གྲོང་ཆོག་སྐོར་གླེང་བ། |
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2015-09-21] [རྩོམ་པ་པོ།:གཙུག་གཤེན་རྣམ་རྒྱལ།] [ཀློག་གྲངས།:1135] |
གཙུག་གཤེན་རྣམ་རྒྱལ། སྟེང་ཆེན་དགོན་སྒྲུབ་གྲྭའི་མཁན་པོ། རྣམ་པ་ཐམས་ཅད་མཁྱེན་པ་སྟོན་པ་མཆོག་གི་ཞབས་ལ་གུས་ཕྱག་འཚལ། ཇི་སྐད་དུ། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་བས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག། ཅེས་གསུངས་པ་བཞིན་སེམས་ཅན་སྐྱེ་འགུལ་ཡོད་དོ་ཅོག་ཐམས་ཅད་རང་རང་སོ་སོའི་བདེ་སྐྱིད་དོན་དུ་གཉེར་ནས་གཅིག་བས་གཅིག་མགྱོགས་ཀྱིས་བང་རྒྱུག་བསྲེ་བཞིན་གནས་ཡོད་ནའང་། དོན་ངོ་མའི་བདེ་སྐྱིད་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་མ་བརྟེན་པར་གང་ལས་འབྱུང་བ་མེད་ལ། སངས་རྒྱས་ཀྱི་བསྟན་པ་དེ་ཉིད་མདོར་བསྡུས་ན་ལུང་རྟོགས་གཉིས་ལ་འདུས་ཞིང་། དེ་ཉིད་འཇིག་རྟེན་ཁམས་སུ་ཡུན་རིང་དུ་གནས་པ་ལ། ལུང་གི་བསྟན་པ་ལ་འཆད་ཉན་དང་རྟོགས་པའི་བསྟན་པ་ལ་སྒོམ་སྒྲུབ་ལ་རག་ལས་ཤིང་། དེའང་དགེ་འདུན་གྱི་སྡེ་ལ་རག་ལས་ཡོད། དེས་ན་དབྲ་སྟོན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས། སྔ་རབས་ཀྱི་ཡུལ་སྲོལ་དང་འབྲེལ་བའི་དགེ་བའི་གྲོས་འདེབས་ཞེས་པའི་ནང་དུ། དཀོན་མཆོག་ལ་བློ་ཁེལ་ངེས་བྱས་ནས་སྐྱབས་འགྲོ་དང་ཕྱག་མཆོད་དང་དགེ་འདུན་གྱི་འདུལ་སྒོ་གསོ་བ་ལ་གཙོ་བོ་བརྩོན་དགོས། དེའི་ནང་གསེས་གཤེན་རབས་དགེ་འདུན་གྱི་སྡེ་ལ་རྒྱུ་བོན་དང་མདོ་སྔགས་ཐམས་ཅད་ཀྱི་དབང་དུ་བྱས་ན། དྲང་སྲོང་བཙུན་པའི་སྡེ་དང་། དབལ་བོན་རིག་འཛིན་གྱི་སྡེ་དང་། ལྷ་ཤེས་གྲོང་བོན་གྱི་སྡེ་དང་གསུམ་ཡོད་ཅིང་། དེ་དག་གི་རྣམ་བཞག་ཞང་བོད་སྔ་རབས་ཀྱི་ཡུལ་སྲོལ་ལྟར་ན། རབ་བྱུང་རྣམས་ཁྱིམ་ནས་བུད་དེ་གཙང་དགོན་བཟུང་ནས་སྤང་ཀློག་ལ་འབད། ཡོན་བདག་རྣམས་ནས་སྐུ་འགྱེད་དང་མང་སྐོལ་སོགས་ཀྱི་ཚོགས་བསགས་དང་གཤིན་པོའི་བསྔོ་སྨོན་དང་གསོན་པོའི་བཀྲ་ཤིས་ཞུ་བའི་གནས་ཡིན། དབལ་གཤེན་རྣམས་དབང་གདམས་ཞུས་ནས་སྔགས་དགོན་བཟུང་སྟེ་བསྙེན་སྒྲུབ་ལ་འབད། ཡོན་བདག་རྣམས་ནས་དབང་དང་རབ་གནས་དང་བྱང་བཞུ་དང་ཚོགས་མཆོད་རྣམས་ཞུ་བའི་གནས་ཡིན་ཞིང་ལས་ཚོགས་ཅི་རིགས་བྱེད་པ་ཡོད་ཀྱང་གྲོང་དུ་འགྲིམ་པའི་སྲོལ་མེད། ལྷ་ཤེས་རྣམས་དབང་ལུང་བཀའ་གཏད་ཞུས་ནས་མོ་རྩིས་སྨན་གཏོ་ཕྱྭ་གཡང་སེལ་གསུམ་སོགས་གྲོང་ཆོག་རིམ་གྲོ་ཅི་དགོས་བྱེད། འདི་ལ་གསང་སྔགས་ཀྱི་གཞུང་དང་། རྒྱུ་བོན་རྐྱང་པ་ལ་སྤྱོད་པའི་སྲོལ་གཉིས་ཡོད། ཡོན་བདག་རྣམས་ནས་གསོན་པོའི་སྐུ་རིམ་ཅི་དགོས་དེ་ལ་ཞུ་བས་གྲོང་ཆོག་པ་ཞེས་གྲགས་སོ།། བར་སྐབས་སུ་རྒྱ་གར་ནས་ཆོས་བྱུང་སྟེ་རྒྱུ་བོན་རང་མལ་དུ་བཞག་ནས་སྤྱོད། དྲང་སྲོང་གི་དོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། དབལ་གཤེན་གྱི་དོད་དུ་གོས་དཀར་ལྕང་ལོའི་སྡེ་བྱ་བ་གཉིས་བྱུང་། རྒྱ་གར་ནས་སྔགས་གསར་མ་དར་བའི་སྐབས་སུ་སྔགས་དང་འདུལ་བ་རྒྱ་གར་བའི་ཕྱག་ལེན་གཙང་མ་མི་རབས་གཅིག་གཉིས་དར་རྗེས་ཕྱག་ལེན་འཆལ་ནས། བོད་ལྷོ་ཕྱོགས་རྣམས་སུ་རྙིང་མས་རྒྱུ་བོན་གྱི་དོད་བྱས་ནས་གྲོང་ཆོག་བྱེད། བཀའ་བརྒྱུད་པས་དབལ་བོན་གྱི་དོད་བྱས་ནས་སྔགས་སྡེ་བསྐྱངས། དགེ་ལྡན་པས་དྲང་སྲོང་གི་དོད་བྱས་ནས་དགོན་སྡེ་བསྐྱངས། ས་སྐྱ་བས་དེ་དག་འདྲེས་མ་ལྟ་བུར་མཛད། དེ་ནས་རིམ་གྱིས་རབ་བྱུང་རྣམས་གྲོང་ཆོག་བྱེད། སྔགས་པ་རྣམས་ཁྱིམ་བཙུན་བྱས། རྒྱུ་བོན་རྣམས་ནི་ཕལ་ཆེར་ནུབ་ནས་རང་ས་ཤོར། དེ་ནས་དེང་སང་གི་བར་དུ་བོན་པོ་དང་རྙིང་མ་འདི་ཡིན་འདི་མེད་པའི་འཁྲུགས་བཅོས་དང་ལྡད་པ་དགུ་བཅོས་སོགས་བན་མིན་བོན་མིན་གྱི་གཏོ་ཐབས་འདི་རྣམས་དར་བ་ཡིན། དེའི་སྟོབས་ཀྱིས་རབ་བྱུང་རྣམས་གྲོང་དུ་བབ། གསང་སྔགས་ནི་བོན་དུ་གྱེར། ལྷ་ཤེས་ཀྱི་ལྷ་གྲལ་སྟོང་པའི་དུས་ངན་འདི་བྱུང་བ་ཡིན་ནོ།། བོན་ཕྱི་དར་གྱི་དབང་དུ་བྱས་ན་ཞང་བོད་གཉིས་སུ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་སོགས་བྲུ་ཞུ་སྤ་རྨེའི་མཁས་པ་རྣམས་བྱོན་ནས་བཟུང་། མདོ་སྔགས་གཉིས་པོ་ཕྱོགས་གཅིག་ཏུ་དྲིལ་ནས་སུམ་ལྡན་རིག་པ་འཛིན་པའི་སྲོལ་ཡོངས་གྲགས་སུ་དར། རྒྱལ་བ་མཉམ་མེད་ཆེན་པོ་བྱོན་ནས་བཟུང་སྔགས་དགོན་རྣམས་གཙང་དགོན་དུ་བསྒྱུར་ནས་ད་ལྟའི་བར་དུ་ཞང་ཞུང་དང་བོད་ཡུལ་བྱང་ཕྱོགས་རྣམས་སུ་ཚོགས་བསགས་དང་གསོན་གཤིན་གྱི་དབང་དང་རབ་གནས་གཙང་དགོན་ལ། སྐུ་རིམ་རྣམས་སྔགས་པ་དང་ལྷ་ཤེས་རྣམས་ཀྱིས་བྱེད་པའི་སྲོལ་བྱུང་ཞིང་། དེ་དག་གི་བརྒྱུད་འཛིན་ཨ་མདོ་དང་རྒྱལ་རོང་སོགས་ཀུན་ཏུ་དེ་ལྟར་དར་བས་དེ་ཡང་ཕྱག་ལེན་གཙང་བའི་ཕྱོགས་གཅིག་ཡིན་འདུག