དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
ཞུས་བསྒྲིགས་ཆེད་གླེང་བསྡུས་བརྗོད།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-11-27]  [རྩོམ་པ་པོ།:དཔེ་ཞུས་ཚན་པ།]  [ཀློག་གྲངས།:]

ཞུས་བསྒྲིགས་ཆེད་གླེང་བསྡུས་བརྗོད།









ཞུས་བསྒྲིགས་ཆེད་གླེང་བསྡུས་བརྗོད།


    འཛམ་གླིང་གི་ཡོངས་རྩེ་མཐོ་སྒང་གངས་ཅན་བོད་ཀྱི་ཡུལ་འདིར།   གཞན་དང་མ་འདྲ་བའི་སྣོད་བཅུད་གཉིས་ཀྱི་རང་མཚན་ཁྱད་པར་བ་ཞིག་ཡོད་པའི་དགེ་མཚན་དེང་སང་ཀུན་གྱིས་གླེང་མོད་ཀྱང་།   ཕྱི་སྣོད་དྭངས་གཙང་གི་བཀོད་པའི་མཛེས་ཤུན་གྱི་ལྟད་མོ་མཐོང་ཙམ་མ་གཏོགས།   དོན་ངོ་མའི་ནང་བཅུད་རིན་ཐང་ཅན་གྱི་རིག་གཞུང་ཁྱད་ནུས་གོ་རྟོགས་མྱོང་གསུམ་གྱི་དབང་པོ་ཅན་ངོ་མ་ནི་བོད་གངས་ཅན་པ་ལས།   གཞན་ཞིག་ཏུ་ཡོད་པ་དཀོན་ཚོད་དུ་སྣང་།   དེས་ན་བོད་ཀྱི་ནང་བཅུད་རིག་གཞུང་གི་ཆུ་རྒྱུན་རིང་མོའི་འགོ་ཁུངས་གངས་དཀར་ཏི་སེ་བཞུར་བའི་ལོ་རྒྱུས་ཐོག   ཤར་ལྷོ་ཚ་གྲང་གི་རླངས་རླབས་གཡོ་ཤུགས་དྲག་པོས་བཀྱོག་ལམ་གྱ་འགྱུའི་རི་མོ་གཡས་གཡོན་འཐེན་པ་ཙམ་ལས་བཞུར་ཐག་ད་དུང་མ་ཆད་པའི་ཆུ་བོ་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ཆེན་པོ་གཡུང་དྲུང་བོན་གྱི་གཞུང་ལུགས་མདོ་སྔགས་སེམས་གསུམ་མམ།   ཐེག་པ་རིམ་དགུ   །སྒོ་བཞི་མཛོད་ལྔ་སོགས་ཀྱི་སྤྱི་ཆིངས་ཅན་གྱི་རིག་གཞུང་ནི།   བོད་གངས་ཅན་པའི་རིག་གཞུང་གི་སྲོག་རྐང་ངོ་མ་དང་།   མཁའ་མཉམ་སེམས་ཅན་ཡོངས་ཀྱི་ཞི་བདེའི་རྩ་བ།   མ་བགོས་སྤྱི་ལ་བཞག་པའི་ནོར་བུ་ཡིན་ཞེས་མགྲིན་པ་གཟེངས་ནས་སྨྲ་བར་སྤོབས་ནའང་དར་ནུབ་ཀྱི་བྱུང་རབས་འོག་མའི་རིག་གནས་གསར་བརྗེའི་རླུང་དམར་ཁྲོད་དུ་གནའ་རབས་ཀྱི་རིག་གཞུང་རྟེན་དང་བརྟེན་པའི་སྣང་སྒྲོན་འོད་རླབས་འཕྲོ་བའི་གོ་སྐབས་འཕྲོག་པ་ཙམ་དུ་མ་ཟད་སྒྲོན་མེའི་འོད་རྒྱུན་རྩད་ནས་གཅོད་པའི་འཚུབ་རླུང་དྲག་པོའི་དུས་ངན་ནག་པོ་ཀླད་དུ་ཤར་བར།   བདེར་གཤེགས་ཀྱི་ཐུགས་རྗེའི་བྱིན་མཐུ་དང་།   བཀའ་སྐྱོང་དམ་ཅན་སྲུང་མའི་སྡོང་གྲོགས་དང་བཅས་ཤིང་བསྟན་དོན་དུ་ལུས་སྲོག་ལྟོས་མེད་ཀྱིས་གདོང་གཏད་བྱས་པའི་དཔའ་བོ་ཕོ་མོའི་བྱས་རྗེས་ཁོ་ནའི་དྲིན་ལས།   གངས་ཅན་གྱི་རིག་གཞུང་རྩ་ཆེ་དུ་མ་རྩ་བརླག་གཏོར་ཤུལ་དུ་ལྷག་པའི་སྐུ་གསུང་ཐུགས་རྟེན་འདི་རྣམས།   ད་ལྟའི་རིན་ཐང་ཅན་གྱི་རྩ་ཆེའི་ནོར་བུ་ངོ་མ་དང་།   མ་འོངས་པའི་རིག་དངོས་ཤུལ་དུ་འཇོག་རྒྱུའི་དངོས་པོ་ཡིན་གཤིས།   དུས་འགྲོས་དང་འཚམས་པའི་འཛིན་སྐྱོང་སྤེལ་བའི་མདོ་འགག་འཛིན་ཁུལ་གྱིས"ཁྱུང་པོ་སྟེང་ཆེན་དགོན་དུ་སྔ་ཡོད་གནའ་རབས་ལོ་རྒྱུས་གྲགས་ཅན་བོན་གྱི་དཔེ་མཛོད"བཀའ་འབུམ་རབ་རྒྱས་ཁང"རིག་གསར་གྱིས་གཏོར་ཤུལ་ཉམས་གསོའི་ཆེད་དམིགས་དང་།   བསྟན་པའི་མདོ་འཛིན་སྐྱེས་ཆེན་དམ་པའི་བཀའ་ལུང་སྤྱི་སོན་ལྟར།   ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་ཡུན་རིང་ཐུགས་ལ་བརྣག་པ་ཕྱག་བསྟར་གནང་ཕྱོགས་དུས་ཐོག་ཁེལ་བ་དང་།   འདི་གའི་དགོན་གྱི་མཁན་སློབ་འགན་འཛིན་སྤྱི་ཡི་བཀའ་བགྲོས་ཡང་ཡང་མཛད་པའི་གྲོས་ཆོད་དུ་" གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང"ཕྱི་ལོ་༢༠༠༢ནས་དབུ་འཛུགས་ཞུས་པ་དང་བསྟུན།   རྒྱལ་བའི་བཀའ་དང་བཀའ་བརྟེན་གསུང་འབུམ་སོགས་ཀྱི་མ་དཔེ་རྣམས་རིམ་བཞིན་འཚོལ་བསྡུ་དང་ཉམས་གསོ་དག་སྒྲིག་མཛད་པ་དང་།  ཁྱད་པར་དུ་༢༠༠༦ལོ་ནས་དེ་ཉིད་ཕྱོགས་གང་ཐད་ནས་རྒྱ་བསྐྱེད་བཏང་སྟེ།   ཚོང་ལས་ཁོ་ནའི་མཁོ་སྒྲུབ་མ་ཡིན་པར་རྒྱ་མཚོའི་ཆུ་བོ་ཆུ་ཡིས་རང་སྐོར་གྱི་དཔེ་ལྟར།   འཁོས་ཀ་དུས་བསྟུན་གྱིས་བོན་གྱི་གསུང་རབ་དཔེ་ཚོགས་དུ་མ་འཛམ་གླིང་ཡོངས་ཁྱབ་ཏུ་པར་སྐྲུན་འགྲེམ་སྤེལ་གྱི་རྒྱུད་ལམ་བླུ་སྦྱིན་ཅི་རིགས་ཐབས་ལ་བརྒྱུད་དེ་དར་སྤེལ་བྱས་ཁུལ་དུ་ལགས་པ་སྤྱི་གླེང་གིས་ཕྱོགས་སྟོན་ཙམ་ཡིན།   ད་ལན"གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ"དེབ་གྲངས་༡༥༠ཅན་འདི་ནི།   སྟོན་པ་གཤེན་རབ་མི་བོའི་བཀའ་ཚད་མའི་གསུང་སྐོར་གྱི་དཔེ་ཚོགས་ཅིག་ཡིན།   དཔེ་གཟུགས་ལ་པོད་གྲངས་༢༠༠བྱས་པ་ཁྱུང་ལུགས་ཁྲ་བྲིས་ཡིག་གཟུགས་ཐོག་གློག་ཀླད་དུ་ཡིག་བཏགས་བྱས་པ་ལུགས་མཐུན་གྱིས་པར་སྐྲུན་ཐེངས་དང་པོ་ཕྱི་ལོ༢༠༡༤ལོར་གྲུབ་ནས་འཛམ་གླིང་གང་སར་འགྲེམ་སྤེལ་ཞུས་ཟིན།   འོན་ཀྱང་སྐབས་དེ་དུས་ནས་ཡིག་དཀར་ཅན་གྱི་དེབ་གཟུགས་བཏོན་ན་དཔེ་གཟུགས་ཀྱིས་མཁོ་ཚབ་མི་ཐུབ་པའི་དགོས་མཁོ་སྐོང་བ་དང་།   འཛམ་གླིང་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བདེ་བ་སོགས་དགོས་དམིགས་དུ་མར་མཐོང་ནས་དེབ་གཟུགས་སུ་མཉམ་སྤེལ་བྱེད་རྒྱུའི་འཆར་འགོད་ཕྱི་ལོ་༢༠༡༡་ལོ་ནས་བྱས་པ་བཞིན་ལས་ཀའི་འཁོར་མཚམས་གྲུབ་རིམ་དང་བསྟུན།   དཔེ་ཚོགས་དེབ་གཟུགས་སུ་སྐྲུན་པའི་གོང་འོག་གི་ཆ་རྐྱེན་ཡོངས་རྫོགས་སྤྱི་ལོ༢༠༡༥  ལོར་དངོས་སུ་གྲུབ་གཤིས་དེབ་གཟུགས་པར་དུ་བསྐྲུན་པ་མ་ཟད།   རྒྱལ་སྤྱིའི་འགྲེམ་རྟགས་ཚད་ལྡན་ཅན་གྱི་འགྲེམ་སྤེལ་ཆོག་པ་བྱུང་ཡོད།   དཔེ་ཚོགས་འདི་ཡི་གྲུབ་རིམ་ཐད་ནས།   བྱུང་རབས་ལོ་རྒྱུས་རྒྱས་པ་གཞན་དུ་གསལ་བས་ཤེས་རྒྱུ་གལ་ཆེན་ཡིན་པས་ཁ་འཕང་ཚུལ་གྱིས་འཐུས་རྒྱུ་བྱས་ཏེ།   སྐབས་ཀྱི་གནད་དོན་ཁ་གསལ་དགོས་ངེས་འགའ་ཞིག་འོས་སྦྱོར་ཞུས་ན།

