འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཀུན་སྣང་ཁྱབ་པ་གློག་ཀླད་ཅན་འཛམ་གླིང་གང་སར་བཀྲམ་པའི་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2017-03-17]  [རྩོམ་པ་པོ།:དགེ་བཤེས་རྣམ་དག་དོན་ལྡན།]  [ཀློག་གྲངས།:]


    རྒྱ་ཆེ་བོད་རིག་པ་འམ་བོན་རིག་པར་ཉམས་ཞིབ་ཐུགས་བཞེས་གནང་བའི་མཁས་དབང་རྣམ་པའི་སྡེ་དང་།  དད་དམ་གཡུང་དྲུང་ལུ་གུའི་རྒྱུད་ཀྱིས་འཚོ་བའི་རྒྱ་ཆེ་བོན་འབངས་མང་ཚོགས་གཙོས་པའི་ཆོས་ལུགས་དང་གྲུབ་མཐའ་རིས་སུ་མ་ཆད་པའི་ཚང་མ་ཡོངས་ཀྱི་གསེར་སྙན་རིང་མོའི་ལམ་དུ་གསོལ་རྒྱུ།

    གཅིག།   དེང་རྒྱལ་བའི་བསྟན་པ་ཕ་ནོར་བུ་བཞག་གི་ཚུལ་གྱིས་རྒྱུན་སྐྱོང་རྒྱུད་འཛིན་ནས་བསྟན་སྲོག་ཡུན་ནས་ཡུན་དུ་འཚོ་ཐུབ་ཅིང་།  རིས་མེད་ཕྱོགས་ཀུན་ཏུ་སྤེལ་བ་ལ།   དུས་རབས་ཀྱི་ལམ་བུ་གསར་པར་གོམ་པ་འདེགས་འཇོག་གི་ཚུལ་གྱིས་གསུང་རབ་དག་དྲ་རྒྱ་དང་འཕྲུལ་ཆས་ཀྱི་ལམ་ནས་གང་སར་འགྲིམས་ཐུབ་ན་རྒྱལ་བསྟན་མྱུར་སྐྱོབས་ཀྱི་དགོས་དམིགས་ཆེན་པོ་ཡོད་པ་སོགས་སྒོ་དུ་མར་གཟིགས་ནས།  ང་ཚོ་ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་སྤྱི་ལོ་ ༢༠༠༢ ལོ་ནས་བཟུང་དུས་རབས་ཀྱི་འགྲོས་དང་བསྟུན་ནས།  དབུ་འཛིན་༧ བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་དངུལ་སྨར་གྱི་འགྲོ་གྲོན་སྒོར་ས་ཡ་ ༡༠ ལྷག་གཏོང་ནས་མཁན་པོ་དགེ་བཤེས་གྲྭ་བཙུན་ལྔ་བཅུ་ཡས་མན་གྱིས་མི་ལོ་བཅོ་ལྔ་ལྷག་ལ་འབད་པ་རྒྱུན་བསྐྱངས་ནས་ཐུན་མོང་གི་ལོངས་སྤྱོད་སྐལ་དུ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གསུང་འབུམ་དཔེ་ཚོགས་རྣམས་པོད་གཟུགས་ནས་དེབ་གཟུགས།  དེ་བཞིན་དུ་དུས་ཀྱི་འགྱུར་བག་ལ་དྲན་ཤེས་ཀྱིས་ཟིན་པའི་སྒོ་ནས་འཕྲུལ་ཆས་ཀྱི་དུས་རབས་འདི་དང་འཚམས་པའི་བོན་དཔེ་དཔེ་རྙིང་དཔེ་དཀོན་དག་ཁ་པར་དང་གློག་ཀླད་མཉེན་ཆས་བཅས་ནང་བཅུག་སྟེ་རྣམ་པ་མི་འདྲ་བའི་ཐོག་ནས་འཛམ་གླིང་གང་སར་བཀྲམ་པའི་ལས་གཞི་རྒྱ་ཆེན་པོ་ཞིག་གཉེར་མུས་སུ་ལགས་ན།  ཉེ་བའི་སྔོན་ལ་གོང་གསལ་གྱི་བོན་དཔེ་སྣ་འདུས་ཀྱི་མཉེན་ཆས་App"ཀུན་སྣང་ཁྱབ་པ་"ལེགས་གྲུབ་བྱུང་ནས་