སྡེ་དགེ་དང་རྫ་སྟོད་སྨད་དང་ཉག་རོང་སོགས་སུ་བོན་སྡེ་མང་ཡང་ཡུལ་ལུགས་ཀྱི་ཤན་ཤོར་བས་གསོན་གཤིན་གྱི་ཁུར་ཐམས་ཅད་རབ་བྱུང་གིས་བླངས་ཏེ་གྲོང་ཆོག་བྱེད་པས་སྔ་རབས་ཀྱི་ལུགས་དང་མཐུན་པའི་གཙང་མ་ཞིག་འོང་དཀའ་བར་སྣང་ཡང་སྔོན་གྱི་ཕྱག་ལེན་དང་མཐུན་པ་ཞིག་བྱུང་ན་ཅིས་ཀྱང་ལེགས་པ་ཡིན་ནོ།། ཞེས་གསུངས། དེའི་ནང་ནས་ད་ལན་གྲོང་ཆོག་གི་སྐོར་དེ་ལ་དེང་སང་མི་རྣམས་དཔལ་འབྱོར་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་ཇེ་མང་དང་རླབས་ཇེ་ཆེ་ལ་འགྲོ་བཞིན་ཡོད། ཡིན་ནའང་དགེ་བ་ཞེས་པ་དེ་རྒྱུ་རླབས་ཆེ་ཆུང་དང་ཕྱི་ཡི་སྤྱོད་པ་བལྟ་རྒྱུ་མེད་པ་ནང་བསམ་པའི་ཀུན་སློང་གཙོར་ཆེ་དུས་ཀུན་སློང་ངན་པ་བཅོས་ནས་བཟང་པོར་བསླབ་དགོས་པའི་ཚུལ་དབྲ་སྟོན་ངག་དབང་བསྟན་པའི་རྒྱལ་མཚན་སོགས་དམ་པ་གོང་མ་རྣམ་པའི་ཞལ་གསུང་གཙོར་བཞག་ནས་གླེང་བར་འདོད། དེ་ལ་དེང་སང་དུས་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ཡིན་པ་མ་ཚད། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འོད་པོ་ཆེ་འདི་ལ་འཕེལ་འགྲིབ་ཀྱི་གཉན་འཕྲང་དུ་མ་ཞིག་འཕྲད་མྱོང་ཡོད་ཅིང་། དེའི་ནང་ནས་རིག་གསར་ལམ་ཕྱོགས་གཟའ་བདུད་ནག་པོའི་ཁ་རླངས་ཀྱིས་ལྗོངས་འདི་མུན་ཁང་དགུ་རིམ་དུ་བསྒྱུར་ནའང་། སླར་ཡང་ཏང་གི་སྲིད་བཟང་དང་། སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་བསྐྱེད་མཛད་འཕྲིན་བཟང་པོའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སྔར་བས་ད་བཟང་གི་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་ཉི་མ་ཤར་བ་ནང་བཞིན་དར་ཞིང་རྒྱས་པའི་སྐབས་འདིར། མེ་འབུག་ཐུར་རུའི་གསལ་མེ་འདི་ལྟ་བུ་མི་དགོས་ཤིང་གལ་མི་ཆེ་ཡང་། ཁ་བྱང་བལྟས་ཀྱི་ནགས་ཚལ་སྟུག་པོའི་གྲོང་དུ་འཁྱམས་པ་འགའ་ཞིག་དང་། བཤད་སྒྲུབ་ཀྱི་ཉི་མ་འདེ་བའི་དལ་ཁོམས་དབེན་པའི་ལྷ་སྡེ་སྦྱིན་བདག་མང་ཚོགས་རྣམས་ལ་ཕན་འདོད་ཀྱི་བསམ་པའི་ཀུན་སློང་དང་། རང་ཉིད་ཚིག་སྦྱོར་ལ་བྱང་བའི་ཆེད་དུ་དམིགས་ནས་འབྲི་བ་ལ། ནམ་ཞིག་ཚད་མེད་ཐུཌ་རྗེ་རྣམ་བཞིའི་རྒྱུན་བསྲིང་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་རྟེན་འབྲེལ་དུ། དོན་རྣམ་པ་བཞིའི་སྒོ་ནས་འཆད་པ་སྟེ། གྲོང་ཆོག་པའི་བསམ་སྤྱོད་དང་། ཡོན་བདག་གི་བསམ་སྤྱོད། སྐུ་རིམ་གྱི་སྐོར། དགེ་སྐུལ་བཅས། དང་པོ་ནི། གྲོང་ཆོག་པ་དེའང་། སྔ་རབས་པའི་ལུགས་དང་མི་མཐུན་ནའང་། རབ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་ལྡན་པ། འབྲིང་སོ་ཐར་གྱི་སྡོམ་པ་རབ་བྱུང་དང་ཁྱིམ་པ་ལ་བརྟེན་པ་གང་རུང་དང་ལྡན་པ། ཐ་ན་སྐྱབས་འགྲོའི་སྡོམ་པ་དང་ལྡན་པ་ཞིག་ནི་ངེས་པར་དགོས་ཏེ། སྡོམ་པ་སྣ་གཅིག་མ་བསྲུངས་བར། ། སྟོན་པ་ང་ཡི་འཁོར་མི་གཏོགས། །ཞེས་གསུངས། །དེའང་མདོ་སྔགས་སེམས་གསུམ་གྱི་གཞུང་རྣམས་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་སྦྱོང་པ་མྱོང་བ་ཞིག་ཡིན་ན་ལེགས་མོད། ཐ་ན་སྔོན་འགྲོ་དངོས་གཞིའི་ཉམས་ལེན་དང་། དད་པ་དག་སྣང་སོགས་ཡོན་བདག་ལས་ཕྲན་ཙམ་ཁྱད་དུ་འཕགས་པ་ཞིག་དགོས་ཏེ། བླ་ཡི་མཆོད་གནས་ཞེས་ཡོན་བདག་རྣམས་ཀྱིས་གོང་དུ་བཀུར་ཞིང་མཆོད་འབུལ་དང་བསྙེན་བཀུར་བྱེད་ནས། གནས་སྐབས་དང་མཐར་ཐུག་དོན་གྱི་རེ་འབྲས་ཞུ་ས་ཡིན་པའི་ཕྱིར། དེ་ལྟ་བུ་ཡོན་ཏན་རྒྱུད་ལྡན་གྱི་གང་ཟག་དེས། སྤྱད་བྱ་རྒྱུ་བོན་དང་། སྔགས་གང་རུང་ཞིག་ཡིན་ནའང་། གཟུ་ལུམ་དང་ར་ཆོད་དུ་མ་སོང་བར། རིང་ལུགས་འཁྲུལ་བྲལ་འཛིན་པའི་མཁས་པའི་དྲུང་ནས་འགྲོ་ལ་ཕན་སེམས་ཀྱི་གཞི་བླངས་ནས་ཤེས་པར་བསླབ་དགོས་ཏེ། ལུང་ལས། འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །མོ་རྩིས་གཏོ་དཔྱད་གང་བྱས་ཀྱང་། །མཁས་པར་བྱ་ལ་ཤེས་པར་བསླབ། །ཅེས་སོ། །དེ་ནས་གསོན་གཤིན་གང་རུང་གི་རིམ་གྲོ་ལ་འབད་ཀྱང་། ཐོག་མར་ཀུན་སློང་རྣམ་པར་དག་པའི་གཞི་བཟུང་སྟེ། འདུལ་བ་པ་ཡིན་ན་འདུལ་ཁྲིམས་ལ་དྲི་མས་མ་གོས་པའི་ངོས་ནས་འདུལ་གོས་དང་མི་འབྲལ་བ། བོན་པོའམ་སེར་ཁྱིམ་པ་ཡིན་ན་དེང་སང་གི་གོས་འདྲ་མིན་དང་སྐྲ་ཡི་བཟོ་དབྱིབས་འདྲ་མིན། སྨྱོ་ཆུ་དང་དུག་ཐལ་སོགས་ཀྱི་དྲི་མས་མ་གོས་པ་དགེ་སྦྱོར་བའི་ཚུལ་སྟོན་ཞིང་། བག་ཕབ་ཚུལ་མཐུན་ངང་ནས་རབ་སྟོང་ཉིད། འབྲིང་བསྐྱེད་རྫོགས། ཐ་ན་ཚིག་རྗེས་སུ་དོན་དྲན་ཙམ། ཡང་ཐས་འདོན་ཚིག་ལྷག་ཆད་མ་སོང་བར་ནད་པའམ་གསོན་གཤིན་གང་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་སྟེ་སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱིས་བློ་གཏད་བཅོལ་ནས་དགེ་བ་གང་བྱས་དམ་པ་གསུམ་དང་འབྲེལ་བ་ཞིག་དགོས། དེའང་རང་གཞན་དགེ་བ་ཐུན་མོང་གསུངས་པ་བཞིན། རང་གི་ཁྱིམ་དུ་ཚོགས་བསགས་སྒྲིབ་སྦྱོང་བྱེད་པ་དང་གཞན་གྱི་ཁྱིམ་དུ་ཚོགས་བསགས་སྒྲིབ་སྦྱོང་བྱེད་པར་ཁྱད་མེད་པ་ཞིག་བྱེད་དགོས། ལར་ངེས་པར་བསམ་ན་ཐེག་པ་ཆེན་པོའི་ལུགས་ལ་རང་འདོད་སྤངས་ནས་དགེ་བ་གང་བྱས་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་དགོས་པ་འདྲ་འདྲ་ཡིན། འོན་ཀྱང་རང་ཅག་རྣམས་ནི་ཚེ་རབས་ཐོག་མ་དཔག་ཏུ་མེད་པ་ནས་རང་གཅེས་འཛིན་གྱི་བློ་དེ་ལ་གོམས་འདྲིས་ཆེ་བའི་དབང་གིས་དེ་ལྟ་བུ་བསམ་བློ་གཏོང་དགོས་ན་དཀའ་བའི་གནས་སུ་གྱུར་ནའང་། བློ་རྒྱ་ཆེར་བསྐྱེད་ཀྱི་སྒོ་ནས་དེའི་ཕྱོགས་སུ་བསམ་བློ་བསྒྱུར་ཏེ་ཀུན་སློང་དེ་ལྟ་བུའི་སྒོ་ནས་བརྩོན་ཐུབ་པ་ཡིན་ན། དམ་པ་གོང་མ་རྣམ་པས། ནད་པ་དང་གསོན་གཤིན་གང་ཡིན་དེ་ལ་ཕན་ཐོགས་ངེས་ཤིང་། མི་ཡི་སྟན་ཐོག་ནས་རང་གི་སྒྲིབ་སྦྱོང་ཟེར་བ་ལྟར་རང་གཞན་གྱི་ཚོགས་གཉིས་མཉམ་དུ་རྫོགས། འབྲེལ་ཚད་ཐར་ལམ་ལ་འགོད་ནུས་པ་ཡིན་ཞེས་གསུངས། དེའང་སྤྱན་ཟུར་ནས་འབྱོར་བ་དབུལ་ཤིང་། གཟུགས་མི་སྡུག་པ་ཐབས་ཞན་པ། ན་ཚས་གདུང་བ། ཉམ་ཐག་པའི་བླ་མཆོད་མི་རྙེད་པ་དག་མཐོང་ན་ཤིན་ཏུ་མཛེས་པ་ཡིན། ཅི་སྟེ་ཞེ་ན། གཅིག་ནས་འོ་ཅག་རྣམས་ཉམ་ཐག་གི་འགྲོ་བ་རྣམས་སྐྱོབ་པ་པོ་ཡིན་ཁུལ་དང་། གཉིས་སུ་རང་རྒྱུད་ལ་བྱང་སེམས་འཕེལ་བའི་ཆ་རྐྱེན་དུ་འགྱུར་བ་དང་། གསུམ་ནས་གཞན་གྱིས་མིང་དང་དོན་མཐུན་ཞིག་འདུག་སྙམ་ནས་དད་པ་འཕེལ་བའི་རྐྱེན་ཏུ་འགྱུར་བ་མ་ཚད། དགེ་བ་དེ་ཡང་གཞན་དང་མི་འདྲ་བའི་ཕན་ཡོན་ཆེ་བ་ཡིན་ཏེ། མདོ་དྲི་མེད་ལས། མ་ནུས་ཉམ་ཐག་འགྲོ་བ་ལ། །སྐད་ཅིག་ཙམ་གྱི་ཞི་བདེ་དང་། །བསྐལ་པར་བསོད་ནམས་བསགས་པའི་རྒྱུ། ། ཚད་ཀྱིས་གཞལ་ཡང་མི་ཕོད་དེ། །ཞེས་གསུངས། དེ་ལྟར་མ་ཡིན་པ་འགའ་ཞིག་ནི་རང་གཞན་གང་གི་དུས་ཡིན་ནའང་། བཟང་ཕྱོགས་ཀྱི་བསམ་བློ་གང་ཡང་གཏོང་མི་ཤེས་པར་ལུང་མ་བསྟན་དུ་ལུས། འགའ་ཞིག་ཅུང་ཟད་ཤེས་ནའང་བྱང་སེམས་ཀྱི་བརླན་དང་བྲལ། རང་འདོད་དབང་གིས་ཡོན་བདག་ཕོ་མོའི་ཁྱིམ་དུ་སླེབས་ཙམ་ན་གསོན་གཤིན་གང་རུང་གི་དོན་གང་ཡང་ཡིད་ལ་དྲན་རྒྱུ་མེད་པ། ཁ་ཡེངས་མིག་ཡེངས་ཡར་མར་གཏམ་བཤད་དང་། དེང་སང་ལྟར་ན་ཁ་པར་ལག་ཏུ་འབྲལ་མེད་བཟུང་། གཞན་གྱིས་འདོན་པ་འདོན་བཞིན་པ་ཡིན་ནའང་། དེ་དག་ལ་དོ་སྣང་དང་འདོན་སྣང་ཙམ་ཡང་མི་ཤར་བ། ཁ་པར་ཡར་མར་རྒྱག་རྒྱུ་དང་རྩེད་མོ་རྩེ་བ་ལ་སོགས་བྱེད། ཡོན་བདག་རྣམས་མཐོང་ནའང་སྐྲག་སྣང་དང་ངོ་ཚ་སྣང་ཙམ་ཡང་མེད་པ། འདོན་ཚིག་འདོན་པ་ལས་ཀྱང་ཆད་པ་མང་། ད་དུང་ཡང་རང་ཉིད་བླ་མཆོད་བཟང་པོ་ཞིག་ཡིན་སྣང་ཤར། ད་གཟོད་ཡོན་བདག་ཕོ་མོའི་རྒྱུ་རྫས་ལ་ལོངས་སྤྱོད་པ་ནི། དེ་ལྟ་བུ་དེ་རང་གཞན་གང་ལའང་ཕན་གནོད་ཅི་འབྱུང་ངེས་པ་མེད་དེ། རྣལ་འབྱོར་གཡུང་དྲུང་སྤྲོ་ལྡན་གྱི་ཞལ་ནས། ལྟོ་གོས་ནོར་ཕྱིར་འབྲང་བ་དེ།། འོད་དགའ་མེ་ལ་བསྙེགས་པ་འདྲ།། ཡོན་ཏན་ཚད་དང་མི་ལྡན་ཞིང་།། སྦྱོར་དངོས་རྗེས་གསུམ་མ་དག་པས།། གཞན་གྱི་ཚོགས་སྦྱོར་ལེན་པ་དེ།། རང་ལ་ཁྲོ་ཆུ་ཁོལ་མ་འདྲ།། གཞན་ལ་མུན་ཁྲོད་རྫས་བླུགས་འདྲ།། རང་གཞན་གཉིས་ཀ་ཕུང་བའི་རྒྱུ།། ཞེས་གསུངས། ཁྱད་པར་དུ་གཤིན་པོ་སོགས་ཀྱི་དོན་ཡིན་ན། བར་དོར་གནས་པའི་སེམས་ཅན་དེ་འཇིགས་སྐྲག་དང་སྡུག་བསྔལ་གྱིས་གདུང་པའི་ཚེ་ཕན་དུ་རེ་ནས་ཡོན་གནས་དང་བླ་མཆོད་ལས་སོགས་པའི་དྲུང་དུ་རྒྱུག