུན་འཇུག་ཐབས་ལ་མཁས་པའི་སྤྱོད་པ་ཡིས།  གཞན་དགའ་རང་ཡང་ཞེན་པ་མེད་པར་བྱ།  ཞེས་གསུངས་སོ།  དགེ་སེམས་ཆེ་ལ་ཀུན་སྤྱོད་བཟང་བའི་མཁན་སློབ་དང་མཆེད་གྲོགས་རྣམས་ཀྱི་རྗེས་སུ་བསླབ་ཅིང་མིག་ལྟོས་ལེན་པ་ལས།  མ་རབས་རིགས་ངན་རྒྱུ་འབྲས་མི་བརྩི་བའི་བླ་གྲྭ་རྣམས་ལ་འགོ་བའི་ནད་ངན་བཞིན་དུ་རྒྱང་ནས་འཛེམ་ཞིང་མཐུན་གྲོགས་གཏན་ནས་མི་བྱ་བར་སྤང་དགོས།  རབ་ཏུ་བྱུང་བ་རྣམས་ཚོང་འདུས་གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་པུར་སྟོང་འཁྱམས་མི་བྱ་ཞིང་དགོས་དོན་ཆེ་ན་ཁྲིམས་གྲོགས་རེ་གཉིས་ལ་བརྟེན་ནས་འགྲོ་ཞིང་དེའི་སྐབས་ཆགས་སྡང་དྲན་གསོ་སྒྱུ་མའི་ལྟད་མོ་དང་།  སྐྱེ་བོ་ཕོ་མོའི་མཚན་ཉིད་གཞལ་ཏེ་དགའ་བའི་འཛུམ་དང་ཀུ་རེ་ལག་རྩེད་མི་བྱ་ཞིང་མཐོང་ཐོས་འགྲོགས་འདྲིས་ཉུང་བར་བྱེད་ཅིང་། དགོན་དུ་ཕོ་གླིང་མོ་གླིང་སོ་སོར་དབྱེ་སྟེ་སླ་ང་རྒྱང་བཞག་བྱ་བ་ལས་ཟོག་ལུག་མཉམ་བསྲེ་མི་བྱ་སྟེ། གཟི་བརྗིད་ལས། དགེ་འདུན་གྲྭ་སྡེ་མུ་ཁྱུར་འཚོ་བར་བྱ། གཅིག་པུར་འགྲོ་འདྲེན་ཡུ་ཏི་ཉོ་ཚོང་དང་། གཅིག་གཉིས་ཆ་སྡེབས་འཕྱར་གཡེང་ཐོལ་མ་གྱུ།  བྱིས་པའི་རྩེད་མོ་ཁ་ནས་མ་ཐོ་བ།  དམན་པའི་ལམ་དུ་ཞུགས་པ་སྤང་བར་བྱ།  ཞེས་པ་དང་། མདོ་ལས། གང་དག་འགྲོ་བ་བཟང་མོ་ལ།  ཡིད་ལ་མཐུན་ཞིང་སེམས་འཐད་པ།  དེ་དག་མཚན་ཉིད་གཞལ་མི་བྱ།  ཡིད་ལ་བག་ཆགས་གཡོ་བའི་རྒྱུ།  གང་དག་མི་མོ་ཡིད་མཛེས་དང་།  འགྲོགས་ཤིང་བཏུད་དང་དགའ་བའི་འཛུམ།  འཕྱོར་དང་ཀུ་རེ་ལག་མི་བཅང་།  དེས་ཀྱང་ཕྲ་མོ་ཉམས་པ་ཡིན།  གདུང་གཅིག་འོག་ཏུ་ཉལ་མི་བྱ།  ཀ་གཅིག་རྩ་རུ་ལྷན་མི་གཤིབ།  སྒོ་གཅིག་ཁྱུད་དུ་མཉམ་མི་འཛུལ།  དེས་ནི་ཉམས་པར་འགྱུར་བ་ཡིན།  ཞེས་གསུངས་སོ།  དུས་བཅད་ཟིན་པ་དང་ངལ་གསོའི་སྐབས་དང་།  