    ༡༽ ད་ལན་འདིར་ངེད་སྒོ་མཛོད་དཔེ་ཞུས་ཚན་ཆུང་གིས་ལོ་ངོ་དུ་མའི་རིང་།   བོད་ཡུལ་སྟོད་སྨད་གང་སར་གཙོས་པས་ས་ཕྱོགས་གང་ས་ནས་ཐབས་ཤེས་ཡོད་རྒུས"སྒོ་མཛོད་དཔེ་ཚོགས"སྒྲིག་པའི་མཁོ་འདོན་མ་དཔེ་གཡར་ཞུ་ཐུབ་རིགས་བཀའ་ཡི་སྐོར་དཔེ་རྙིང་དངོས་པོད་༣༠༠ཙམ་ཡོད་པར་གཞི་བཞག་ཐོག   །ད་དུང་སོག་སྤྲུལ་བརྟེན་འགྱུར་དཔར་མའི་ནང་གི་བཀའ་ཡི་སྐོར་དང་།   བླ་མ་ཨ་གཡུང་རིན་པོ་ཆེས་དཔར་བའི་བཀའ་འགྱུར་པོད་༡༥༧།   བོན་བློན་ནམ་མཁའ་བསྟན་འཛིན་གྱིས་དཔར་བའི་བཀའ་འགྱུར་པོད་༡༩༢།   ཉག་རོང་དབལ་ཁྱུང་དགོན་དུ་རིག་གསར་གྱི་གོད་ཆག་མ་ཤོར་བ།   བོན་གྱི་བཀའ་འགྱུར་སྦས་ཉར་བྱས་པ་དེ་ཉིད་སྤྱི་ལོ༡༩༩༦ལོར་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་མཆོག་ཉིད་ཀྱིས་གཙོ་སྐྱོང་ཐོག  ཁམས་ཆེན་སོགས་པོད་རེ་འགའ་ཙམ་མ་གཏོགས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་དངོས་དེ"གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ"ཞེས་པའི་མཚན་ཐོག་ཏུ་འཕྲུལ་པར་བྱས་ཏེ་འགྲེལ་སྤེལ་གནང་བའི་པོད་གྲངས་༡༧༨ཅན་ཡོད་པ་བཅས་ངེད་ཚོའི་དངོས་སུ་མཁོ་འདོན་ལག་སོན་བྱུང་ཡོད།   སྒོ་མཛོད་དཔེ་ཚོགས་ཀྱི་མ་དཔེ་དང་བསྡུར་དཔེའི་ལྟོས་གཞི་འདི་ཡིན་ཞེས་ཕྱོགས་སྡོམ་གྱི་བུབ་རིལ་དཔེ་ཚོགས་ཅིག་གཏན་ཁེལ་བྱས་པ་གང་ཡང་མེད།   མཁོ་འདོན་ཞུས་པའི་གོང་གསལ་དཔེ་ཚན་ཁྲོད་ལས་སྐབས་ཀྱི་ཞུས་སྒྲིག་པས་གདམ་གསེས་བྱས་པའི་ཆོད་དོན་ལྟར།   པོད་རེ་རེའི་རྩ་བའི་མ་དཔེ་གང་ཡིན་དང་འདྲ་ཞུས་དཔེ་གཞན་ཡོད་མེད།   དཔེ་བདག་ས་ཁོངས་གར་ཡོད་སོགས་སོ་སོའི་འཇུག་བྱང་དུ་གསལ་བཤད་རེ་བྱས་ནས་རིམ་བཞིན་པོད་ཕྲེང་བསྟར་བའི་དཔེ་གཟུགས་ལ་པོད་གྲངས་༢༠༠དང་དེབ་གཟུགས་དེབ་གྲངས་༡༥༠ཅན་གྱི་དཔེ་ཚོགས་སུ་བསྒྲིགས་པའི་གྲུབ་གཟུགས་ཅན་འདི་ཡིན།   འདིར་གལ་ཆེའི་གསལ་བཤད་དགོས་པ་ཞིག་ལ།   གླིང་གཤེན་བསྐལ་བཟང་སྨད་དུམ་དང་།   སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ།   རིན་པོ་ཆེ་གཏོར་ཟློག་གི་མདོ།   ཐར་མདོ་གཡུ་ལོ་ཅན།   ཀ་བ་གླིང་དགུའི་ཇ་ཉ་ཏ་གསུམ་གྱི་པོད།   རྫུ་འཕྲུལ་རིག་པ་ཁུ་བྱུག་གི་མདོ།   འདུལ་བ་རྒྱུད་འབུམ།   སྨན་གྱི་ཐུགས་འབུམ་མཁའ་སྔོན།   ཀླུ་གཉན་གཏོད་གསུམ་གྱི་འབུམ་ཤུ་བོན་དགེ་བསྙེན་ཅན།   འཕྱོང་ཆེན་དགུ་རྒྱུད།   སྟག་སླག་ཅན་གྱི་ཕུར་པའི་རྒྱུད།   མེ་རིའི་རྒྱུད་དང་བཅས་པས་མཚོན་པོད་འགའ་ཙམ་དབལ་ཁྱུང་དགོན་པའི་བཀའ་འགྱུར་ནང་དུ་བཞུགས་པའི་པར་དཔེ་དེ་རང་མ་གཏོགས་གཞན་དཔེ་རྒྱུན་མ་འདྲ་བ་རྙེད་མ་སོང་བས་ད་དུང་བོན་པོ་ཡོངས་ཀྱིས་དོ་སྣང་གིས་བཙལ་འཚོལ་དགོས་པ་འདི་དག་ཡིན།   གཞན་ཕལ་ཆེར་ལ་མང་ཤོས་ཚར་བདུན་བརྒྱད་བར་དུ་དཔེ་ཁུངས་མ་འདྲ་ཅན་ཡོད་པ་མ་ཟད།   ཀུན་གྲོལ་ལྷ་སྲས་པར་མ་པོད་གྲངས་༡༧༨ཅན་གྱི་བཀའ་འགྱུར་ནང་མ་བཞུགས་པའི་དཔེ་དཀོན་པོད་དུ་མ་ཞིག་ཀྱང་འདིར་བསྡུས་ཏེ་པོད་༢༠༠སོ་སོའི་མཇུག་ཏུ་མ་དཔེ་དང་བསྡུར་དཔེ་གང་ལྟར་བྱས་མིན་སོགས་གསལ་བཤད་རེ་ཞུས་ཡོད།    

