འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་གསར་གནས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2016-10-27]  [རྩོམ་པ་པོ།:མཛད་སྒོ་གོ་སྒྲིག་ཚོགས་ཆུང་།]  [ཀློག་གྲངས།:]

    དཔལ་གཤེན་བསྟན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་༼དབལ་ཁྱུང་འགྲོ་འདྲེན་གསས་ཁང་༽ལེགས་གྲུབ་བྱུང་ནས་སྒོ་འབྱེད་ཀྱི་མཛད་སྒོ་དང་འབྲེལ།  སྐབས་གསུམ་པའི་དགེ་བཤེས་མཛད་སྒོ།  ཞི་ཁྲོའི་སྨན་སྒྲུབ།  སྐབས་དྲུག་པའི་ཚད་མའི་རིགས་སྒྲ།  རྒྱལ་བ་སྨན་རིའི་ཕྱག་སྲོལ་ཇི་བཞིན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་མཛད་སྒོ་སོགས་ཀྱི་གནས་བསྡུས།

ས་བསླང་མཛད་བཞིན་པ།

    སྤྱི་ལོ་ 2016 ལོའི་ 9 པའི་ཚེས་ 21 ཉིན་ཞི་ཁྲོའི་སྨན་སྒྲུབ་ཆེན་མོའི་སྣ་སེལ་དུ་རྣམ་དག་པདྨ་ཀློང་ཡངས་བཅའ་བཟོ་བྱས 9 པའི་ཚེས་ 22 ཉིན་ཞོག་ཀ་འདུས་སྡེ་སེར་ཕྲེང་ལ་ཕེབས་ནས་ས་བསླང་མཛད་དེ་ 9 པའི་ 24 བར་ཉིན་གསུམ་རིང་རྣམ་དག་དང་ཀློང་རྒྱས།  འབུམ་དང་ཁམས་ཆེན་ཀློག་འདོན།  ས་ཙྪ་གདབ་པ་སོགས་སྣ་སེལ་གྱི་རིམ་འགྲོ་རྒྱས་པར་སྤེལ།

རྒྱལ་ཐོ་རྒྱབ་སྐབས་ཀྱི་པར་རིས།

འཆམ་རར་རྒྱལ་ཆེན་འཆམ་བཞིན་པའི་པར།

    9 པའི་ཚེས་ 25 ནས་ཞི་ཁྲོའི་སྨན་སྒྲུབ་ཆེན་མོའི་དབུ་བཟུང་སྟེ་ 10 པའི་ཚེས་ 2 བར་ཉིན་བརྒྱད་རིང་ཞི་ཁྲོའི་སྨན་གྱི་ཁྲོལ་བུའི་སྒྲུབ་བ་དང་།  ཕྱེ་མའི་སྒྲུབ་བ་ཐོན་པར་བྱས།

ཁྲི་འཛིན་བླ་མ་རིན་པོ་ཆེ་འཚོགས་མགོན་དུ་བཞུགས་པའི་སྐབས།

    ཟླ་10 པའི་ཚེས་ 2 ཀྱི་ཕྱི་དྲོར་དགོན་འདིའི་དབུ་བླ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེས་འདིར་འཚོགས་སེར་སྐྱ་ཡོངས་ལ་སྔོན་འགྲོའི་བཀའ་དབང་གནང་།  དགོང་མོ་ཁྱུང་ཡུལ་རྩེ་དྲུག་དགོན་དང་།  གཡུང་དྲུང་དཔལ་རི།  སྟེང་ཆེན་དགོན།  མཐོང་གྲོལ་རི་ཁྲོད།  ག་ཤེལ་ཤ་འདྲ་དགོན་སོགས་ཀྱི་རིགས་པ་སྨྲ་བའི་ཁྱུ་ཚོགས་གདན་འདྲེན་ཞུས།

རིགས་སྒྲའི་སྐབས་ཀྱི་འཆད་རའི་རྣམ་པ།

    10 པའི་ཚེས་ 3 ནས་ཚེས་ 12 བར་ཉིན་བཅུའི་རིང་དགེ་བཤེས་མཛད་སྒོ་དང་།  ཚད་མའི་རིགས་སྒྲ།  ཞི་ཁྲོའི་སྨན་གྱི་ཕྱྭ་ཚེ་སྒྲུབ་བ་དང་།  དངོས་གྲུབ་སྒྲུབ་བ་སོགས་ལྷན་དུ་སྤེལ།  

