འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ལྷག་བསམ་ཅན་གྱི་མི་བུ་འདི་ཚོར་མཐེ་བོང་ཞིག་བསྒྲེངས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2017-03-29]  [རྩོམ་པ་པོ།:བསེ་ཚང་རྣམ་དག་དོན་ལྡན།]  [ཀློག་གྲངས།:]

    འདི་ནས་ཡིད་རངས་ཀྱི་མེ་ཏོག་འཐོར་བཞིན་ལག་ཟུང་གི་མཐེ་བོང་གནམ་ལ་བསྒྲེངས་འོས་པ་ཞིག་སྟེ།  སྤྱིར་ན་བཟོ་རིག་ལྷ་རིས་སྒྱུ་རྩལ་ལ་བྱང་ཆུབ་ཞིང་ཡང་སྒོས་སུ་ལྡོང་ལུགས་ལྷ་རིས་ཀྱི་རྐང་འཛིན་པ་ཆེན་མོའམ་ལྡོང་ལུགས་ལྷ་རིས་ཀྱི་དབུ་མཛད་ཆེན་མོ་ཧོར་ཚང་ནོར་བུ་གཡུལ་རྒྱལ་ལགས་དང་ཁོང་གི་སློབ་བུ་ལྡོང་ལུགས་ལྷ་རིས་ཀྱི་པིར་ཐོགས་པ་ཧོར་ཚང་བསྟན་པ་ཉི་མ།  དབལ་ཁྱུང་ཚེ་དབང་དོན་གྲུབ།  ཧོར་མི་བློ་བཟང་བཀྲ་ཤིས། ཁྱུང་རུ་ལེགས་རྒྱལ། ཡར་འགག་བསྟན་འཛིན་ཕུན་ཚོགས། གཡག་ལྡང་ཚེ་དགའ་ཉི་མ་བཅས་ན་གཞོན་ལྡོང་ལུགས་རི་མོའི་རྒྱུད་འཛིན་པ་དགེན་སློབ་ཁྱུ་གཅིག་ནས་དེ་སྔོན་ངེད་ཁྱུང་པོ་སྟེང་ཆེན་དགོན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་རོགས་རམ་གང་མང་མང་གནང་བྱུང་བ་མ་ཟད། ཉེ་བའི་ཆར་ངེད་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་གཡུང་དྲུང་བོན་གྱི་བརྟེན་འགྱུར་བསྐྱར་དུ་དག་བཞེངས་བྱེད་ནས་APPཀུན་སྣང་ཁྱབ་པ་དང་ཀུན་སྣང་ཁྱབ་པའི་དྲ་བའི་དཔེ་ཁང་ནང་བཅུག་སྟེ་འཛམ་གླིང་ཀློག་པ་པོའི་མིག་སྔར་བཀྲམ་རྩིས་ཡོད་པ་ལ་ཁོང་རྣམ་པས་མ་བསྐུལ་དང་བླང་གི་སྒོ་ནས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་བསྲིང་སྟེ་མཛད་བཟང་འཕྲིན་ལས་འདིིའི་ཐོག་མ་རྩ་འགྲོ་སོང་གཏོང་སྤྱད་ཀྲུང་སྒོར་ཁྲི་ཚོ་༤༣ཞབས་འདེབས་གྱ་ནོམ་པ་གནང་བྱུང་བ་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་ཞུ་བ་ཡིན། འདི་ལྟར་ཁོང་རྣམས་སྒྱུ་རྩལ་གྱི་རི་མོ་མཁས་པའི་མཛེས་པ་མ་ཟད་ལྷག་ཏུ་ནང་ནོམ་གྱི་ཡོན་ཏན་གཏོང་ཕོད་འདིས་ཀྱང་ཀུན་ནས་མཛེས་པ་ཞིག་ཡིན་པས་ཡིད་རང་དང་གོང་བཀུར་ཞུ་འོས་པ་ཞིག་རེད།


སྨྲས་པ།
ཕྱི་ལུས་ལག་གི་སྒྱུ་རྩལ་རི་མོ་མཁས།།
ནང་སེམས་ལྷག་བསམ་འོ་མ་དཀར་པོའི་རྒྱུན།།
སྦྱིན་ལ་དགའ་བ་སེམས་དཔའི་སྤྱོད་པ་དངོས།།
པིར་ཐོགས་དགེན་སློབ་ལྷན་རྒྱས་གོང་བཀུར་འོས།།

སྤྱི་སྨན་ཞབས་ཞུ་སྤྱི་ཚོགས་འདི་ལ་འཁོ།།
ཕན་པའི་སྡོང་གྲོགས་མཛད་བཟང་སྐྱོང་ལ་དགོས།།
གཅིག་ཕན་གཅིག་གྲོགས་ལྷག་བསམ་འཆང་གྱུར་ན།།
ཀུན་ནས་མཛེས་པའི་ཡིད་འོང་སྤྱི་ཚོགས་ཆག།

གཞན་ཕན་རླབས་དཀར་རྒྱུན་གྱི་ཉེ་རྒྱུ་སྟེ།།
གངས་སེམས་རང་མདངས་དཀར་བའི་ཁྱེད་རྣམས་པ།།
ང་དང་ཁོ་ཡིས་མིག་ལྟོས་མཚོན་དཔེ་དངོས།།
སྐུ་ཚེ་གེགས་མེད་མཛད་འཕྲིན་དར་བར་སྨོན།།


    ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་དེ་ཟུར་དུ་ལྡོང་ལུགས་ལྷ་རིས་ཀྱི་རྐང་འཛིན་པ་ཆེན་མོ་ཧོར་ཚང་ནོར་བུ་གཡུལ་རྒྱལ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་འདོར་བསྡུས་ཞིག་ཞུས་ན། ཁོང་ནི་ཁྱུང་པོ་སྟེང་ཆེན་ས་ཆར་ཁྲ་ལོག་སྡེ་བར་སྐྱེས། ཁོང་གི་ཕ་མྱེས་ཧོར་བྱམས་པ་དང་ཧོར་ཚང་རྟོགས་ལྡན་ནམ་ཧོར་བཀྲ་ཤིས་སོགས་ལྡོང་ལུགས་རི་མོ་རྒྱུད་འཛིན་གནང་མཁན་ཡིན་ཞིང་། ཁོང་ནི་ཆུང་ལོ་དྲུག་ནས་བོད་ཡིག་འབྲི་ཀློག་གི་རྨང་གཞི་རྩིས་དང་བཅས་བྱན་ཆུད་པར་བྱས། དགུང་གྲངས་བཅུ་གཉིས་ཙམ་སོན་པ་དང་ཕ་མ་རྣམས་ཀྱི་རེ་འདུན་བཞིན་ལྡོང་མདོ་དབུ་ཆེན་ཚེ་རིང་གཡང་འཕེལ་(ཁོང་གི་ཨ་མྱེ་ཡིན)གྱིས་སློབ་བུ་རུ་གཅེས་ཉར་གནང་སྟེ། ཁོང་དང་ཁོང་གི་སློབ་གྲོགས་ཡག་བཟའི་བུ་འབངས་སོགས་སློབ་ཕྲུག་ཁ་ཤས་ཀྱི་ལྷན་དུ་ལོ་ངོ་བཅུ་ཕྲག་རིང་ལྡོང་མདོ་དབུ་ཆེན་དང་རྒྱུན་དུ་འབྲལ་མེད་གནང་ནས་སྲོལ་རྒྱུན་ལྷ་བྲིས་ལག་ཤེས་སྦྱངས་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ལྡོང་མདོ་དབུ་ཆེན་གྱིས་ཀྱང་ལྷ་ཡི་ཐིག་དཔེ་ཚགས་པར་ལག་ལེན་གནང་སྟངས་དང་། འབྲི་རྒྱུ། ཚོན་གཏོང་རྒྱུ། ཐང་ཀ་བཞེངས་རྒྱུ་སོགས་ལྷ་བཟོའི་རྒྱུན་ལྡན་གྱི་ལག་ཤེས་རྣམས་ཕ་ངག་བུ་ལ་གདམས་པ་བཞིན་བསླབས་གནང་བས་མཐར་སློབ་བུ་རྣམས་ལྡོང་ལུགས་རི་མོའི་སྒྱུ་རྩལ་མཁས་ཅན་དུ་གྱུར་ནས་དབུ་མཛད་ཅེས་པའི་མཚན་གྱི་ཅོད་པན་སྤྱི་བོའི་གཙུག་རྒྱན་དུ་ཐོབ་ཡོད་པ་རེད། ༢༠༠༤ལོར་༧ ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཐུན་གྱུར་རྒྱབ་སྐྱོར་དང་། སྟེང་ཆེན་རྫོང་རིམ་པ་གོང་འོག་ཁག་གི་མོས་མཐུན་ཆོག་མཆན་འོག་ལྡོང་ལུགས་རི་མོའི་སྒྱུ་རྩལ་གྱི་སློབ་གྲྭ་གསར་དུ་དབུ་བརྙེས་པ་དང་བསྟུན་དབུ་མཛད་ཁོང་ཉིད་འབྲེལ་ཡོད་སྡེ་ཚན་ནས་གདམས་ཐོན་བྱུང་བ་ལྟར་སློབ་གྲྭ་དེའི་དགེ་རྒན་གནང་ནས་སློབ་ཐོན་ལྷ་བཟོ་བ་མང་པོ་བསྐྱེད་བསྲིང་བྱས་པ་དང་། ཕྱི་ལོ་༢༠༡༡ལོའི་ལྗོངས་ཡོངས་ནས་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་གཟེངས་བསྟོད་རིམ་པ་དང་བོ་དང་"བོད་ལྗོངས་མཛེས་རྩལ་མཁས་པའི་དཔྱད་འདེམས་པའི་"མཚན་གནས་བཞེས་པ་སོགས་འབྲས་རྟགས་མང་པོ་བླངས་མྱོང་ཡོད། ད་ཆར་ཡང་ལྷ་རིས་སློབ་ཚོགས་བསྐྱང་བཞིན་བཟོ་རིག་ལྷ་རིས་སྒྱུ་རྩལ་གྱི་འཕྲིན་ལས་གསེབ་ཏུ་དུས་འདའ་བཞིན་འཆིས་སོ།།


༢༠༡༧/༣/༢༨ཉིན་ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་མིང་ཙམ་འཛིན་པ་བསེ་ཚང་རྣམ་དག་དོན་ལྡན་ནས།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།