ཐུན་གྲོལ་མ་ཐག་ཏུ་བཙོན་ཁང་ནས་ཐར་བ་དང་སྐོར་ཁྱི་ལྷོད་པ་ནང་བཞིན་གྲོང་ཁྱེར་དང་།  གྲོང་གསེབ་ཁང་དང་།  གྲྭ་ཁང་གསེང་དུ་མ་རབས་རྗེས་བསྙག་རླུང་བཞིན་དུ་མི་གཡེང་བར་མལ་དུ་ལུས་དང་།  ལུས་ལ་སེམས།  སེམས་ལ་ལྷོད་ཆགས་པ་དགེ་བྱེད་པའི་མཚན་ཉིད་འཛིན་པ་ཞིག་དགོས་ལ་སྤྱི་སྒེར་གྱི་དོན་ཆེན་ཡོད་ན་གྲྭ་ཁང་དུའང་ཐུན་དཔོན་ལ་དགོངས་པ་ཞུ་ནས་འགྲོ་བ་ལས་ཕྱིར་འགྲོ་ནང་འོང་གཏན་ནས་བྱེད་མི་ཆོག་ཅིང་།  དུས་ཀྱི་བཅད་མཚམས་མ་ཟིན་བར་ཕྱིར་འཐེན་གྱི་གནང་བ་གཏན་ནས་མེད་ལ་རང་སྣང་དབང་གིས་ཕྱིར་འཐེན་བྱས་ན་ཁང་གླ་དང་།  ཟས་རིན་གང་རུང་ལེན་རྒྱུ།  ཐུན་མཚམས་གཏོང་བའི་དགོས་པ་ནི་གཙོ་བོ་བློ་འཛིན་སྐྱོར་སྦྱོང་དཔེ་བལྟ་ཁ་འདོན་སོགས་ཀྱི་ཆེད་ཡིན་པས།  དེ་ལྟར་བྱེད་རྒྱུ་མ་གཏོགས་གྲྭ་ཤག་དང་།  ས་ཁུག་གཅིག་ཏུ་འཚོགས་ནས་རྩེད་མོ་འདྲ་མིན་བྱ་བ་དང་།  ཧ་བགད་ཀུ་ཅོ་སོགས་དོན་མེད་རྣམ་གཡེང་གིས་དུས་འདའ་བར་མི་བྱེད་ཅིང་།  ཁྱད་པར་བཤད་སྒྲུབ་སློབ་གཉེར་བ་རྣམས་གྲོང་ཆོག་འགྲོ་ལ་ལུས་མི་ཁོམ།  ངག་འཁྱལ་སྨྲ་ལ་ཁ་མི་ཁོམ།  ཆགས་སྡང་བྱེད་པ་སེམས་མི་ཁོམ་པར་དཔེ་ཆ་འཆད་ཉན་དང་མ་བྲལ་བར་གནས་དགོས།   ཚོགས་དང་ཐུན་ལས་འདུ་ཚེ་དུང་དང་མཁར་རྔ་སོགས་ཀྱིས་བརྡ་གཏོང་མ་ཐག་མྱུར་དུ་འདུ་ཞིང་ཚུལ་གོས་རྣམ་གསུམ་སོགས་སྐབས་ཐོབ་ཀྱི་དགོས་པའི་ཉེར་སྤྱོད་དང་དཔེ་ཆ་རྣམས་ཚང་བར་འཇུག་ལ་ཐུན་མ་གྲོལ་བར་སྒོ་ཕྱིར་ཕེབས་པ་དང་།  ནང་དུ་གཉིད་ཉལ་བ་དང་།  ཚེམ་དྲུབ་སོགས་ལག་ལས་སྣ་ཚོགས་བྱེད་མི་ཆོག  །བསླབ་པ་དང་ཡོན་ཏན་གྱི་གྲལ་རིམ་ལྟར་བཞུགས་ནས་ལུས་གནད་རྐེད་པ་སྲོང་ལ་གཡས་བརྟེན་གཡོན་བསྙལ་རྒྱབ་སྔས་གྲལ་རོགས་དང་འཐེན་འཐབ་གཏམ་བཤད་ལག་རྩེད་སོགས་སྤངས་ལ་བོན་སྤྱོད་རྣམས་སྦྱོར་དངོས་རྗེས་གསུམ་དང་འབྲེལ་བར།  