དགེ་བའི་བཤེས་གཉེན་རྣམ་པ་སེར་ཕྲེང་གིས་གདན་འདྲེན་ཞུ་བཞིན་པ།

    དེའང་ཚེས་ 3 ཉིན་རལ་པ་དྲང་སྲོང་ཁྲི་གཙུག་བསྟན་པ་རབ་གསལ་དང་།  ཨ་ཁུ་དྲང་སྲོང་ཁྲི་ལྡེ་རྣམ་རྒྱལ་ཉི་མ་རྣམ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ།  ཕྱི་དྲོ་སྟེང་ཆེན་དགོན་བཤད་གྲྭ་བ་དམ་བཅའ་དང་།  རྩེ་དྲུག་དགོན་བཤད་གྲྭ་བས་རྩོད་པ་མཛད།  དེ་ཉིན་དགེ་བཤེས་རྒྱལ་བ་བསྟན་འཛིན་མཆོག་དང་།  དགེ་བཤེས་བཟོད་པ་འགྱུར་མེད་མཆོག  དགེ་བཤེས་བསྟན་འཛིན་སྐལ་བཟང་མཆོག  དགེ་བཤེས་བློ་གྲོས་རབ་གསལ་མཆོག དགེ་བཤེས་འཕགས་མཆོག་སེམས་དཔའ་མཆོག  དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིནམཆོག  དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག  དགེ་བཤེས་བསྟན་འཛིན་སྦྱིན་པ་མཆོག  དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག  དགེ་བཤེས་ཤེས་རབ་བསྟན་འཛིན་མཆོག དགེ་བཤེས་རྣམ་དག་ཚུལ་ཁྲིམས་མཆོག  དགེ་བཤེས་ཤེས་རབ་རྣམ་རྒྱལ་མཆོག་བཅས་སེ་ཕྲེང་གིས་གདན་འདྲེན་ཞུས་ཤིང་།  ཉིན་གཞུང་དགེ་བཤེས་བཀྲ་ཤིས་དང་།  ཕྱི་དྲོ་དམ་བཅའ་སོགས་སྤྱན་འབུལ་ཞུས།  དགོང་མོ་བཤད་སྒྲུབ་འདུས་སྡེའི་ལོ་ངོ་བཅུ་འཁོར་བའི་མཛད་སྒོའི་ཚུལ་དུ་དགེ་བཤེས་རྣམ་པས་མ་འོངས་པར་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་གང་འདྲ་དགོས་པ་བརྗོད་གཞི་བྱས་ཏེ།  བགྲོ་གླེང་ཕྱག་ཚོད་གསུམ་རིང་ལྷུག་པོར་གནང་།

དགེ་བའི་བཤེས་གཉེན་རྣམ་པར་གཤེན་རབ་མཆོད་ལྔའི་མཆོད་པ་འབུལ་བཞིན་པ།

    ཚེས་ 4 ཉིན་འབྲིང་རྒྱུད་དྲང་སྲོང་གཙུག་ཕུད་མཆོག་སྒྲུབ་ནམ་མཁའ་དང་།  འབྲིང་རྒྱུད་དྲང་སྲོང་བསམ་གཏན་ཚུལ་ཁྲིམས་རྣམ་དག་རྣམ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ།  དྲོ་གཞུང་དབལ་ཁྱུང་འགྲོ་འདྲེན་གསས་ཁང་སྒོ་འབྱེད་མཛད།  ཕྱི་དྲོ་རྩེ་དྲུག་དགོན་བཤད་གྲྭ་བ་དམ་བཅའ་དང་།  ཀོ་རྒྱལ་དགོན་བཤད་གྲྭ་བས་རྩོད་པ་མཛད།

    ཚེས་ 5 ཉིན་དགུང་སར་དྲང་སྲོང་མཁྱེན་བརྩེ་བློ་གསལ་དོན་ལྡན་དང་།  ཨ་རོལ་དྲང་སྲོང་ཕུན་ཚོགས་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ།  ཕྱི་དྲོ་ཀོ་རྒྱལ་དགོན་བཤད་གྲྭ་བ་དམ་བཅའ་དང་།  རི་ཁྲོད་དགོན་བཤད་གྲྭ་བས་རྩོད་པ་མཛད།

མཚན་མོའི་བགྲོ་གླེང་གི་ཟུར་གཅིག།

   ཚེས་ 6 ཉིན་བོན་རྒྱུད་དྲང་སྲོང་ཚུལ་ཁྲིམས་འགྱུར་མེད་རྒྱལ་མཚན་དང་།  ཚབ་ཤུ་དྲང་སྲོང་གཙུག་གཤེན་ཚུལ་ཁྲིམས་དབང་རྒྱལ་རྣམ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ།  ཕྱི་དྲོ་རི་ཁྲོད་དགོན་བཤད་གྲྭ་བ་དམ་བཅའ་དང་།  སྟེང་ཆེན་དགོན་བཤད་གྲྭ་བས་རྩོད་པ་མཛད།