    ༢༽ ཞུས་བསྒྲིགས་བྱེད་སྟངས་ཐད་རྩ་བའི་མ་དཔེ་གང་བྱས་དེ་གཙོ་བཞག་ཐོག  བྲིས་པའི་ཆད་ནོར་དང་མངོན་གསལ་ཅན་གྱི་སྐྱོན་ཆ་ཐོན་རིགས་ལ་བསྡུར་དཔེ་གང་ཡོད་རྣམས་དཔྱད་བསྡུར་དང་།   གོང་འོག་གི་རིགས་འགྲོས་ཚད་གསུམ་ཟུང་འབྲེལ་གང་འཚམས་ཀྱིས་ཁ་སྐོང་བྱེད་པ་མ་གཏོགས་རྩ་དཔེ་སོར་བཞག་ལ་གང་བྱུང་གི་བཅོས་བསྒྱུར་མི་བྱེད་པའི་རྩ་དོན་དེ།   ངེད་སྒོ་མཛོད་དཔེ་ཞུས་ཚན་པའི་སྤྱི་ཁྱབ་གཞུང་རྐང་གི་ཚད་གཞི་བཟུང་ཁུལ་ཡིན།   བཀའ་ཞུས་གནས་ཚད་ངོ་མ་ཐམས་ཅད་མཁྱེན་པ་མ་ཐོབ་ཕྱིན།   བཀའ་ཡི་སྐོར་རྣམས་ཞུས་བསྒྲིགས་བྱེད་པའི་གལ་གནད་ཐོག་མ་དེ་དཔེ་བསྡུར་གྱིས་གྲོས་ཆོད་གར་བབས་ལས་ལྷག་པ་སུ་ཡང་མེད་སྙམ།   འོན་ཀྱང་དཔེ་རྒྱུན་མ་འདྲ་བ་ཡོད་ཚད་ཕན་ཚུན་སྐྱ་བསྲེ་སྦུ་སློང་བྱེད་པ་མ་ཡིན་པར།   བོད་ཀྱི་དཔེ་རྒྱུན་གཞན་དང་མ་འདྲ་བའི་དམིགས་གསལ་བོན་གྱི་རིག་གཞུང་གི་དཔེ་རྒྱུན་བྱུང་རབས་དང་།   དེའི་དངོས་ཡོད་ཀྱི་རིགས་ལམ་འཕྲང་གསང་འགྲིམ་པའི་གནས་ཚད་ཡོད་པ་ཞིག་གིས་དཔེ་རྒྱུན་མ་འདྲ་བ་ཕན་ཚུན་དབར།   དགེ་འདོན་སྐྱོན་སེལ་ཐུབ་པར་བརྟེན།   བཀའ་ཡི་ངོ་བོ་བཅོས་འགྲིབ་མེད་པར་བྲིས་པ་སོགས་རྗེས་འཛིན་གྱི་ཆད་འཁྲུགས་སྐྱོན་ཆ་ཡོད་རིགས་ཡོ་བསྲང་བྱས་ན་བཀའ་ལ་བཅོས་བསླད་བྱས་པའི་ཉེས་པས་མ་གོས་ཁར་བསྟན་པའི་བྱི་དོར་གྱི་བསོད་ནམས་རླབས་པོ་ཆེ་ཞིག་བསགས་མི་སྲིད་པའང་མིན་ན།   སྲོལ་རྙིང་ཁོ་ན་བཞིན་མ་དཔེ་གཅིག་ཁོ་ནའི་ཡིག་རིས་གང་ཡོད་དེ་དཔྱད་ཞུས་ཅི་ཡང་མེད་པར་ནག་འགྲོས་འབྲུ་འདེད་ཁོ་ནར་བཤུ་འབྲི་ཤེས་ཙམ་དང་།   སྔ་དཔེའི་ནང་དུ་མངོན་གསལ་ཅན་གྱི་སྐྱོན་ཆ་ཡོད་པ་རྣམས་ཀྱང་རྙིང་ཉམས་འཛིན་ནས་བསྒུལ་རེག་ཅི་ཡང་མི་ཕོད་པའི་དཔའ་ཞ་སྤུ་འཁུམ་འོག་ཏུ་ལུས་པ་བཅས་ནི་སྔར་ཞེན་ཆེ་བའི་མཐའ་དང་།   དེང་གི་གསར་གཏོད་སྙིང་ཁམས་ཅན་པས་ཀྱང་ཡོད་ཚད་དེང་རབས་ཅན་དང་།   ཡོད་ཚད་རྙིང་གཏོར་གསར་འཛུགས་ཀྱིས་ཤར་ནུབ་ལྟེ་བསྒྱུར།   འགོ་རྟིང་གོ་བསྣོལ།   རྙིང་པ་ཐམས་ཅད་ཐན་དུ་བལྟས་ནས་བརྡ་གསར་ཁོལ་བུའི་བཙན་ཁྲིམས་འོག་ཏུ་རྙིང་ཉམས་ལ་གསར་འབག་གཡོག  གསུང་རབ་ཡོད་ཚད་གསར་བཅོས་ཀྱི་ལག་ངན་རྐྱོང་ཤར་བྱེད་པ་ཕྱི་ཞེན་གྱི་མཐའ་དང་གཉིས་ནི།   གསུང་རབ་རིན་པོ་ཆེ་ཞུས་བསྒྲིགས་ཀྱི་ལས་བསོད་ཐོབ་པའི་སྐལ་བཟང་ཤར་བའི་ད་ལན་གྱི་གོ་སྐབས་འདི་ཆུད་ཟོས་གཏོང་བའི་རུ་འདྲེ་ངོ་མར་ངོས་བཟུང་བྱས་ནས་ངེད་ཚོའི་འོས་ཚོད་དཔགས་པའི་ཞུས་བསྒྲིགས་ལག་ལེན་མཐའ་གཉིས་སུ་མ་ལྷུང་བའི་རྗེས་སུ་འགྲོ་ཁུལ་བྱས་པ་འདིའི་ཐད།   གང་འཚམས་ཀྱི་གདེང་སྤོབས་མེད་ཅེས་པའི་སྐད་ངན་ནམ་ཡང་མི་ཤོར་བའི་ཨམ་གཙིགས་མཆེ་དཀར་རྣོན་པོས་བསྡམས་པ་ཡིན་ནོ།   །