སྐད་པོ་ཆེས་སྒེར་འདོན་དང་ཤུབ་བུའི་མཆུ་འདོན་སོགས་ར་སྐད་ལུག་སྐད་སྣ་ཚོགས་མིན་པར་ལྡིར་ལ་སྙན་ཆགས་པར་འདོན།  གྲྭ་ཚུགས་ཉམས་ཞིང་དགེ་སེམས་ཆུང་རྟགས་ཤོ་བག་ཚོང་ཆང་སོགས་ལ་ཞེན་ཏེ་ཁྱིམ་དང་གྲོང་ཁྱེར་དུ་གནས་བཅའ་བ་དང་འཕྲུལ་ཆས་སྣ་ཚོགས་སྦྱོང་རྩེད་མི་བྱེད་དེ།  བླང་དོར་དཔྱད་ཀྱི་མེ་ལོང་ལས།  ཤོ་བག་ཚོང་ཆང་ཐ་མ་སོགས།  འདུལ་བའི་ལུང་དང་འགལ་བས་སྤོངས།  ཅེས་དང་།  ཚོགས་བཤད་ལས།  མི་དགེ་སེམས་མེད་པའི་གྲྭ་པ་དེ།  ཚོང་རྒྱུན་ནག་ཆེ་ན་གྲྭ་ཚུགས་ཉམས།  བློ་སེམས་ཐག་མི་ཆོད་ཇོ་མོ་དེ།  ཁྱིམ་བསྡད་ཡུན་རིང་ན་ཕྱི་མ་ཤོར།  ཞེས་དང་དེང་རབས་རྩོམ་རིག་དཔེ་ཚོགས་ལས།  དུས་དེང་སང་གྲྭ་པ་ལ་ལ་ཡིས།  ཟོང་མང་པོ་བསྡུས་ནས་ཁེ་ཚོང་བྱེད།  ནང་ལ་ལ་ཚོང་ཁང་ཞིག་དང་འདྲ།  དེར་བལྟས་ན་གཟུགས་བརྙན་ཙམ་དུ་གདའ།  ཞེས་གསུངས་ཁྱིམ་སྤངས་རབ་ཏུ་བྱུང་བ་རྣམས་ཀྱིས་འཇིག་རྟེན་གྱི་སོ་ནམ།  གཉེན་སྲིད་ཀྱི་བར་འདུག  །རྩོད་འཛིང་ལ་ཐེ་བྱུས།  ཁ་མཆུ་ཡི་རྒྱབ་གཉེར་སོགས་མི་རུང་ལ།  དེ་བཞིན་ཕྱི་ནང་གི་ཕྱོགས་རིས།  ཕ་ཡུལ་གྱི་ལ་རྒྱ།  མི་གཉིས་ཀྱི་འགལ་ཟླ་སོགས་རང་ལྟོས་ཆགས་སྡང་གིས་ཀུན་ནས་བསླང་སྟེ་འདུས་སྡེ་སྤྱི་ཡི་དཀྲུག་ཤིང་མི་བྱེད།  གཞན་ཡལ་བར་དོར་ཞིང་རང་གཅེས་པར་འཛིན་པའི་བློ་ནི་བདག་འཛིན་དབང་གི་ཐོག་མེད་དུས་ནས་གོམས་པས་ཐུགས་ཁག་མེད་ཀྱང་འདུས་སྡེ་སྤྱི་ཡི་རྫས་ལ་སྲུང་སྐྱོབ་གཅེས་སྤྲས་རང་ནོར་ལས་ལྷག་པ་བྱེད་དགོས།  དགོན་པའི་མཁན་སློབ་དབུ་དགེ་སྤྱི་གཉེར་ལས་འཛིན་ཐུན་དཔོན་རྣམས་ཀྱི་ལས་ཀའི་བཀོད་བཞག་དང་།  བཅས་གཞིའི་སྒྲིག་འགལ་བྱུང་ཚེ།  ཕྱི་ནང་གི་ཕྱོགས་རིས་དང་།  མི་ངོ་རྒྱུ་ངོ་ཟས་ངོ་ཁ་མཁས་སོགས་སྲ་འདྲེད་སྙི་ཟུག་གི་དབང་དུ་མི་གཏོང་བར་དྲང་བཞག་དཔང་པོ་ཐུབ་པའི་ཐག་གཅོད་ནན་ཏན་བྱ།  