དེའི་ཚེ་དེ་དག་གི་ཏིང་འཛིན་མི་གསལ་ཞིང་། ཆགས་སྡང་སོགས་ཉོན་མོངས་སེམས་ལ་འཆར་ཀྱིན་ཡོད་ན། བར་དོའི་སེམས་ཅན་དེ་མངོན་ཤེས་དང་ལྡན་པ་ཡིན་པས་དེ་དག་ཤེས་ནས། སླར་ལོག་ལྟ་དང་། ཞེ་སྡང་སྐྱེས་ཏེ་རྐྱེན་དེས་ངན་སོང་དུ་འཕེན་པ་ཡང་ཡོད་ཅེས་ཤར་རྫ་པས་གསུང་འདུག་པས་ཤིན་ཏུ་གཟབ་དགོས་པ་སྣང་། གཉིས་པ། རང་ཅག་རྣམས་དགེ་སྦྱོར་དང་རིམ་གྲོ་གང་འདྲ་ཞིག་བྱེད་ནའང་ཐོག་མར་ཀུན་སློང་ཅི་ལྟ་བུ་ཞིག་ཡོད་རེད་ཅེ་ན། འགའ་ཞིག་གི་ཚེ་འདིར་སྙན་གྲགས་རྒྱ་ཆེར་ཐོབ་འདོད་དང་། འགའ་ཞིག་ནི་རང་དང་འདྲ་མཉམ་གྱིས་དགེ་བ་བྱས་པ་དེ་ཉིད་ལ་འགྲན་སེམས་དང་ཕྲག་དོག་དབང་གིས་དང་། འགའ་ཞིག་དེ་དག་གང་ཡང་མེད་པ་གཞན་གྱི་ལད་མོ་ལྟ་བུ་དང་། མང་ཆེ་ས་ཕལ་ཆེར་ནི་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་དགེ་བའི་དབང་དུ་ཤོར་ཡོད། དཔེར་ན་ཚེ་འདིར་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་འཚོགས་འདོད་དང་ཕྱི་མར་ལྷ་མིའི་རྟེན་ཁྱད་པར་ཅན་ཐོབ་འདོད་ནི་ལེགས་སྨོན་གྱི་དགེ་བ་དང་། ཚེ་འདིར་ན་ཚ་སྡུག་བསྔལ་ཞི་འདོད་དང་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་ཐར་འདོད་ནི་འཇིགས་སྐྱོབ་ཀྱི་དགེ་བ་ཡིན། ང་ཚོར་དེ་ལྟ་བུའི་ཀུན་སློང་མ་གཏོགས་མེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན། འགའ་ཞིག་ནི་ཚེ་འདིར་མ་གཏོགས་བསམ་བློ་གཏོང་མི་ཤེས། འགའ་ཞིག་གིས་ཚེ་ཕྱི་མར་བསམ་བློ་གཏོང་ཤེས་ནའང་། མཐོ་རིས་ལྷ་མིའི་བདེ་འབྲས་ཐོབ་པ་ལ་བདེ་བ་ཆེན་པོ་འཛིན་ནས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མ་ཤེས་ཤིང་མཐར་ཐུག་གི་བདེ་བ་ཆེན་པོ་དེ་གང་ལ་ཡོད་ངོས་མ་ཟིན་པ་དེ་ལ་ཐུག་ཡོད། ད་ངེས་པར་བསམ་ན་འཁོར་བ་གར་སྐྱེས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། ང་ཚོས་བདེ་བའམ་དགའ་བ་སྐྱིད་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཅི་ཡོད་ཟེར་ན། དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་འཚོགས་པ། འཁོར་གཡོག་ལག་མང་པོ། ཐོབ་གོ་ས་ཆེན་པོ། སྙན་གྲགས་ཆེན་པོ་ཞིག་ཡོད་ན་བདེ་བའམ་སྐྱིད་པ་རྩི་གི་ཡོད། འོན་ཀྱང་དེ་དག་བདེ་བ་མ་རེད་ཅེས་བསྙོན་དུ་མེད་ནའང་ལོ་ཤས་ཟླ་ཤས་ཙམ་མ་གཏོགས་ཡུན་རིང་དུ་མི་གནས་པ་མ་ཚད། སུམ་བརྒྱ་པ་ལས། འཁོར་བའི་འདབ་རྒྱས་སྡུག་བསྔལ་ཕྱིར་འཕེལ་བ།། ཀླུ་ཡི་མགོ་མང་སྡུག་བསྔལ་དེ་སྙེད་བཞིན།། ཞེས་གསུངས་པ་བཞིན། དེ་དག་ལ་བརྟེན་ནས་དངོས་དང་བརྒྱུད་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་གི་ཡོད་རེད། དངོས་སུ་སྡུག་བསྔལ་ཅི་ལྟ་བུ་འབྱུང་ཟེར་ན། དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་འཚོགས་པ་ཡོད་ནའང་བློ་བདེ་མོར་འདུག་མི་ནུས། ད་དུང་རྒྱུ་རྫས་བསགས་པ་དང་། རྐུ་འཕྲོག་སོགས་ལ་དྭོགས་ནས་སྲུང་བ་དང་། གཅིག་ལས་དུ་མ་སྤེལ་བ་དང་ཟད་ཀྱི་དྭོགས་པ་ལས་སོགས་པའི་སྡུག་བསྔལ་དང་། འཁོར་གཡོག་ལག་མི་མཐུན་ཞིང་རང་འོག་ཏུ་མི་ཚུད་པའི་སྡུག་བསྔལ། ཐོབ་གོ་ས་ཆེ་བའི་མི་ཡིན་ན་རང་གི་གོ་ས་ཤོར་གྱིས་དྭོགས་པ་དང་། སྡེ་འབངས་འགལ་ཟླ་འཁྲུགས་རྩོད་ཐག་གཅོད་ཀྱི་དོན་དུ་ཉིན་མཚན་མེད་པར་བསམ་བློ་ཁོ་ནར་གཏོང་རྒྱུ་མ་གཏོགས་བློ་བདེ་བག་ཕབ་ཀྱི་སྐྱིད་ཉམས་དེ་ནི་སྐད་ཅིག་ཙམ་ཡང་མེད། མ་བརྟགས་མ་དཔྱད་ན་སྐྱིད་སྐྱིད་འདྲ་བོ་སྣང་ཡང་དོན་དུ་སྡུག་བསྔལ་ལས་མ་འདས། བརྒྱུད་ནས་སྡུག་བསྔལ་གྱི་རྒྱུ་ཅི་ལྟ་བུ་འབྱུང་ཞེ་ན། རྒྱུ་ཟས་ནོར་ཐམས་ཅད་སྡིག་པ་མི་དགེ་བའི་ལས་ཁོ་ན་ལས་བསགས་པ་ཡིན་པས་མ་ཚད་འཁོར་གཡོག་ལག་དེ་དག་ལས་སོགས་ལ་བརྟེན་ནས་ཉོན་མོངས་བསམ་གྱི་མི་ཁྱབ་པ་ཞིག་བསགས། དེའི་དབང་གིས་ཕྱི་མ་ངན་སོང་གི་གནས་སུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་ལ་སོགས་སྡུག་བསྔལ་ལས་མ་འདས། མདོར་ན་མི་མཐོ་དམན་རྒྱུ་རྫས་ཡོད་མེད་སུ་ཡིན་ནའང་སྡུག་བསྔལ་མེད་པ་ནི་སུ་ཡང་མེད། དེ་བཞིན་དུ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མེད། དེས་ན་ད་ལྟ་ང་ཚོས་བདེ་བ་འདོད་པ་འདི་དག་ནི་སྡུག་བསྔལ་ལ་བདེ་བར་འདོད་པའི་ལོག་ཤེས་ཅན་ཡིན། དེར་བརྟེན་ལུང་ལས་འཁོར་བའི་བདེ་བ་ནི་བདེ་བ་བཏགས་པ་བ་སྡུག་བསྔལ་མཚན་ཉིད་པ་ཡིན་གསུངས། ད་ངོ་མར་མཐར་ཐུག་གི་བདེ་བ་དེ་སུ་ལ་ཡོད་རེད་ཟེར་ན། སྤངས་རྟོགས་མཐར་ཐུག་རྫོགས་པའི་སངས་རྒྱས་དེ་ཉིད་ལ་ཡོད། དེས་ན་ང་ཚོས་དགེ་བ་རིམ་གྲོ་གང་ཞིག་བསྒྲུབས་ན་ཡང་སྤངས་རྟོགས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྒྲུབ་དགོས། དེ་ཡང་རང་ཉིད་གཅིག་པུ་ཙམ་མ་ཡིན་པ། རང་རེ་རྣམས་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་ཤི་གྲངས་མེད་བྱས་པ་དང་ལུས་སྣ་ཚོགས་བླངས། གནས་མཐོ་དམན་ཀུན་ཏུ་བརྒྱུད་པའི་དབང་གིས་སེམས་ཅན་ཐམས་ཅད་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས། དགེ་སྦྱོར་དང་རིམ་གྲོ་ཅི་ལྟ་བུ་ཞིག་བྱེད་ནའང་། ཐོག་མར་བསམ་པའི་ཀུན་སློང་ལ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྤངས་རྟོགས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་དགེ་བ་འདི་དང་འདི་ཞེས་བྱའོ་སྙམ་པའི་སེམས་བསྐྱེད་དང་། དངོས་གཞི་དམིགས་པ་མེད་པ་དང་རྗེས་བྱ་དགེ་བ་དེ་ཉིད་སྔོན་གྱི་རྒྱལ་སྲས་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་དམིགས་མེད་ཤེས་རབ་དག་པས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་དེ་ལྟར་དུ་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་འཇིག་རྟེན་ཁམས་སུ་དར་ཞིང་ཡུན་རིང་གནས་པ་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ་བར་བགྱིའོ་སྙམ་པའི་བསྔོ་བ་བཅས་དམ་པ་གསུམ་དང་འབྲེལ་ན་དགེ་བ་གང་བྱས་དེ་ཉིད་མཐར་ཐུག་གི་བདེ་བ་ཐོབ་པའི་རྒྱུ་རུ་འགྲོ། དེས་ན་ཀུན་སློང་དེ་ལྟ་བུས་ཟིན་ན་གནས་སྐབས་རྐྱེན་སེལ་སོགས་ཀྱི་ཆེད་དུ་མ་བསམ་ནའང་འབྲས་དཀར་མོ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་ལྟ་བུ་ཡིན། འོན་ཀྱང་གནས་སྐབས་ཀྱི་དོན་དེ་མི་བསམ་ཞིང་བློས་གཏོང་མ་ཐུབ་ན། གནས་སྐབས་སུ་རྐྱེན་ངན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་འགྲུབ་པ་དང་། མཐར་ཐུག་རང་གཞན་སེམས་ཅན་རྣམས་སྤངས་རྟོགས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཆེད་དུ་བྱའོ་བསམ་ན་ཆོག་གམ་སྙམ། ཡང་འགའ་རེས་སེམས་བསྐྱེད་བླ་མཆོད་ཀྱིས་དགོས་ཀྱི་སྦྱིན་བདག་གིས་མི་དགོས་སྙམ་སྲིད་ནའང་། བླ་མཆོད་ལ་ལྟ་ཅི། སྦྱིན་བདག་ལའང་ངེས་པར་དགོས་ཏེ། ཀུན་སློང་སྙན་གྲགས་འདོད་པ་དང་གཞན་ལ་འགྲན་སེམས་དང་། ང་འདྲ་བའི་ཚོགས་བསགས་དཀའ་སྙམ་པའི་ང་རྒྱལ། རྗེས་སུ་འགྱོད་པ། ཞེན་ཆགས་སེར་སྣ་སོགས་ཀྱིས་གོས་པའི་དགེ་བ་རྒྱ་ཆེན་པོ་བྱ་ཁུལ་བྱས་པ་བས། བསམ་བློ་རྣམ་པར་དག་ན་དངོས་པོ་རྒྱ་ཆེན་པོ་མ་འགྲུབ་ནའང་། དེ་ཉིད་ཚོགས་ཆེ་བ་ཡིན་ཏེ། སྔར་ཡུལ་ཕྱོགས་གཅིག་ན་རྒྱལ་པོ་འབྱོར་བ་དང་ལྡན་པ་གཅིག་གིས། དགེ་བའི་ལས་མང་དུ་བྱེད་ཅིང་ཟངས་གཅིག་མར་ཁུས་བཀང་། རས་ཡུག་གཅིག་གིས་སྡོང་བུར་བྱས་ནས་མར་མེ་ཕུལ། དེའི་འཁོར་ན་འབངས་དད་པ་ཆེ་བ་འབྱོར་བ་ཆུང་བ་གཅིག་ཡོད་པ་ཁོའི་བསམ་པ་ལ། ང་ལ་ཡང་མར་མེ་ཞིག་འབུལ་རྒྱུ་ཡོད་ན་དགའ་བ་ལ་སྙམ་ནས་བཙུན་མོ་ལ་ང་ཡི་མགོ་འདི་ན་བ་ཡིན་པས་མར་ཆེ་བ་གཅིག་བསྐུས་དང་བྱས་པས་བཙུན་མོས་མར་བསྐུས་སོ།། དེ་ཁོས་མགོ་ཆུ་དྲོད་མོ་ལ་བཀྲུས་ནས་ཆུ་འཁྱག་ཏུ་བཅུག་པས་ཞུན་མར་ཅུང་ཟད་གཅིག་བྱུང་། དེས་མར་མེ་ཆུང་ངུ་ཞིག་བལྟམས་ནས་རྒྱལ་པོའི་མར་མེ་ཆེན་པོ་དེའི་འགྲམ་དུ་ཕུལ་བས་རྒྱལ་པོའི་མར་མེ་བས་ཀྱང་དེའི་འོད་གསལ་ལོ།། རླུང་ཆེན་པོ་གཅིག་བྱུང་བས་རྒྱལ་པོའི་མར་མེ་ནུབ་ཁོའི་མར་མེ་མ་ནུབ་པ་ལ། རྒྱལ་པོས་མཆོད་གནས་ལ་འདི་ཅིའི་རྒྱུ་རྐྱེན་ལགས་དྲིས་པས། མཆོད་གནས་ཀྱི་ཞལ་ནས། འདི་བསམ་པ་དག་མ་དག་ཡིན་དབུལ་པོའི་མར་མེ་ཆུང་ཡང་བསམ་པ་དག་པའོ།། འདི་ནི་བསྐལ་པའི་རླུང་བྱུང་ཡང་ནུབ་པར་མི་འགྱུར། རྒྱལ་པོའི་མར་མེ་ཆེ་ཡང་བསམ་པ་མ་དག་པ་འདུག་ཅེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་ཚོགས་དང་མར་མེ་སོགས་གཙང་ཞིང་རྣམ་པར་དག་པ་ཟས་ཕུད་དང་པོ་དེ་ཉིད་འབུལ་དགོས་མ་གཏོགས་མར་གྱི་ཁ་ཚ། ཐུད་ཀྱི་སྔོ་ས། ལོ་མའི་སེར་ས། འབྲུ་ཡི་སྙིགས་མ། རྩམ་པའི་ཡབ་ས། དཔེར་ན་མར་འདི་ཁ་འཇམ་པོ་མི་འདུག་པས་མར་མེ་དང་གཏོར་རྒྱན་ལག་སྣུམ་དགོས་འདུག་ཟེར་ནས་འབུལ་བ་ལྟ་བུ་ནི། དེ་དག་ཕུལ་བའི་ཕན་ཡོན་ལས་ཀྱང་། བདེ་བར་གཤེགས་པ་ལ་བརྙས་པའི་ཉེས་སྐྱོན་ཆེ་བ་གདོན་མི་ཟ་བས་དེ་ལྟ་བུ་རྣམ་པ་ཀུན་ནས་སྤང་དགོས། གལ་སྲིད་རང་ལ་དེ་ལྟ་བུ་མ་གཏོགས་མེད་ན་འབུལ་རུང་བ་ནི། གང་འགྲུབ་བཤམ་པའི་ཡོ་བྱེད་དོ།། ཞེས་གསུངས་པའི་ཕྱིར། ཡང་འགའ་རེས་གཡག་ལུག་བཤའ་བཙོང་བྱེད་ནས་ཀུན་རིག་ཞི་ཁྲོ་བཅའ་འདོན་བྱེད་པ་དང་། འགའ་རེས་ཞི་ཁྲོ་ཀུན་རིག་འདོན་དགོས་ཟེར་ནས་དངོས་སུ་བསྔོས་ནས་གཡག་ལུག་མང་པོ་བཤའ་རྒྱུ་དེ་ནི། དཔེར་ན་རང་གི་སྐྱེ་བ་སྔ་མ་སྔ་མའི་མ་རྒན་དེ་ཉིད་མར་བསད། དེའི་ཤ་ཁྲག་དེ་དག་བླ་མཆོད་རྣམ་པ་ལ་དྲངས་ཤིང་མཆོད་རྫས་སུ་བཤམ་ནས་སྐྱེ་བ་ད་ལྟའི་ཕ་མ་ལ་དགེ་བ་བྱེད་ཁུལ་བྱེད་པ་ལྟ་བུ་ཞིག་རེད། དེས་ན་དེ་ལྟ་བུའི་དགེ་བ་བྱེད་པ་ལས་གཡག་ལུག་དེ་ཚོ་ཚེ་ཐར་བཏང་ན་ཕན་ཡོན་ཆེ་གི་རེད། མདོར་ན་དགེ་བའི་ལས་དང་སྡིག་པའི་ལས་ཞེས་པ་དེ། སེམས་ཅན་གང་ཞིག་ལ་དངོས་དང་བརྒྱུད་ནས་གནོད་པའམ་འཚེ་བ་བྱེད་པ་དེ་སྡིག་པའི་ལས་ཡིན་ལ། འཕྲལ་ཕུགས་ཀུན་ཏུ་ཕན་པར་བྱེད་པ་ནི་དགེ་བའི་ལས་ཡིན། དེས་ན་དེ་ནི་ཕན་པ་ལས་ཀྱང་གནོད་ཚབས་ཆེ་བ་ཡིན། འོན་ཀྱང་ཕུང་པོ་ཚོགས་སུ་བསྒྲལ། ཤེས་པ་ལྷ་རུ་བཀོད་ནུས་པའི་རྣལ་འབྱོར་པ་ཡང་རབ་ཞིག་ཡིན་ན་སྡིག་པས་མི་གོས་ཤིང་ཚོགས་རྫོགས་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་ནའང་། དེ་ལྟ་བུ་ནི་དེང་སང་ཤིན་ཏུ་དཀོན་པ་ཡིན་པ་མ་ཟད། ལུང་དང་ཡང་འགལ་བ་ཡིན་ཏེ། རྫས་ལྔ་རིན་ཆེན་སྒྲོན་མ་ལས། རྒྱུ་ཡི་དམ་ཚིག་སྡིག་མ་འདྲེས།། སྡིག་འདྲེས་མཆོད་པས་ལྷ་མི་མཉེས།། ཞེས་དང་། གབ་པ་ལས། འཁོར་བའི་ལུས་བླང་འཁོར་བའི་བརྩོན་ར་ན།། འཁོར་བའི་སྲོག་གཅོད་འཁོར་བའི་ལྷ་འདྲེ་མཆོད།། འཁྲུལ་པ་དེས་ཀྱང་མཉམ་ཉིད་དོན་ལ་བསྒྲིབས།། ཞེས་དང་། ལ་ལ་གསོད་ནས་ལ་ལ་གསོ་བ་ནི།། ཁྲ་དང་སྤྱང་ཀིའི་ལས་དང་མཚུངས་པའོ།། ཞེས་གསུངས། བྱུང་ཁུངས་ཀྱི་མདོ་ལས། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པ།། གཅིག་གསོད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ།། དེ་ནི་ལོག་པར་ཡིན་པས་བྱ་རུ་མི་རུང་ངོ་།། ཞེས་གསུངས། སྤྱིར་གསང་སྔགས་ཀྱི་ལུགས་ལ་དུག་གསུམ་རྩད་ནས་གཅོད་པའི་ཕྱིར་དུ་ཤ་ཁྲག་ནི་མཆོད་རྫས་ཀྱི་གཙོ་བོ་ཡིན་ཀྱང་། དེ་ཡང་ཤ་ཁྲག་མཆོད་པ་ཚུལ་བཞིན་དུ་འབྱོར་བ་ཅི་ལྟ་བུ་ཞིག་དགོས་ཞེ་ན། བུད་མེད་ཀྱི་ཤ། ཁྱི་ཤ། རྟ་ཤ། བ་གླང་ཤ། མ་ཧེའི་ཤ་སོགས་ཁ་ཟས་ཀྱི་ཆེད་དུ་གསོད་པར་མི་འགྱུར་བའི་སྡིག་མེད་ཀྱི་ཤ་ལྔ་པོ་འདི་དག་ཚོགས་རྫས་སུ་བཤམ་པ་ལ། ཤ་ཁྲག་མཆོད་པ་ཚུལ་བཞིན་འབྱོར་བ་ཞེས་བྱ། དེ་ལྟར་རུང་བའི་ཤ་ལྔ་པོ་དེ་གཙང་སྨེ་གཉིས་རྟོག་དང་བྲལ་བ་ཞིག་གིས་འབུལ་བ་ཡིན་གྱི་གཞན་གྱིས་མི་ནུས་པས། རང་རེས་སྲོག་མ་བཅད་པའི་ཤ་ཞེས། རང་རེའི་ཁ་ཟས་ཀྱི་ཆེད་དུ་བསད་པ་མ་ཡིན་པ་སེམས་ཅན་ལས་ཀྱི་དབང་གིས་ཚེ་འཕོས་པ་འམ། ནད་གཙང་མས་ཤི་བའི་ཤ་སོགས་སྡིག་པ་དང་མ་འདྲེས་པ་དེ་ལ་གསུངས་པ་ཡིན་པས། དེ་འབུལ་དགོས་པ་ཡིན་མ་གཏོགས་ཕྱི་ནང་གི་རྒྱུད་སྡེ་ལྟ་ཅི་སྨོས། ཐ་ན་བཀར་བའི་རིགས་ཡན་ཆད་སངས་རྒྱས་བསྟན་པའི་ཆར་གཏོགས་པ་ཀུན་ལ་སྲོག་གཅོད་པའི་ཤ་ཁྲག་ནི་རྣམ་པ་ཀུན་ཏུ་སྤང་དགོས་ཞེས་ཤར་རྫ་པས་གསུངས། དེ་བཞིན་དུ་དེང་སང་མི་ཕལ་ཆེར་སྒོར་མོ་མ་གཏོགས་བསམ་རྒྱུ་མེད་པ་དེའི་དབང་གིས་སྦྱིན་བདག་རྣམ་པས་བླ་མཆོད་ནི་གླ་པ་ལྟ་བུར་མཐོང་། བླ་མཆོད་རྣམ་པས་ཀྱང་གླ་ཆ་མང་ཉུང་ལ་དམིགས་ན་ཡང་དག་གི་དགེ་བ་ཞིག་མི་ཡོང་བས། བླ་མཆོད་དམ་བླ་མ་དགེ་འདུན་རྣམ་པར་དད་གུས་ཚད་མེད་ཀྱི་སྒོ་ནས་བསྙེན་བཀུར་དང་མཆོད་འབུལ་བྱས་ན་དཀོན་མཆོག་གསུམ་མཆོད་པ་དང་ཁྱད་མེད་དེ། དབྲ་སྟོན་གྱིས། ལར་དགེ་འདུན་མེད་ན་སངས་རྒྱས་ཀྱི་རྟེན་ཡོད་པས་མི་ཕན། བོན་པོ་ཏི་བརྒྱ་ཕྲག་ཡོད་ཀྱང་མི་ཕན། སངས་རྒྱས་སངས་རྒྱས་ཀྱི་གོ་ཆོད་པ་དང་། བོན་བོན་གྱི་གོ་ཆོད་པ་བླ་མ་དགེ་འདུན་བཞུགས་པའི་བཀའ་དྲིན་ཡིན། ཞེས་དང་། སངས་རྒྱས་ཀྱི་གོ་ཡང་བླ་མ་དགེ་འདུན་གྱིས་ཆོད། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་ཡིན། བོན་གྱི་གོ་ཡང་བླ་མ་དགེ་འདུན་གྱིས་ཆོད། གསུང་བཞིན་བསྒྲུབ་ན་འདི་ཕྱི་ཀུན་ཏུ་སྐྱོབ། དེ་ལ་བསམ་ནས་བཀའ་དྲིན་དྲན་ན་ཡང་བླ་མ་དགེ་འདུན་གྱི་བཀའ་དྲིན་དྲན་དགོས། སྐུ་དྲིན་གསོ་ན་ཡང་བླ་མ་དགེ་འདུན་གྱི་སྐུ་དྲིན་གསོ་དགོས། ལར་དེང་སང་ཡོན་བདག་རྣམས་ཀྱིས་དགེ་འདུན་ལ་འབུལ་སྙིང་མི་སྤྲོ། རྟེན་གསུམ་ལ་མར་མེ་སྤོས་ཡོན་ཆབ་བྱེད་པ་བཟང་ཟེར། རྟེན་གསུམ་ལ་མཆོད་པ་དགེ་བ་ལོས་ཡིན་ཡང་ཕུལ་བའི་ཕན་ཡོན་ཡོད་པ་ལས་བཞེས་པའི་ཕན་ཡོད་མེད་དེ། སངས་རྒྱས་དང་བོན་ལ་མར་མེ་ཕུལ་ཡང་མ་མཐོང་ནས་གསལ་དགོས་པ་མེད། མ་ཕུལ་ཡང་མཐོང་དགོས་པ་མ་གསལ་བ་མེད། ཡོན་ཆབ་ལ་སོགས་ཕུལ་བས་གསོལ་དགོས་པ་མེད། མ་ཕུལ་བས་ཞལ་སྐྱེམས་པ་མེད། མཆོད་པ་ཐམས་ཅད་དེ་དང་འདྲ། དེས་ན་ཚོགས་བསགས་བྱེད་ན་དགེ་འདུན་ལ་བྱེད་དགོས། མཆོད་པ་ཕུལ་ན་དགེ་འདུན་ལ་འབུལ་དགོས། ཞེས་དང་། རྒྱུ་གཏོང་ན་དགེ་འདུན་ཕྱོགས་སུ་ཐོངས།། སོ་ཡོད་པའི་དཀོན་མཆོག་དགེ་འདུན་ཡིན།། ཞེས་གསུངས་སོ།། གསུམ་པ་སྐུ་རིམ་སྒྲུབ་ཚུལ་མང་ཡང་། དབྲ་སྟོན་གྱིས་ཞལ་གསུངས་ལྟར་ན། ཡུལ་བོད་ཁམས་མ་ཡིན་བོན་ཁམས་ཡིན། བོན་ལྷ་ཤེས་རྣམས་ལ་ཚུལ་བཞིན་བསྟེན།། སང་མ་འོངས་ལུང་སྟོན་མོ་ཕྱྭ་ཡིན།། ལེགས་ཉེས་ཀྱི་བླང་དོར་མོ་ལ་དྲིས།། ལུས་ནད་གདོན་སེལ་ཐབས་སྨན་གཏོ་ཡིན།། གལ་ཆེ་སར་སྨན་གཏོ་ཟུང་འབྲེལ་གྱིས།། རྐྱེན་དགྲ་བགེགས་ཁ་གནོན་ལྷ་སྔགས་ཡིན།། རིམ་གྲོ་ལ་ལྷ་སྔགས་ཆོ་ག་བསྟེན།། ཤི་བླ་གནས་བདེ་ཐབས་འདུར་ཐང་ཡིན།། གཤིན་པོ་ལ་གང་དགོས་འདུར་ལུགས་གྱིས།། མཁོ་ཆེ་བ་ལྷ་ཤེས་སྡེ་བཞི་ཡིན།། གནའ་སྔ་ལུགས་བཞིན་དུ་སྤྱོད་པར་གྱིས།། གཏོ་བཅོས་དང་སྐུ་རིམ་ཆག་མེད་བྱ།། འཕྲལ་རྐྱེན་ཀུན་བཅོས་ཤིང་བསྒྱུར་བ་ཡིན།། དཔྱིད་དུས་སུ་ས་བདག་ཀླུ་གཉན་བཅོས།། ས་ཡུལ་དུས་བདག་པོ་ས་བདག་ཡིན།། དབྱར་དུས་སུ་གཡང་བསྐྱབས་གཡང་འབོད་བྱ།། མྱི་འཕན་ཕྱུག་ཨེ་ཡོང་ཕྱྭ་གཡང་ཡིན།། སྟོན་དུས་སུ་ཚོགས་བརྒྱ་སྐོང་བརྒྱ་འབུལ།། ལྷ་བསྐང་ན་ཅི་དགོས་བསྒྲུབ་པ་ཡིན།། དགུན་དུས་སུ་དགྲ་བགེགས་བྲུབ་མནན་བྱ།། རྐྱེན་བར་ཆོད་ཤུགས་ཀྱིས་ཞི་བ་ཡིན།། ལོ་སྐྱ་སྔོན་སྐུ་རིམ་རྣམ་པ་བཞི།། མ་ཆག་ན་འདོད་དགུ་འགྲུབ་པ་ཡིན།། གོང་ལྷ་ཡི་ངོ་སོ་མཆོད་པས་གསོ།། ལྷ་ངོ་དེ་སྒྲོན་གྱིས་གསལ་བ་ཡིན།། ལོ་སར་དུས་འགོ་བའི་ལྷ་ལྔ་གསོ།། ལྷ་ལྔ་དང་མྱི་གཉིས་མཉམ་དུ་སྐྱིད།། ཟླ་བ་དང་པོར་སྲུང་མའི་གཏང་རག་འབུལ།། ལོ་གཅིག་གི་སྲུང་སྐྱོབ་དྲིན་ལན་ཡིན།། ཟླ་བ་བཞི་པར་ཀླུ་མཆོད་ཀླུ་རྟེན་གསོ།། ཀླུ་དར་ན་མི་ཡང་ཤུགས་ཀྱིས་དར།། ཟླ་བ་ལྔ་པའི་ནང་དུ་དགྲ་བླ་གསོལ།། འཕྲག་ལྷ་དང་ཀླུང་རྟ་དར་བ་ཡིན།། ལོ་དུས་ཀྱི་དུས་སྟོན་རྣམ་བཞི་བསྟེན།། མི་ལྷ་ངོ་མཐོ་ན་འདྲེ་མགོ་ནོན།། མྱི་གཤིན་ཡུལ་འགྲོ་བའི་རོགས་དན་ལ།། ཁུངས་ཡོད་ཀྱི་ཤི་ཐབས་གང་དགོས་གྱིས།། ཚེ་ཡོལ་ན་ཞག་གསུམ་བདུན་ཚིགས་བཟུང་།། ལག་སྟོང་པ་མ་གཏོང་དགེ་རྫོགས་གྱིས།། ཤི་ཚིག་གི་ལོ་གསུམ་མ་རྫོགས་པར།། སྒོར་བཤས་སྡིག་སྐྱུར་ལ་དགེ་རྩ་གྱིས།། ཕ་མྱེས་ཀྱི་དུར་ས་མཚུན་ལྷ་མཆོད།། དོན་གལ་ཆུང་མ་བྱེད་ཚགས་རྩ་གྱིས།། རབ་བདུན་རྒྱུད་ཚུན་ཆད་མིང་བྱང་བྲི།། ལོ་རེ་བཞིན་མ་བརྗེད་བསྔོ་ཞུས་གྱིས།། མི་སུ་ཤི་གཤིན་རྫོགས་སྒོ་བཞི་ཡིན།། དོན་ཕན་ཐོགས་ཆེ་བས་སེམས་བཞག་གྱིས།། ཞེས་གསུངས། བཞི་པ་འོ་ན་མི་སྐྱ་ཕོ་མོ་ཞིག་གི་དབང་དུ་བྱས་ན་ལོ་རེ་བཞིན་བླ་མཆོད་འགའ་ཞིག་གདན་འདྲེན་ནས་རིམ་གྲོ་ཐེངས་རེ་རེ་དང་གཉིས་གསུམ་བྱས་ན་དགེ་བ་དེ་ཙམ་གྱིས་གོ་ཆོད་ནས་གཞན་གང་ཡང་བྱ་མི་དགོས་སམ་ཞེ་ན། སྤྱིར་དགེ་བ་ལ་ཆོག་མི་ཤེས་པ་མི་འདོད་ཅན་གྱིས་ནོར་དོན་དུ་གཉེར་བ་ལྟ་བུ་ཞིག་དགོས་ཞེས་གསུངས་ཡོད་རེད། ཡིན་ན་ཡང་དགེ་བ་གང་བྱས་ན་ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དགོས། དེ་འགྲོ་བ་ལ་མ་བཤད་བར་དུ་མི་གྲོལ་ཟེར་བ་ནང་བཞིན། ད་ངོ་མ་བྱས་ན་སྦྱིན་བདག་རྣམ་པས་ལོ་ལྟར་རེ་བཞིན་བླ་མཆོད་རྣམས་གདན་དྲངས་ནས་སྐུ་རིམ་དང་རབ་གནས་དབང་བསྐུར་མཛད་ཡོང་བའི་སྐབས་སུ། བླ་མཆོད་དམ་བླ་མ་དེས་ཡོན་བདག་རྣམས་ལ་དགེ་སྡིག་སྤང་བླང་སྐྱབས་འགྲོ་སེམས་བསྐྱེད་སོགས་ཚིག་ཁ་ཤས་ཞིག་གོ་བརྡ་སྤྲད། ཡོན་བདག་རྣམ་པས་དེ་མ་བརྗེད་པར་བཟུང་། རང་གི་རྒྱུན་དུ་བསམ་སྤྱོད་དང་མི་མཐུན་པ་འདུག་ན་བཅོས་བསྒྱུར་བྱས་ན་དགེ་བ་མཆོག་ཏུ་གྱུར་པ་ཞིག