    ཚེས་ 7 ཕྱྭ་ག་དྲང་སྲོང་བརྩོན་འགྲུས་མཐར་ཕྱིན་དྲི་མེད་དང་།  ཤོ་ས་དྲང་སྲོང་ཤེས་རབ་ཁྲི་གཙུག་རྒྱལ་པོ་རྣམ་གཉིས་ཀྱིས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ།  ཕྱི་དྲོ་ཤ་འདྲ་དགོན་བཤད་གྲྭ་བ་དམ་བཅའ་དང་།  ཀོ་རྒྱལ་དགོན་བཤད་གྲྭ་བས་རྩོད་པ་མཛད།

རིགས་སྒྲའི་སྐབས་ཀྱི་དམ་བཅའ་བ་དང་རྩོད་པ་བའི་ཉམས།

    ཚེས་ 8 ཉིན་ནས་ཚེས་ 12 བར་ཉིན་ལྔའི་རིང་ཉིན་རེ་བཀའ་རམས་པ་གཉིས་རེས་དམ་བཅའ་གསུང་ཞིང་དངོས་གཞི་དམ་བཅའ་བཞུགས།  དགོང་མོར་རིགས་སྒྲ་གྲོལ་བའི་དྲན་རྟེན་སྐུ་པར་རྒྱག་སྟེ་བསྟན་འབར་སྨོན་ལམ་གསུངས་ནས་ཚོགས་གྲོལ།


སྨན་སྒྲུབ་འཚོགས་གཞུང་དང་དགེ་བཤེས་དམ་བཅའི་རྣམ་པ།

སྨན་སྒྲུབ་སྐབས་ཀྱི་སེར་ཕྲེང་དགོན་གྱི་མཐའ་རུ་ཕེབས་བཞིན་པ།

    ཚེས་ 13 ཉིན་མ་མཆོག་སྲིད་པ་རྒྱལ་མོར་གཏང་རག་ཚོགས་མཆོད་རྒྱས་འབུལ་ཞུས།

བླ་མ་རྣམ་པ་སྔ་སྲོལ་ལྟར་གྱི་ཆིབས་བསུ་ཞུ་བཞིན་པ།

བླ་མ་རྣམ་པ་དེང་དུས་ལྟར་གྱི་ཆིབས་བསུ་ཞུ་བཞིན་པ།

བླ་མ་རྣམ་པ་སེར་ཕྲེང་གིས་ཕེབས་བསུ་ཞུ་བཞིན་པ།

བླ་མ་རྣམ་པར་གཤེན་རབ་མཆོད་ལྔའི་མཆོད་པ་འབུལ་བཞིན་པ།

   ཚེས་ 14 ཉིན་གྲྭ་ས་གཡུང་དྲུང་གླིང་གི་ཁྲི་འཛིན་མཁན་རིན་པོ་ཆེ་བསམ་གཏན་འགྱུར་མེད་མཆོག་དང་།  རྩེ་དྲུག་དགོན་དབུ་བླ་བསྟན་འཛིན་འོད་ཟེར་རིན་པོ་ཆེ།  གཡུང་དྲུང་དཔལ་རི་དགོན་དབུ་བླ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ།  སྟེང་ཆེན་དགོན་བླ་མ་རྒྱལ་བ་སྟན་འཛིན་རིན་པོ་ཆེ།  སྨོན་རྒྱལ་བླ་བྲང་གི་བླ་མ་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ།  ཀ་ལེགས་དགོན་གྱི་དབུ་བླ་ཚེ་དབང་སྟོབས་རྒྱལ་རིན་པོ་ཆེ།  རེ་ནེ་དགོན་དབུ་བླ་གཙུག་ཕུད་ཚུལ་ཁྲིམས་རིན་པོ་ཆེ།  དར་རྒྱས་དགོན་གྱི་བླ་མ་བསྟན་འཛིན་རྣམ་དག་རིན་པོ་ཆེ། ཤ་འདྲ་དགོན་གྱི་བླ་མ་བསྟན་འཛིན་ཡེ་ཤེས་རིན་པོ་ཆེ་སོགས་ཆིབས་བསུ་དང་སེར་ཕྲེང་གིས་གདན་འདྲེན་ཞུས་ནས་གཡུང་གླིང་མཁན་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་འབུལ་བའི་ཆོ་ག་རྒྱས་པར་སྤེལ།  ཕྱི་དྲོར་སྐྱེས་མཆོག་རྣམ་ཀྱིས་གནས་ཁང་གསར་རྙིང་ཀུན་ལ་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་སྒོ་ནས་རབ་གནས་མཛད།  འདུས་པ་རྒྱ་མཚོས་གར་འཆམ་གྱི་གཟིགས་སྟོན་བཤམ།  དེའི་ནང་མོར་བླ་མ་མཆོག་གིས་འདུས་པ་རྒྱ་མཚོར་ཞི་ཁྲོའི་ནང་དབང་བསྐུར་མཛད།

བླ་མ་རྣམ་པས་དད་ལྡན་དམངས་ལ་གཤར་དབང་གནང་བཞིན་པ།

དད་ལྡན་དམངས་ཀྱིས་རེ་བའི་ཁེངས་བཞིན་ཐག་རིང་ནས་རུ་བསྟར་སྒྲིག་སྟེ་བཀའ་དབང་ཞུ་བའི་ངང་སྒྲུག་བྱེད་བཞིན་པའི་ཟུར་གཅིག

    ཚེས་ 15 ཉིན་གོང་ནས་ཆིབས་བསུ་ཞུས་པའི་བླ་མ་རིན་པོ་ཆེ་རྣམ་པ་དགུ་དང་།  རི་ཁྲོད་དགོན་གྱི་དབུ་བླ་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་དང་།  ནག་རུ་དགོན་གྱི་དབུ་བླ་བསམ་གཏན་དགེ་ལེགས་རིན་པོ་ཆེ།  ངེད་ཀོ་རྒྱལ་དགོན་དབུ་བླ་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ།  སྒྲུབ་མཁན་དགེ་ལེགས་ཚུལ་ཁྲིམས་རིན་པོ་ཆེ།  དགེ་བཤེས་བློ་གྲོས་རབ་རྒྱས་རིན་པོ་ཆེ།  རྒྱེལ་རི་དགོན་གྱི་དབུ་བླ་ཡེ་ཤེས་ཐབས་མཁས་རིན་པོ་ཆེ།  སྤུངས་རི་དགོན་གྱི་དབུ་བླ་བློ་གྲོས་གཙུག་ཕུད་རིན་པོ་ཆེ་རྣམ་པས་དད་ལྡན་དམངས་ལ་ཉིན་ཧྲིལ་པོར་ཤར་དབང་གནང་

འདི་གའི་དཔོན་སློབ་ཀྱིས་བཀའ་རམས་པ་བཅུ་ལ་མཚན་རྟགས་གནང་བཞིན་པ།

འདི་གའི་དཔོན་སློབ་ཀྱིས་བཀའ་རམས་པ་བཅུ་ལ་མཚན་རྟགས་གནང་བཞིན་པ།

    ཚེས་ 16 ཉིན་བཀའ་རམ་པ་རྣམ་པ་བཅུ་ལ་དགེ་བཤེས་ཀྱི་མཚན་གསོལ་ཕྱག་ཁྱེར་བསྩལ་ཁྲི་བཞེངས་བྱས་མཇལ་ཁ་གནང་།

མཚན་རྟགས་བཞེས་ཟིན་པའི་དགེ་བའི་བཤེས་གཉེན་རྣམ་པ་འཚོགས་གཞུང་དུ་བཞུགས་པའི་སྐུ་པར།

    ཚེས་ 17 སྨན་སྒྲུབ་ཆེན་མོའི་ཕྱྭ་ཚེ་བཀྲ་ཤིས་གསོལ།  དད་སྦྱིན་ཁག་ལ་ལེགས་གསོལ་མཚོན་བྱེད་གནང་ཞིང་།  གྲྭ་ཚང་ལ་སྐུ་འགྱེད་དང་སྨན་སྒྲུབ་ཕུལ།

འདི་དགོན་གྱི་མཁན་སློབ་རྣམ་དང་གསར་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམ་པ།

    ཚེས་ 18 ཉིན་གསར་དུ་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ་བཅུ་ཡིས་གཏང་རག་ཐུགས་སྤྲོ་རྒྱས་གཏོང་གནང་།

    དེ་ལྟར་ཉིན་གྲངས་ 28 རིང་གོ་སྒྲིག་ཚོགས་ཆུང་གིས་བཀོད་སྒྲིག་གནང་སྟེ་དགོན་ཞབས་ལས་བྱེད་དང་མང་ཚོགས།  འབྲེལ་ཡོད་སྲིད་གཞུང་ཚན་པ་ཁག་སོགས་ཀྱིས་རྒྱབ་སྐྱོར་འོག་གཏན་ལྷིང་ཞི་བདེ་མཐུན་སྒྲིལ་ལེགས་པོ་བྱུང་སྟེ་དགའ་དད་སྤྲོ་བའི་ངང་ནས་མཛད་སྒོ་མཇུག་སྒྲིལ་སོང་།   ཐ་ཚན་མུ་ཙུག་སྨར་རོ། །

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། ནམ་མཁའ།  IP:སྤེལ་དུས། :2016-10-27 21:26:49
དགེའོ་དགེའོ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།