ནོར་དང་ཅ་ལག་བོར་སྟོར་རིགས་རྙེད་ཚེ་ཁྲོམ་དུ་སྒྲོགས་ཤིང་སྒོ་ཁང་ལ་འདོགས་ནས་རང་སློག་བྱེད་དགོས།  དགོན་པའི་ཆེད་དུ་དུད་འགྲོ་བཤའ་སྦྱོར་དང་མཆོད་རྫས་དང་།  དགེ་འདུན་རྣམས་ལ་བསྔོ་ཤ་སྤངས་ཤིང་ནམ་ཡང་བསྟན་པའི་བླ་བཙོང་དུ་མ་སོང་བ་བྱེད་དགོས་ཚོགས་ཁང་ཕྱི་ནང་གདན་དང་ཀ་བ་ལག་འཇུ་སོགས་སྣབས་ལུད་དང་།  ཉེ་འཁོར་སྒོ་འགྲམ་དང་ལམ་ཁར་གཤང་གཅི་དང་འཁྲུ་བཤལ་སོགས་ཀྱིས་འབག་བཙོག་བྱེད་མི་ཆོག  །དགེ་སྐོས་དང་ཐུན་དཔོན་སོགས་འགན་ཁུར་བས་ལྟ་ཉུལ་དང་གསང་ཉན་བྱེད་ནས་ཅི་བདེར་མི་བསྐྱུར་ཞིང་ཇི་སྐད་བཤད་བཞིན་སྒྲིགས་སུ་ཚུད་པར་བྱེད་དེ།  ལས་འཛིན་རྣམས་ལ་ཁ་ལན་ལག་ལན་བྱས་ན་འདུས་སྡེ་སྤྱི་ཡི་ཚོགས་པའི་ཟིལ་གྱིས་དུས་ཐོག་ཏུ་ནོན་པར་བྱེད་དགོས།  ནངས་མོ་འཚོགས་འདོན་བསང་སྐོང་དང་།  དགོང་མོ་བཀའ་སྐྱོང་གསུར་བསྔོ་ལུས་སྦྱིན་དང་།  གསོན་གཤིན་གྱི་སྐུ་རིམ་ཞེ་དགུ་ཡོན་རྒྱག་རྣམས་དུས་ཐོག་ཏུ་དམིགས་བསལ་གྱིས་ཆད་མེད་འདོན་དགོས།  དགེ་འདུན་གྱི་སྤྱི་ནོར་རྣམས་སྤྲང་པོ་སོགས་ལ་སྙིང་རྗེས་སྟེར་བ་མ་གཏོགས་གནས་མིན་ལ་མི་གཏོང་ཞིང་།  སྦྱིན་བདག་ཆེ་ཆུང་གང་ལྟ་བུས་མང་ཇ་བསྙེན་བཀུར་ཞུས་ན་མཐོ་དམན་གླེང་མོལ་སོགས་དད་པ་ལོག་པའི་གཞིར་མི་བྱེད།  དེ་ལྟར་གྱི་བཅའ་སྒྲིག་རྣ་བས་ཉན་ཞིང་བཀོད་པ་སེམས་ལ་བཏང་ནས་ལག་ལེན་ལུས་ཀྱིས་བྱེད་དེ།  མདོར་ན་ཚུལ་གོས་རྣམ་པ་གསུམ་གྱིས་ལུས་བརྒྱན་ཏེ་འདུལ་ཁྲིམས་གཙང་བ།  སྡེ་སྣོད་རྣམ་པ་གསུམ་གྱི་ངག་བརྒྱན་ཏེ་མཁྱེན་རྒྱ་ཡངས་པ།  བསླབ་པ་རྣམ་པ་གསུམ་གྱིས་སེམས་བརྒྱན་ཏེ་ཉམས་ལེན་ཡོད་པ་ཞིག་བྱེད་ནས་དུས་ནམ་ཡང་སྤྱན་མིག་ཡར་ལྟོས་ཀྱི་སྒོ་ནས།  འཕྲལ་གྱི་སྒྲིག་ལམ།  ཀུན་སློང་ཀྱི་སྤྱོད་པ།  དོན་དམ་གྱི་ལྟ་བ།  སྙིང་པོའི་ཉམས་ལེན་ཐམས་ཅད་མཁས་པ་རྒྱལ་མཚན་ཆེ་ལྔ།  སྲོལ་འཛིན་གཙང་སྟོན་བཅོ་བརྒྱད།  མཉམ་མེད་རྒྱལ་བ་ཡབ་སྲས་སོགས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་འབད་ཤེས་པ་རེ་ཨེ་འོང་གིས་ཐུགས་འདུན་རྩེ་གཅིག་ཏུ་གནས་དགོས།  དེ་ལྟར་གྱི་རབ་ཏུ་བྱུང་བ་ལྟ་བུ་ཞིག་མ་བྱུང་ཡང་།  ངན་དུ་བྱུང་བ་ལྟ་བུ་ཞིག་མ་སོང་བར་མཐའ་ཅི་ལ་ཐུག་ཀྱང་ལས་རྒྱུ་འབྲས་དང་།  ངོ་ཚ་ཁྲེལ་ཡོད།  སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་བསམ་ནས་འབྲིང་དུ་བྱུང་བ་ལྟ་བུ་ཞིག་ངེས་པར་ཨི་ཐོན་བལྟ་དགོས།  གསུམ་པ་ཁོག་ཐོས་བསམ་ཡང་དག་གིས་དབུབ་ཚུལ་ལ།  མདོ་ལས།  སྤྱིར་ཡང་ཐོས་པ་ཐམས་ཅད་ལ།  དང་པོ་ཉན་ཞིང་འཆད་པ་གཅེས།  བར་དུ་ཐོས་ཤིང་གོ་བ་གཅེས།  ཐ་མ་བརྟག་ཅིང་དཔྱད་པ་ཅེས།  ཞེས་དང་།  རྫོགས་པ་ཆེན་པོ་ལས།  ཤེས་རབ་གསུམ་གྱིས་རྒྱུད་འབྱོངས་པས།  ཡང་དག་འབྲས་བུ་ངེས་པར་ཐོབ།  ཅེས་གསུངས་པས་དང་པོ་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་སྐྱེ་ལ།  བསམ་བྱུང་གི་ཤེས་རབ་ལ་བརྟེན་ནས་སྒོམ་བྱུང་གི་ཤེས་རབ་སྐྱེ་བས་ན།  ཐོག་མར་ཐོས་པའི་ཤེས་རབ་སྐྱེ་བ་གལ་ཆེ།  དེ་ཡང་བླ་མས་ཇི་ལྟར་གསུངས་བཞིན་ཆད་ལྷག་ནོར་འཁྲུལ་མེད་པ་བློར་ཆུད་ངེས་དགོས་ལ།  དེང་སང་བླ་མ་ཕལ་ཆེར་དཔལ་འབྱོར་རིགས་རྒྱུད་ཀྱིས་ཁེངས་ནས་ཐོས་བསམ་ཉམས་ལེན་མ་བྱས་སྟབས་ཡང་དག་པའི་སྨར་ཁྲིད་ཤེས་མཁན་དཀོན་ལ།  ཆེན་པོའི་སྦོམ་ཁྲིད་དང་ཟོག་པོའི་འུར་ཁྲིད་ཚར་གཅིག་གསུངས་པ་དེ་སློབ་བུས་ཚར་གཅིག་ཉན་པ་ལྟར་བྱེད་ནས།  ཚར་གཅིག་གིས་འཆད་ཉན་ཟིན་པར་རློམས་འདུག་ཀྱང་།  སློབ་བུའི་རྒྱུད་ལ་ཚིག་དོན་ཁ་ཡ་ཙམ་ཡང་མ་ངེས་ནས་ཐོས་པའི་དོན་གོ་མི་ཆོད་ལ་མ་ཐོས་པ་དང་ཁྱད་མེད་ལ།  གལ་ཏེ་ཐོས་དོན་རྒྱུད་ལ་ངེས་ན་དེ་ཉིད་བསམ་པའི་ཤེས་རབ་ཀྱིས་རྟོག་དཔྱོད་གཞི་འགྲེལ་གྱིས་གཏན་ལ་ཕབ་ནས།  