དེ་འགྲོ་གི་ཡོད་རེད། བོན་ལ་ཉན་བསམ་གང་ཡང་མ་བྱས་པ་རང་བཞིན་གྱི་ཕྱག་སྐོར་བཟླས་བརྗོད་སོགས་བྱས་པ་ཡིན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་རྒྱུ་རེད་དེ། ནང་དུ་རང་སེམས་ནི་སྔར་ལྟར་རེད་མ་གཏོགས་འགྱུར་བ་གང་ཡང་མི་འགྲོ་བ་མ་ཚད་ད་དུང་ང་རྒྱལ་སྐྱེ་བའི་རྒྱུར་འགྱུར་ཡང་ངེས་པ་མེད། དེས་ན་ཁོམ་སྐབས་དང་བསྟུན་ནས་བླ་མ་དགེ་བའི་བཤེས་གཉེན་མདུན་ནས་བོན་ཉན་རྒྱུ་དང་། དེང་སང་བླ་མ་དགེ་བའི་བཤེས་གཉེན་རྣམ་པས་གསུངས་པའི་ཟེར་སྡེར་དང་བྱང་བུ་སོགས་ཡང་ནས་ཡང་དུ་ཉན་ནས་ཡིད་ལ་འཇག་པར་བྱེད་དགོས། ཡིན་ནའང་འགའ་རེས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིགས་དང་འདི་ཕྱི་གང་ལ་མི་ཕན་པའི་གྲུབ་མཐའི་ཕྱོགས་རིས་དང་ཆགས་སྡང་གི་གཏམ་བཤད་པ་དེ་ཚོ་རྩ་བ་ནས་ཉན་མི་རུང་། དེ་བཞིན་དུ་ཡི་གེ་ཤེས་པ་རྣམས་ཀྱིས་དམ་པ་གོང་མའི་ལེགས་བཤད་དང་དེང་སང་གི་ཚགས་པར་དུས་དེབ་སོགས་ཡག་པོར་གཟིགས་མཛོད་དང་། ཁྱོད་ལ་འདི་ཕྱི་གང་ལའང་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་སྤྱན་གསར་པ་ཞིག་སྟེར་ངེས་ཡིན། དེས་ན་རྒྱ་ཆེན་པོ་མི་ཤེས་ཤིང་རྒྱུན་རིང་པོར་སྦྱོང་བའི་དལ་ཁོམ་མེད་ན་ཡང་། ཚིག་རེ་ཙམ་གྱི་དོན་ལས་མ་ཤེས་ཀྱང་དེ་མ་བརྗེད་པར་ཡིད་ལ་བཟུང་། ལག་ལེན་བསྟར་གང་ཐུབ་བྱས་པ་ཡིན་ན་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཡོད་དེ། རང་ཅག་བོན་འབངས་སེར་སྐྱ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་འཕྲིན་ཡིག་བདུད་རྩིའི་གཏེར་ལས། གཡུང་དྲུང་བོན་ནི་ཡིད་བཞིན་ནོར་བུ་སྟེ།། གང་འདོད་ལེན་པར་ཤེས་ན་འབྱུང་ངེས་པས།། བོན་སྤྱོད་ཕོ་མོ་རྒན་གཞོན་མ་ལུས་པས།། གཡུང་དྲུང་བོན་ལ་ཐོས་བསམ་གཙོ་བོར་མཛོད།། ཚིག་རེ་ཙམ་གྱི་དོན་རེ་མ་ཤེས་ཀྱང་།། བསོད་ནམས་བསམ་མི་ཁྱབ་པ་འཐོབ་པར་འགྱུར།། ཞེས་རང་ཅག་བོན་འབངས་སེར་སྐྱ་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་གདམས་ཡོད་རེད། དེ་ལ་དགོངས་ནས་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་ནས་རང་དགོན་ཏུ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་བཙུགས་པ་དང་། ཕྱོགས་གཞན་དུ་བཤད་སྒྲུབ་འདུས་སྡེ་བཅུ་ཕྲག་ལྷག་ཙམ་ཉམས་གསོ་བྱས་པ། བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་འགན་བཞེས་གནང་བ། ཞོར་དུ་ལྷ་སྡེ་མང་ཚོགས་རྣམས་ཀྱི་འདོད་བློ་བཞིན་དབང་སྐུར་དང་རབ་གནས་སོགས་ཕྱོགས་གང་དུ་ཕེབས་ཀྱང་བོན་འཆད་རྒྱུའི་མཛད་འཕྲིན་གཙོ་བོ་སྐྱོང་གི་ཡོད་པ་མ་ཚད། རྒྱ་ཆེའི་མི་མང་མང་ཚོགས་རྣམས་ལ་ཆེད་དམིགས་ཀྱི་སྒོ་ནས་བླ་མ་མཆོག་གི་ཞལ་གསུངས་གདམས་ངག་དེང་སང་འཕྲུལ་ཆས་ཟེར་སྡེར་བྱང་བུ་ནང་བླུགས་ནས་སྔ་ཕྱི་ལན་གྲངས་མང་པོར་འགྲེམས་སྤེལ་གནང་བ་དང་། བླ་མ་མཆོག་གི་ངོས་ནས་སྔོན་བསགས་ཀྱི་ལས་སྨོན་དང་། ད་ལྟའི་རྣམ་དཔྱོད་དེ་ཡང་ཁ་བཤད་ཙམ་དུ་མ་སོང་བར་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བ་ལ་བརྟེན་ཏེ། ཞལ་གསུངས་གདམས་ངག་ལ་བྱིན་རླབས་དང་ནུས་པ་ཆེན་པོ་ཐོན་ནས་འགྲོ་དོན་དགེ་སྐུལ་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་རེད། དེ་བཞིན་ཏུ་བླ་མ་དགེ་བཤེས་རྣམ་པས་བརྩེ་གཟིགས་གནངས་དང་གནང་བཞིན་པའི་སྐབས་འདིར། ལྷ་སྡེ་མང་ཚོགས་རྣམ་པས་མ་འོངས་པ་ཁོམས་སྐབས་དང་བསྟུན་ནས་བོན་ལ་ཉན་བསམ་བྱེད་རྒྱུ་དེ་གོམས་གཤིས་ལུགས་སྲོལ་ཆགས་ཐུབ་པར་བྱེད་རྒྱུ་དེ་གལ་ཆེ་ཤོས་ཞིག་ཆགས་ཡོད་རེད། དོན་དུ་དགེ་སྦྱོར་ལ་བརྩོན་ཞེས་པ་དེ་ནི་རང་གཤིས་ངན་པ་དེ་ཉིད་དོར་ཅི་ཐུབ་དང་བཟང་པོའམ་དགེ་སེམས་དེ་ཉིད་རང་སེམས་ལ་གནས་ཅི་ཐུབ་བྱེད་རྒྱུ་དེ་ལ་འདུས་ཡོད། ཡིན་ན་ཡང་། དང་པོ་ཚིག་མི་ཤེས། བར་དུ་དོན་མི་རྟོགས། ཐ་མ་རྒྱུད་ལ་སྨིན་དུ་མི་སྟེར་གྲོལ་ཏུ་མི་སྟེར་བ་སོགས་གེགས་དང་སྒྲིབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་དེ་དག་གི་གཉེན་པོར་ཞོར་དུ་ཕྱག་སྐོར་བཟླས་བརྗོད་གསོལ་འདེབས་མཆོད་འབུལ་བསྙེན་སྨྱུང་གི་སྡོམ་པ་བསྲུང་རྒྱུ་སྔོན་འགྲོའི་བསགས་སྦྱོང་སོགས་ལ་འབད་དགོས། དེ་དག་མྱུར་ཏུ་མ་འབད་ན་འཆི་བདག་གཤིན་རྗེ་ནམ་ཡོང་ཆ་མེད། ཅེས་ཁོ་བོ་གཙུག་རྣམ་པས་རྒྱ་ཆེ་ལྷ་སྡེ་མི་མང་མང་ཚོགས་རྣམས་ལ་རེ་འབོད་ཞུ་བའོ།། འབྱུང་ལྡན་ ༣༠༡ བོད་ཤིང་རྟའི་ལོ་ཕྱི་ལོ་ ༢༠༡༤ ལོའི། བོན་གཤེན་བསྭོ་སྒྲ་ལས་བཤུས། |