    ༣༽ དཔེ་ཚོགས་འདི་ཡི་གོ་རིམ་དང་སྒྲིག་སྟངས་སོགས་ཀྱི་ལྟོས་གཞི།   ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད་པའི་དཀར་ཆག་དང་།    མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་དཀར་ཆག    བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་ཀྱིས་མཛད་པའི་དཀར་ཆག    སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བཀའ་འགྱུར་བཞུགས་བྱང་བརྒྱུད་རིམ།   རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་དཀར་ཆག་བཅས་ལས།   མཁན་ཆེན་ཉི་མའི་དགོངས་བཞེད“བཀའ་བརྟེན་དཀར་ཆག”གཙོ་བཟུང་གིས་དཔེ་ཆ་རྙེད་ཚོད་དང་སྦྱར་ནས་རིམ་འགོད་བྱས་ནས་བསྒྲིགས་པ་དང་བསྟུན།   ཀུན་གྲོལ་ལྷ་སྲས་མཆོག་གི་བཀའ་འགྱུར་པར་མའི་ནང་བཞུགས་མེད་པའི་དཔེ་དཀོན་པོད་དུ་མ་ཞིག་ཀྱང་ད་སྐབས་གསར་དུ་ཁ་སྐོང་ཞུ་སྐལ་ཐུབ་ཡོད།   མཁན་ཆེན་ཉི་མའི་འཁྲུངས་ཚིགས་ལ་ཁྱད་མེད་གཅིག་མཚུངས་ཡིན་ཡང་འདས་ཚིགས་ཁ་གསལ་གཅིག་མཐུན་བྱུང་མེད་པས།   འགྲོ་མགོན་ཤེས་རབ་གཡུང་དྲུང་གི་རྣམ་ཐར་དང་།   ཀླུ་ཕུག་དགོན་གྱི་བཀའ་འགྱུར་དཀར་ཆག་གཉིས་ཀའི་ཞལ་མཐུན་ལྟར་མཁན་ཆེན་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ལོ་ཚིགས་གསལ་ཁ་འདུག་པ་རབ་བྱུང་༡༥པའི་ལྕགས་རྟ་ཕྱི་ལོ་༡༨༧༠  ཁེལ་བས་འཚོ་བཞུགས་ཀྱི་དགུང་གྲངས་ང་བརྒྱད་ཡིན་པར་〈༡༨༡༣—༡༨༧༠〉རྟོགས་ཐུབ་པར་ཞོར་འཕྲོས་ཀྱི་གསལ་བཤད་ཡིན།