དོན་མ་ནོར་བ་བྱུང་ལ་སྒོམ་པ་ཉམས་སུ་ལེན་པའི་དུས་སྙིང་རུས་བསྐྱེད་ནས་བྱང་ཆུབ་སྒྲུབ་པར་བརྩོན་དགོས་ཏེ།  ཀླད་དོན་ནོར་བུ་རྒྱན་ལས།  དལ་འབྱོར་གྱི་རྟེན་འདི་ལ་བརྟེན་ནས།  ཉན་པ་པོ་ཡོད་པས་འཆད་པ་པོ་འབྱུང་།  འཆད་ཉན་ཡོད་པས་གོ་བ་འབྱུང་།  གོ་བ་ཡོད་པས་སྒྲུབ་པ་འབྱུང་།  སྒྲུབ་པ་ཡོད་པས་བྱང་ཆུབ་ཐོབ་པར་འགྱུར་ཞིང་།  དེ་མ་ཡིན་པ་གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པར་གཡེང་ནས།  ཉན་པ་པོ་མེད་པས་བཤད་པ་པོ་མི་འབྱུང་།  བཤད་ཉན་མེད་པས་གོ་བ་མི་འབྱུང་།  གོ་བ་མེད་པས་སྒྲུབ་པ་མི་འབྱུང་།  སྒྲུབ་པ་མེད་པས་བྱང་ཆུབ་ཐོབ་པར་མི་འགྱུར་རོ།  ཞེས་གསུངས་སོ།  སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་སུ་ཡོད་ཅིང་།  དེ་ཉིད་རང་རྒྱུད་ལ་གནས་ཐབས་དང་།  གཞན་རྒྱུད་ལ་སྤེལ་བའི་ཐབས་མཆོག་ཏུ་གྱུར་པ་ནི་ལུང་གི་བསྟན་པ་ལ་འཆད་ཉན་དང་།  རྟོགས་པའི་བསྟན་པ་ལ་སྒོམ་སྒྲུབ་བྱ་བ་དེ་ཡིན།  དེ་ནི་ལམ་ངོ་ཤེས་པ་དང་།  ལམ་དུ་བགྲོད་པ་ལྟ་བུ་གཉིས་ལས།  དང་པོ་ལམ་ངོ་མ་ཤེས་ན་ལམ་ལོག་ཏུ་ལྟུང་བ་དང་།  གཉིས་པ་ལམ་དུ་བགྲོད་པར་མ་བྱས་ནས་དམིགས་ཡུལ་དུ་སློབ་མི་ཐུབ་པ་ལྟར་འགྱུར་བས།  ཐོག་མར་རྟོགས་པའི་བསྟན་པ་ལ་སྒོམ་སྒྲུབ་ཉམས་ལེན་མ་ནོར་བ་ཚུལ་བཞིན་ཤེས་པའི་ཆེད་ལུང་གི་བསྟན་པ་ལ་འཆད་ཉན་དང་།  དེ་ནས་ལུང་གི་བསྟན་པ་ལ་བཤད་ཉན་ཇི་ལྟར་བྱེད་པའི་དོན་ཁ་བཤད་ཙམ་དུ་མ་སོང་བར་རྟོགས་པའི་བསྟན་པར།  སྒོམ་སྒྲུབ་ཉམས་ལེན་ལ་སྦྱོར་དགོས།  དེ་ལྟར་མ་ཡིན་པར་ཐོག་མར་ཐོས་བསམ་བྱ་ལོང་མེད་པར་སྒྲུབ་པ་ཉམས་ལེན་བྱས་ན་ཡང་དག་པའི་ལམ་ཚུལ་བཞིན་སྒྲུབ་མི་ཤེས་ཤིང་ནོར་བའི་ལམ་ལ་ཇི་ཙམ་འབད་ཀྱང་མཐར་འབྲས་མེད་པར་ངལ་བ་ཆེ་བྱེད་ཙམ་དུ་ཟད་དེ།  