
གངས་རི་ཞོ་སར་འདྲ་དེའི་ཕར་ཕྱོགས་ན།། བྲག་རི་མཚལ་ཞུན་འདྲའི་དེའི་འགྱིང་ཁུག་ན།། གྱེར་བསྟན་རྒྱ་མཚོ་བརྔུབས་པའི་ཉེར་ལེན་གྱིས།། ཚོགས་གཉིས་ནོར་བུས་མཚན་པའི་ཟླ་གཞོན་ཞིག། གཤེན་སྡེ་སྐར་ཚོམ་བསྟར་བའི་སུམ་གླང་གི། གཡུང་དྲུང་ཁྲི་འཕང་བརྩེག་པའི་མཁའ་ནས་འཛུམ།།
གྲུབ་དབང་བླ་མའི་མཛོད་ཆེན་སྡེ་ལྔ་ཡིས།། བཅུད་ནས་བཙག་པའི་ཟབ་གདམ་ཆུ་བོའི་ཕོན།། མཁྱེན་དཔྱོད་གསེར་ནག་སྐྱོགས་ཀྱིས་ཉེར་བླངས་ཏེ།། ཐོས་འདོད་ཚ་བས་བཙེར་པའི་འགྲོ་བ་ཕལ།། བློ་ལྡོག་མན་ངག་བཞི་ཡི་ཆུ་ཐིགས་ཀྱིས།། སྐྱེ་དགུའི་སེམས་ཀྱི་མཐིལ་ཏུ་ནེམ་ཤ་ཕབས།།
འཕྲིན་ལས་སྐྱ་རེངས་གསར་པས་ཉེར་དྲངས་པའི།། གྱེར་བསྟན་ཉི་མ་འབུམ་གྱི་འོད་པོ་ཆེའི།། འཆད་རྩོད་ཟེར་ཐག་གཡུང་དྲུང་ལུ་གུ་རྒྱུད།། ཁྱུང་དཀར་བསྟན་པ་རྒྱས་པའི་གླིང་དུ་འཐེན།། འཕྲུལ་ངག་བོན་གྱི་སྣང་བ་དཀར་པོ་ཡིས།། སྒང་དྲུག་རི་བོའི་ཁོར་ཡུག་གསལ་བར་བྱས།།
དམུ་རྒྱལ་གཤེན་གྱི་མཁྱེན་དཔྱོད་མ་གྲོས་མཚོའི།། བྱིན་བརླབ་ཟིལ་ཐིགས་གླིང་འདིར་བབས་པ་ཡི།། སྒོ་བཞི་མཛོད་ལྔའི་བོན་གཞུང་ཆུ་བོའི་ཀླུངས།། སླར་ཡང་གངས་རིའི་ཞིང་འདིར་བསྐྱིལ་བ་ཡིས།། མཛད་བཟང་ཁ་འབའ་ཆུ་བོའི་འུར་རྒྱངས་ཀྱིས།། གངས་རིའི་ཞིང་ཁམས་ཤིག་ཤིག་འགུལ་བར་བྱས།།
སུམ་གླང་བྲག་དམར་རི་བོའི་འགྱིང་ཁུག་ཏུ།། མདོ་སྔགས་བཤད་སྒྲུབ་བསྟན་པའི་ཀ་ཆེན་བསླངས།། ཁྱུང་དཀར་བསྟན་པ་རྒྱས་པའི་གླིང་ཆེན་གྱི།། མདོ་སྔགས་རྩོད་གྲྭ་འུར་བའི་གད་རྒྱངས་དེ།། རི་བོ་སྒང་དྲུག་ཞིང་གི་སྒང་ཟེ་ནས།། གོ་ལའི་ཕྱོགས་མཐའ་ཀུན་ཏུ་གྲགས་པར་བྱས།།
ཁྱེད་ཀྱི་མཛད་འཕྲིན་གངྒའི་ཀླུངས་ཆེན་པོ།། ཞིབ་ཀྱིས་བརྗོད་ལ་དབྱངས་ཅན་ལྷ་ངལ་བས།། བདག་བློ་རྒྱ་ཁབ་མིག་གིས་ག་ལ་དཔོགས།། འོན་ཀྱང་དད་པའི་བློ་ཡིས་བླངས་པ་ཡི།། ཚིགས་སུ་བསྟར་བའི་ཚོམ་བུ་ཉུང་ངུ་འདི།། ལྷོ་རོང་ནགས་ཀྱི་འདབས་ནས་དད་པས་བཏེགས།། དཔོན་གསས་རྩ་བའི་བླ་མ་༧ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་སློབ་བུ་ཡོངས་ཀྱི་གྲལ་སྣེ་བ་ཁྱུང་ཐོག་རྒོད་ཀྱིས་ཀླ་གྲུབ་རི་འདབས་ནས་དད་པས་བཏེགས།།
|