    ༤༽ དཔེ་ཚོགས་འདི་ནི་དངོས་ཡོད་ཀྱི་རྒྱུད་རིམ་དང་མཐུན་ཡོད་ལ་དེ་བས་ཀྱང་གནས་དུས་ཁོར་ཡུག་གི་ཆ་རྐྱེན་གང་མཐུན་དང་བསྟུན་པའི་ཐོག   །འདིར་གཏོགས་ལས་དོན་མི་སྣ་ཡོངས་ཀྱིས་མཉམ་གཉེར་འབད་རྩོལ་གཅིག་ཐོག་གཉིས་སྣོན་གྱི་གྲུབ་འབྲས་རྡོག་པོ་ཡིན་གཤིས།   ཁྱི་ཐང་གི་སྟོང་ཟུག་དང་།   ཨ་རྒེའི་མཉམ་བཞག་བྱས་པ་ལྟ་བུའང་མིན།   དད་མཆོད་རྣམ་དག་གི་ཡུལ་དུ་འོས་ལ་གངས་ཅན་གྱི་རིག་གཞུང་དངོས་ཀྱི་གསོན་ཉམས་ཀྱང་ལྡན་པར་སྙམ།   ཚང་ལ་མ་ནོར་འདྲེས་ལ་མ་འཁྲུགས་པའི་རྣམ་མཁྱེན་སྟོན་པའི་ཞལ་གསུང་ངོ་མ།   ཡིག་ཐོག་འབྲུ་བཀོད་ཀྱི་ཞུས་བསྒྲིགས་རྣམ་མཁྱེན་རང་གིས་མཛད་པ་མ་ཡིན་པས་དཔེ་ཚོགས་འདི་ལ་ཆད་ནོར་འཁྲུགས་པའི་སྐྱོན་ཆ་སྔོན་ནས་ལུས་པ་དང་གསར་དུ་གོས་པ་ཇི་སྙེད་ཡོད་ངེས་ཡིན་པས་གནའ་དེངས་མཐའ་ཅན་གྱི་རིགས་པ་འཆལ་བས་རང་རྒྱུད་མ་བསླད་ཅིང་བོད་གངས་ཅན་གྱི་ཡུལ་སྲོལ་གོམས་གཤིས་བཟང་པོའི་ཁམས་ཉམས་འཚོ་བའི་དབང་པོ་གཙང་ལ་བོན་གྱི་གཞུང་ལུགས་ཀྱི་མཁྱེན་དཔྱོད་མྱོང་གསུམ་ལྡན་པ་གང་ན་སུ་བཞུགས་པ་དེས།   དངོས་བདེན་ཁ་སྤྲོད་ཀྱི་ཡོ་བསྲང་གནང་འབོད་ཞེ་གཏིང་ནས་ཞུ་ལ།   ཞུས་དོན་ལྟར་གྱི་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་སྤྱི་སོན་བྱུང་རིགས་བསྟན་པའི་བྱི་དོར་ངོ་མའི་སྤྱི་རྒྱན་དུ་མཆོད་ངེས་རིགས་པ་ཡིན་ནོ།   །དེ་མིན་གཅིག་ནས་མདོ་སྔགས་སེམས་གསུམ་གྱི་སྤྱི་བབས་གོ་བའི་ཤེས་ཚད་མེད་པས་ཚིག་རིས་སྤུ་བཤའ་དང།   གཉིས་ནས་གཞུང་བབས་གོང་འོག་ཆ་ཚང་གི་རང་ལུགས་ཚིག་འགྲོས་དང་།   བསྟན་དོན་གང་ཡིན་ལྷུ་ལག་བསྒྲིགས་པའི་དཔྱད་པ་ཅི་ཡང་མ་བྱས་པར།   ཟུར་བལྟས་ལེབ་མཐོང་གི་སྣང་ཚུལ་ཐད་ཀར་བརྡོལ་བ།   གསུམ་ནས་བོད་ཀྱི་བརྡ་སྤྲོད་སྔ་ཕྱི་གོང་འོག་གྲུབ་རིམ་ཐད་ནས་གཞུང་ལུགས་ཡིག་ཐོག་བཞུགས་པའི་བརྡ་འགྲོས་མི་འདྲ་བའི་གནས་ཚུལ་གང་ཡིན་དང་།   གསུང་རབ་སྤྱི་འགྲོས་ཀྱི་དཔེ་བུངས་གང་ཡོད་རྒྱུས་མངའ་དེ་ཙམ་མེད་པ་ཞིག་གིས་ཧབ་ཚོད་ཀྱིས་ཡིན་མིན་ཡོད་མེད་སོགས་བཙན་ཐག་གཅོད་པ་བཅས་མདོར་ན་མཁྱེན་དཔྱོད་མྱོང་བ་ཅི་ཡང་མེད་པའི་ཁར།   གནས་དུས་འདྲ་མིན་གྱི་རྟོག་བཏགས་ཀྱི་སྒོ་ནས་སྒོ་མཛོད་དཔེ་ཚོགས"འདི་ལ་བཅོས་རབས་དང་བསྒྱུར་རབས།   མེད་མུག་གི་ཆོ་རབས་དུ་མས་སྨྲང་ཕྲེང་འཁོར་ལོ་མི་སྐོར་བའི་རེ་བ་ཐོག་མ་ཉིད་ནས་མེད་དོ།   །དེ་ལུགས་ཀྱི་ཞབས་ཞུ་སྐབས་བསྟུན་གནད་འབྱིན་གྱི་གྲབས་སྡོག་མེད་མི་སྲིད་པའི་རང་མལ་དུ་གཟིམས་པ་སད་རུང་ཡིན་ལ།   མདོར་ན་དཔེ་ཚོགས་འདི་མཐའ་ཆོད་ཕུགས་ཕེར་ཀུན་གྱི་གཙོ་བོ་མ་གྱུར་ཡང་གཡུང་དྲུང་བོན་གྱི་གསུང་རབ་ཉམས་པ་གསོ་བ་དང་།   མ་ཉམས་གོང་འཕེལ་གྱི་འཛིན་སྐྱོང་སྤེལ་བའི་རྒྱུད་རིམ་གྱི་གོ་སྐབས་ཐོག   དཔྱད་གཞིའི་མཐུན་རྐྱེན་སྔར་དང་མ་འདྲ་བའི་ཁ་སྐོང་ཟུར་འདེགས་ཙམ་ཐུབ་ན་ང་ཚོའི་མ་མཐའི་དམིགས་དོན་གྲུབ་པ་ཡིན་ནོ།   །སླད་ཕྱིན་གཡུང་དྲུང་བོན་གྱི་གསུང་རབ་ཡིག་ཚོགས་ཞུས་བསྒྲིགས་སྤེལ་བའི་མཛད་པ།   དུས་བསྟུན་མདུན་སྐྱོད་སྔར་ལས་ལྷག་པ་ཞིག  སྤྱི་སྒེར་དགོན་སྡེ་སུས་ཀྱང་ཁ་ཡོད་ལག་བསྟར་གནང་མཁན་བྱུང་ན་དགའ་གུས་ཆེ་བའི་བསུ་དར་དང་བཅས་ཤིང་དེ་ལྟར་ཞུ་བསྐུལ་ཡང་ཡིན་ནོ།  །

 ཞེས་བོད་མདོ་ཁམས་ཁྱུང་ཡུལ་དུ་དལ་རྟེན་རྙེད་ཅིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤེས་མིང་གྱི་གྲལ་མཐར་གནས་པའི་ར་མ་ཀུན་བཟང་རྒྱལ་མཚན་དུ་འབོད་པ་དེས།  ཁྱུང་པོ་སྟེང་ཆེན་དགོན་བཀའ་འབུམ་རབ་རྒྱས་ཁང་དུ"སྒོ་མཛོད་དཔེ་ཚོགས་"ཀྱི་ཞབས་ཞུའི་སྐབས་དང་བསྟུན།

འབྱུང་ལྡན་ ༣༠༡ རབ་བྱུང་ ༡༧ བོད་ཤིང་ལུག་ལོའི་ཟླ་ ༣ ཚེས་ ༣     སྤྱི་ལོ་ 2015 ཟླ་4 ཚེས་21 བཟང་པོ་ཉིན་བྲིས་པ་དགེའོ། །











བསྒྲིགས་རྗེས་ཀྱི་གཏམ།


  རི་མཐོ་ས་གཙང་གངས་ཀྱིས་མཛེས་པའི་ཞང་བོད་ཡུལ་ལུང་གི་དཀྱིལ་སྙིང་བྱས་པའི་ལྷོ་རྒྱལ་འཛམ་གླིང་འདི་རུ་ཆེས་ཐོག་མའི་འཕྲུལ་ཡིག་གི་སྒྲོན་མེ་སྤར་ཏེ་རིག་པའི་གནས་[1]དང་བསྟན་པའི་བོན་[2]གྱིས་འགྲོ་བའི་སྡུག་བསྔལ་དང་རྨོངས་པའི་མུན་པ་སེལ་བར་མཛད་པའི་སྟོན་པ་བཀའ་དྲིན་ཅན་མཉམ་མེད་༧གཤེན་རབ་མི་བོ་མཆོག་དང་།  སྟོན་པ་མཆོག་གི་བཀའ་ལ་རང་དབང་གིས་དགོངས་འགྲེལ་བཀའ་བརྟེན་བརྩམས་པའི་རྒྱལ་ཚབ་དམ་པ་མུ་ཆོ་ལྡེམ་དྲུག་དང་།  འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་གཡུང་དྲུང་བོན་གྱི་བསྟན་འཛིན་གསེར་རིའི་འཕྲེང་བའི་བཀའ་དྲིན་དང་།  ལས་བསོད་མར་འགྲིབ་ཀྱི་ལོག་ལྟའི་བར་ཆོད་སོགས་བསྟན་ལ་འཚེ་བའི་རྐྱེན་ངན་རྣམས་ལ་མེལ་ཚེ་བྱ་ར་མཛད་པའི་མི་མངོན་བསྟན་སྐྱོང་ལྷ་དང་སྲུང་མའི་སྡོང་གྲོགས་བཅས་ལ་བརྟེན་ནས།  ཞང་བོད་མེས་པོའི་ལོ་རྒྱུས་དང་འབྲེལ་བའི་འོད་སྟོང་འབར་བའི་ཐུན་མིན་ལྟ་གྲུབ་སྟེ།  བརྟན་གཡོའི་རྒུད་པ་གསོ་ཞིང་ཕན་བདེའི་ལེགས་ཚོགས་འབྱུང་བའི་གནས་དམ་པ་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དེ་རིང་གི་འཛམ་བུ་གླིང་པའི་སྤྱི་དཔལ་དུ་བཞུགས་ཐུབ་པ་བྱུང་ཡོད།

    དེ་ཡང་བོན་གྱི་རིག་གཞུང་དང་ལོ་རྒྱུས་ལ་སོགས་སུ་བལྟས་ཚེ་ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་བོན་གྱི་གྲངས་ཚན་ནི་སྤྱིར་བོན་གྱི་གཞུང་ལུགས་ཀྱི་བཅུ་ཆ་ཙམ་ཡིན་པའི་ཚོད་དུ་སྣང་ལ།  དེའང་ཞང་བོད་ལོ་རྒྱུས་ཀྱི་འཕོ་འགྱུར་རིང་མོའི་ཁྲོད་ཀྱི་མི་རིགས་ཞིག་གི་ཡོན་ཚད་དང་།   ཆབ་སྲིད་པ་འགའི་གཡོ་བྱུས་དང་།   རྒྱལ་ཁབ་ཅིག་གི་དར་རྒུད་བཅས་དང་འབྲེལ་བ་ལས།   ལས་དབང་གི་སྐོས་ཐང་ཁོ་ན་ལ་ཁག་འགེལ་བྱེད་ས་ཅི་ལ་ཡོད།   ཞང་བོད་མེས་པོའི་ལོ་རྒྱུས་དང་འབྲེལ་བའི་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའི་ངོ་བོ་གང་ཡིན་པ་དང་།   རིག་པའི་གཞུང་ལུགས་ལ་གྲངས་ཚན་དུ་ཙམ་ཡོད་པ།   ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཉམས་གུད་ག་ཚོད་འཕྲད་པ།   བོན་སྐྱོང་མི་སྣ་ཚོས་དཀའ་ངལ་གདོང་ལེན་གྱི་བཟོད་བསྲན་ཇི་ཙམ་བསྐྱེད་པ་ཤེས་རྟོགས་བྱེད་རྒྱུ་ནི།   དེ་རིང་གི་བོན་རིག་པ་བའམ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས་པའི་རྗེས་རབས་པ་ཡོངས་ཀྱི་ཁུར་འགན་དུ་གྱུར།

    ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་ནས་ཀྱང་རང་ནུས་གང་ཡོད་ཀྱིས་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པའི་ཁོངས་ནས།   བསྟན་དང་འགྲོ་བའི་དོན་ལ་གཟིགས་པ་ཡངས་པའི་༧  མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་སྔར་སོང་བོན་གྱི་ལོ་རྒྱུས་དང་།   ད་ལྟའི་བོན་གྱི་གནས་བབ།   མ་འོངས་བོན་གྱི་དགོས་མཁོ་སོགས་ལ་ལྷག་བསམ་ཆེར་བཞེས་ཀྱིས།   སྤྱི་ལོ་༢༠༠༦ལོ་ནས་བཟུང་སྟེ་{གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང}ཞེས་པ་བཙུག་སྟེ།   གནའ་དཔེ་འཚོལ་བསྡུ།   གཙང་བཤུས་གཏན་འབེབ།   དག་ཞུས་ལས་རིམ་སོགས་ལ་འཇུག་སྟེ།   བཀའ་དང་བཀའ་བརྟེན་གསུང་འབུམ་བཅས་གླེགས་བམ་བརྒྱ་ཕྲག་དུ་མ་གསལ་དག་ཁམས་གཙང་སྤུས་ཚད་ལྡན་པ་དཔར་སྐྲུན་འགྲེམས་སྤེལ་དང་།   བོན་སྦྱིན་ཀྱང་འབོར་ཆེན་བྱས་ནས་གཡུང་དྲུང་བོན་གྱི་བསྟན་པ་དར་སྤེལ་ཐད་གྲུབ་འབྲས་འབུར་དུ་ཐོན་པའི་སྲི་ཞུ་བསྒྲུབས་ཡོད་ལ།   རྒྱལ་ཕྱི་ནང་དུ་བཞུགས་པའི་བླ་མ་དགེ་བཤེས་དད་ལྡན་སྐྱ་སེར་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་མང་དུ་འཐོར་སོང་བས་ངེད་ཚོའི་ངོས་ནས་ཀྱང་ད་རེས་ལས་དོན་ཆེན་པོ་འགྲུབ་པའི་གདེང་སྤོབས་དང་དད་གུས་ལྷག་བསམ་བཅས་སྔར་ལས་ལྷག་པར་འཕེལ་སོང་།   རིག་པའི་གནས་དང་བསྟན་པའི་བོན་གྱིས་ཕྱུག་པའི་ཕྱི་མོ་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་གྲུབ་མཐའ་འཛིན་པ་མི་ཆེན་བླ་ཆེན་འགས་གཅིག་རྗེས་གཉིས་འཇུག་གིས་བསམ་བཞིན་དུ་བརྡ་ཆད་ཁག་ལོག་འགྲེལ་བྱས་ཏེ་རྗེས་འཛིན་རྣམས་མགོ་རྨོངས་སུ་བཅུག་པ་མཐོང་།   འདི་དག་ནི་རྒྱལ་ཁབ་དང་མི་རིགས།   ཆོས་ལུགས་བཅས་གང་ལ་ཡང་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་བཀག་རྡོ་རུ་འགྱུར་གཤིས།   འདིར་བོན་གྱི་གཞུང་ལུགས་ངོ་མ་ཤེས་འདོད་ན་བོན་གྱི་གསུང་རབ་དཔེ་ཆ་འདི་ལྟ་བུ་ལ་བལྟ་ཀློག་དང་ཞིབ་འཇུག་གནང་རེའི་ཆེད་དང་།   གཡུང་དྲུང་བོན་གྱི་བླ་སྤྲུལ་མཁས་དབང་མང་པོས་ཡུན་རིང་རེ་བསྐུལ་བྱས་པའི་རྐྱེན་དང་།   རྒྱ་ཆེའི་བོད་ཡིག་ཀློག་པ་པོ་ཡོངས་ལ་བལྟ་བདེ་འཁྱེར་སླའི་ཆ་རྐྱེན་དུ་དམིགས་ནས།   སྟོན་པའི་གསུང་རབ་ལུང་གི་བོན་རིན་པོ་ཆེའི་སྐོར་དེབ་ཕྲེང་བརྒྱ་དང་ལྔ་བཅུ་ཅན་ཞིག་ཡིག་དཀར་གྱི་ལམ་ནས་ལེགས་བསྒྲིགས་བྱས་ཏེ།   རྗེ་སྨྲ་སེང་བླ་མའི་གསུང་གི་བྱིན་རླབས་ལས་འཕོས་པ།   གཡུང་དྲུང་བོན་གྱི་རྒྱུད་གཞུང་རིན་པོ་ཆེའི་ཁྲོད་ཀྱི་ཐུན་མོང་མིན་པའི་བརྡ་ཆད།   <<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ>>ཞེས་པ་དཔེ་ཚོགས་སྤྱི་ཆིངས་ཀྱི་མཚན་དུ་གསོལ་ནས་དཔར་འགྲེམས་ཞུས་པ་ཡིན།