དཔེར་ན་ལམ་ནོར་མགྲོན་པོ་བསྐྱོད་པ་དང་།  འོ་མ་འདོད་ནས་མཛུབ་མོ་འཇིབ་པ་བཞིན་དོན་མེད་དུ་འགྱུར་བས།  ཐོག་མར་འཆད་ཉན་གལ་ཆེ་སྟེ།  ཀུན་བཟང་རྒྱལ་མཚན་གྱིས།  འཕྲུལ་ངག་བསྟན་པ་ལུང་རྟོགས་བདག་ཉིད་ཅན།  འཆད་ཉན་རྩོམ་དང་སྒྲུབ་པའི་ཐབས་བཟང་གིས།  གདུལ་བྱའི་རྒྱུད་ལ་དར་ཏེ་མི་གྲོལ་ན།  སྐྱོབས་པ་བླ་མེད་བོན་དུ་ཅི་ཞིག་འགྱུར།  དེས་ན་དེ་ཡི་བརྗོད་བྱའི་དགོངས་དོན་རྣམས།  རྗོད་བྱེད་ཚིག་གི་རུམ་དུ་ཉལ་བས་ན།  ཚིག་གི་བརྡའ་དོན་མི་ཤེས་དོན་གྱི་དངོས།  རྟོགས་འདོད་ནམ་མཁའི་འཇའ་ལ་སྤར་འདེབས་འདྲ།  ཞེས་དང་།  སུམ་བརྒྱ་པ་ལས་ལོང་བས་གནས་བསྙག་ལམ་པ་བསྟེན་པའམ།  མུན་པའི་རྫས་གང་སྒྲོན་མེས་ཚོལ་བ་བཞིན།  མཁས་པ་རྣམས་ལས་མཉན་བསམ་སྒྲོ་འདོགས་གཅད།  མདོ་རྒྱུད་ལ་སོགས་ཡོངས་སུ་བལྟ་བར་བྱ་ཞེས་གསུངས་སོ།  དེང་སང་ཁ་ཅིག་གིས་ཐོས་སྒོམ་མམ་བཤད་སྒྲུབ་གཉིས་འགལ་བ་ལྟག་སྤྲོད་དུ་བཟུང་སྟེ་ཐོས་བསམ་སློབ་གཉེར་བ་ཁ་ཅིག་གིས།  ཐོས་པ་མེད་པའི་སྒོམ་པ་ནི།  ལག་རྡུམ་བྲག་ལ་འཛེག་པ་འདྲ།  ཟེར་ནས་སྒོམ་ཆེན་ལ་སྨད་པ་གཏོང་ཞིང་རང་གིས་ཐོས་བསམ་བྱེད་པའི་དམིགས་ཡུལ་རང་རྒྱུད་ལ་སྒོམ་དོན་འཚོལ་བའི་རྩིས་མི་བྱེད་པར་གཞན་ལ་སྨ་འབེབས་ཟུར་ཟ་བརྗོད་འདོད་དང་།  རང་མཁས་འདོད་དང་རྙེད་བཀུར་གྲགས་པ་ཐོབ་འདོད་ཀྱིས་ཁ་ཕྱིར་བལྟས་སུ་ཤོར་ནས་ནང་དུ་མ་བསྒོམ་པས་ལན་པ་དང་།  ཡང་སྒོམ་ཆེན་ཉམས་ལེན་པ་ཁག་ཅིག་གིས།  མི་ཡེངས་དོན་ལ་སྒྲུབ་པར་མི་བརྩོན་ན།  ཚིག་མཁས་དོན་ལ་རྨོངས་པ་ཅི་ཞིག་བྱ།  ཟེར་ནས་ཐོས་བསམ་སློབ་གཉེར་བ་ལ་སྨད་པ།  གཏོང་ཞིང་སྒོམ་ཆེན།  རང་གིས་སྒོམ་སྒྲུབ་ཡང་དག་ཤེས་མིན་མི་ཤེསའ་འདོན་དང་བློ་འཛིན་བྱེད། ལུས་སྦྱིན་བསྔོ་སྨོན་དང་བྱམས་མ་སྟག་ལ་བདུད་ཟློག་ཚེ་སྒྲུབ་བར་ཆད་ལམ་སེལ་དང་མཉམ་བཞག་གསང་མཚམས་གཅོད།