    ༢༠༡༦/༨/༢༧ ཉིན་ཚང་མས་སྟབས་བདེ་རིན་མེད་སྒོ་ནས་སྤྱོད་སྐལ་ལྡན་པ་ཞིག་འགྲེམ་སྤེལ་བྱས་ཡོད་ཅིང་།  ལས་གཞི་འདི་ནི་ར་ཟམ་པ་ལ་བགྲོད་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་མུར་ཆགས་སུ་ཐོན་དགོས་རྒྱུ་ཞིག་ཡིན་སྟབས།  དྲ་བའི་པར་གཞི་གློག་ཀླད་ཅན་ནམ་བོན་གྱི་དྲྭ་བའི་དཔེ་ཁང་ཉིད།  ལས་བྱའི་དམིགས་རིམ་ནང་ཡོད་ཀྱང་དུས་དབང་གིས་མ་ལྕོག་པར་ད་བར་འགོར་འགྱངས་སུ་སོང་ཡོད་།  ད་ཆ་དྲ་བའི་པར་གཞི་གློག་ཀླད་ཅན་ཉིད་དངོས་སུ་ལེགས་གྲུབ་བྱུང་ནས་



    ༢༠༡༧/༤/ ༦ རྒྱལ་ཕུར་འགྲུབ་སྦྱོར་ཉིན་འཛམ་གླིང་དྲྭ་བའི་སྒང་དུ་ཤར་གཏོང་བྱ་རྒྱུ་ཡིན་པས་རྒྱ་ཆེ་གཟིགས་པོ་བ་རྣམས་པས་ཀྱང་ཐུགས་འདོད་ཁེངས་ཐུབ་བའི་རེ་བ་དང་དེ་ལུགས་ཐུགས་ལ་འཇག་པར་འཚལ།།

    གཉིས།  ང་ཚོས་ད་དུང་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་དང་མཉམ་འབྲེལ་གྱིས་བསྐྲུན་པས་པོད་ ༡༡༥ ཅན་དག་བསྒྲིགས་ཟིན་ཏེ་༼ མཉེན་ཆས་ཀུན་སྣང་ཁྱབ་པ་༽འམ་དྲ་བའི་པར་གཞི་གློག་ཀླད་ཅན་ནང་འཇུག་བཞིན་པ་དང་།  དེ་བཞིན་གསུང་འབུམ་སོགས་བོན་དཔེ་གང་རྙེད་རྙེད་རིམ་བཞིན་བཅུག་ནས་བཀྲམ་རྩིས་ཡོད་པས།  ཁ་སྔོན་གསུང་འབུམ་གྱི་གྲལ་དུ་ཁྱུང་སློབ་ཚུལ་རྒྱན་པའི་གསུང་འབུམ་དང་ཤར་རྫ་རིན་པོ་ཆེའི་གསུང་འབུམ་གཉིས་ལས་བཅུག་རྒྱུ་མ་རག་བར་ལྷག་ཡོད།  དེར་བརྟེན་འགྲོ་མགོན་དང་།  རྗེ་རིན་པོ་ཆེ་དེ་བཞིན་སྒ་སྟོན་སོགས་ཀྱི་གསུང་འབུམ་དང་དཔེ་ཚོགས་འཕྲུལ་བཏགས་ཅན་སུ་ལ་ཡོད་ན་མཁོ་འདོན་གྱི་ཕྱག་ཟུང་གང་མགྱོགས་མགྱོགས་བསྲིང་ནས་འདོན་སྤྲོད་གནང་རོགས།

    དེ་ལྟར་རེ་འབོད་བྱས་པའི་གཞུག་གུ་ནས་དུས་ཚེགས་གཉིས་ལ་བསྲི་ཚགས་ཐུབ་པའི་ཕན་པའི་སྡོངས་སུ་བྱོན་མཁན་སུ་མེད་པ་ཡིན་ན།  ང་ཚོས་རང་ངོས་ནས་གློག་ཀླད་དུ་བཏགས་ནས་གཡུང་དྲུང་བོན་གྱི་དྲྭ་བའི་དཔེ་ཁང་ཀུན་སྣང་ཁྱབ་པའི་ནང་བཅུག་རྩིས་ཡོད་པས་དེ་ལུགས་ཐུགས་མ་གཡེལ་རོགས་ཞུའོ།།

ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།

༢༠༡༧/༣/༡༧ ཉིན།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།