    ཞུས་དག་ཐད་ལས་རིམ་དངོས་ལ་ཐོག་མའི་མ་དཔེ་གང་ལ་བྱས་པ།   བར་དུ་དཔེ་ཆ་གང་དུ་བསྡུར་བ།   བསྡུར་བའི་ལེགས་ཆ་གང་ཞིག་ཐོན་པ་སོགས་གླེགས་བམ་སོ་སོའི་ནང་དང་མཇུག་གི་ཞུས་བསྒྲིགས་གསལ་བཤད་དུ་བྲིས་ཡོད།   མདོར་ན་ངེད་ལས་མི་ཡོངས་ཀྱིས་སྤྱི་ལོ་༢༠༡༡ལོ་ནས་བཟུང་མི་ལོ་ལྔ་ཡི་རིང་དད་པ་དག་སྣང་དང་རང་གི་དགེ་སྦྱོར་དང་བསྟན་ལ་ཞབས་ཕྱི་གཙོ་བཟུང་ཐོག་དེབ་རེར་ཚར་གྲངས་བཅོ་ལྔ་ནས་ཉི་ཤུ་བར་ཞུས་དག་བྱས་ཡོད་པས་སྔར་ལས་ལྷག་པའི་ལེགས་ཆ་ཞིག་ཐོན་ཡོད་པའི་རེ་བ་ཡོད།   འོན་ཀྱང་རེ་འགའ་མ་དཔེ་གཅིག་མ་གཏོགས་བསྡུར་ཡ་མ་རྙེད་པ་དང་།   རེ་འགའ་བསྡུར་ཡ་དུ་མ་རྙེད་ཀྱང་བྲིས་པའི་ཆད་ལྷག་སོགས་ཀྱིས་གཅིག་མཚུངས་མེད་པ་དང་།   ངེད་ཞུས་སྒྲིག་པ་ཚོའི་མཁྱེན་དཔྱོད་ཚད་བརྒལ་ཅན་མིན་པ་བཅས་དང་རྗེས་འགྲོ་བྱས་པས་ནོར་འཁྲུལ་གྱིས་བསླད་པའང་ཡོད་ངེས་པས།   རྗེས་གཟིགས་མཁན་རྣམ་པས་སུ་དང་གང་ལ་ཁག་དཀྲི་མེད་པ་རང་བསྟན་རང་སྐྱོང་གི་འགན་འཁྲི་གཙང་མ་ཕྲག་ཏུ་ཁུར་སྟེ་བསྟན་པ་རིན་པོ་ཆེའི་ཆེད་དུ་ནོར་འཁྲུལ་ཡོ་བསྲང་དག་ཐེར་གནང་བའི་སྐུལ་མ་ཞུ་རྒྱུ་དང་།    

    མཐའ་དོན་དུ་ངེད་<<གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་>>གིས་ལས་དོན་རླབས་ཆེན་འདི་འདྲ་ཞིག་ལེགས་གྲུབ་བྱུང་བ་ནི།   རིག་གཞུང་འདི་དང་བསྟན་པ་འདི་ལ་ལྷག་བསམ་ཅན་གྱིས་ཕྱར་གྲུ་མཉམ་འདེགས་བྱས་པ་ལས་བྱུང་བ་ཡིན།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་འབྲུག་རྒྱལ་མཁར་དང་གཅོད་པ་རྣམ་གཉིས་ནས་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་གནང་བ་དང་།   ལྷག་པར་དུ་དུས་རབ་ཀྱི་གཉན་འཕྲང་མང་པོའི་ནང་ཚེ་སྲོག་འབེན་དང་བསྡོས་ཏེ་སྲུང་སྐྱོང་བྱས་པའི་དཔེ་ཆ་གཡར་བའི་དཔེ་བདག་རྣམ་པ་དང་།   དེ་བཞིན་ང་ཚོའི་བསྟན་དོན་གྱི་བྱ་བ་ཀུན་ལ་མཐུན་སྦྱོར་གནང་བ་མ་ཚད་དཔེ་ཚོགས་འདི་དཔར་སྐྲུན་སྐབས་སུ་ཡང་མ་བསྐུལ་དང་བླང་གིས་ཞལ་འདེབས་གནང་མཁན་[3]བཅས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུ་ཚེགས་ཐབས་གསུམ་གྱིས་སྡོང་གྲོགས་རོགས་རམ་གནང་མཁན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།   གསུང་རབ་དག་བཞེངས་བྱས་པའི་དགེ་བའི་ཚོགས་འདིས།

    ༧   སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་།   འབྲེལ་ཐོགས་ཀྱི་སྦྱིན་པའི་བདག་པོ་དང་ལས་གཞི་འདིའི་བྱེད་པོ་ཀུན་ཚེ་བསོད་དབང་ཁམས་གོང་ནས་གོང་དུ་མཐོ་སྟེ་མྱུར་དུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་།   ཞང་བོད་རིག་གཞུང་རྣམས་མི་ཉམས་གོང་ནས་གོང་དུ་འཕེལ་ཏེ་འཛམ་གླིང་ཐ་གྲུ་ཡོངས་ཀྱི་སྣོད་བཅུད་རྒུད་པ་གསོ་ཞིང་ཕན་བདེའི་གསོས་སུ་ཁྱབ་པ་དང་།   ཡངས་པའི་རྒྱལ་ཁམས་ཀུན་དུ་ནད་མུག་འཁྲུག་རྩོད་དང་རང་བྱུང་འབྱུང་བའི་འཇིགས་པ་རྣམས་རྨེང་མེད་དུ་ཞི་ནས་བདེ་ལེགས་ཕུན་ཚོགས་སྐྱིད་ཀྱི་ཉི་མ་འགྲོ་ཀུན་ཡོངས་ལ་ཤར་བའི་སྨོན་འདུན་དང་བཅས་འབྱུང་ལྡན་ ༣༠༡ སྤྱི་ལོ་༢༠༡༥ ༥ / ༡ ཉིན།

གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བྲིས། །

[1]རིག་པའི་གནས་ལྔ་ནི།   བཟོ་རིག་པ།   སྒྲ་རིག་པ།   ཕྱི་རིག་པ།   ནང་རིག་པ།   གསོ་བ་རིག་པ།

[2]ཐེག་པ་རིམ་དགུ།   སྒོ་བཞི་མཛོད་ལྔ་།   ཕྱི་ནང་གསང་གསུམ།

[3]ཞལ་འདེབས་མཚན་ཐོ་དཀར་ཆག་དེབ་ཏུ་གསལ།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།