འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཨ་མའི་བཀའ་དྲིན།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-05-10]  [རྩོམ་པ་པོ།:ཁྱུང་བསོད་བློ་ནས།]  [ཀློག་གྲངས།:]

སྐྱེ་བ་ཞིག་གིས་སྲིད་པའི་མངལ་སྒོ་བཟུང་།།
ལས་སྨོན་ཞིག་གིས་མ་བུའི་འབྲེལ་བ་ཆགས།།
བྱམས་བརྩེ་ཞིག་གིས་གཅེས་སྐྱོང་སྣུམ་པོའི་འོག།
ཡུམ་ཆེན་ཨ་མའི་པང་དུ་མཚར་ལོངས་བྱུང་།།

འདྲེན་བྱེད་གཟུགས་ཀྱི་ལན་ཀ་མ་དོད་ལ།།
དབང་པོ་ཚོ་ཡིས་ལོངས་སྤྱོད་མི་ནུས་པའི།།
འདོད་ཡོན་ཕྲ་རག་དབྱེ་འབྱེད་མ་ནུས་དུས།།
ཨ་མས་མཛུབ་ཁྲིད་ཟབ་མོས་གཅེས་སྐྱོང་དྲན།།

ཟླ་དགུ་ཞགས་ལ་སྡུག་གི་གཟུགས་གཞི་འདི།།
ཨ་ཕྲུག་དྲེད་པོ་ཨ་མའི་ཁོག་ཏུ་གབ།།
ཚ་གྲང་བསྲན་དུ་བཟོད་པའི་ཨ་མ་ཡིས།།
ཁ་བྱམས་ལག་བྱམས་དྲིན་གྱི་ཁ་བརྡ་དྲན།།

རྫི་གཤོག་སྨིན་མའི་ལང་ཚོ་ངོམ་མ་ཁོམ།།
ཁྲ་གཤོག་ལྡེམ་མའི་སྐེད་མྱུར་གཟོབ་མ་ཕོད།།
ཟར་བུ་སྐྲ་འཇག་བུ་ཡི་དོད་དུ་ཟད།།
སྐྱི་པགས་སེན་ཤུན་བརྗེས་པའི་ཨ་མ་དྲན།།

གོམ་ཁ་ཐད་དུ་སྤོ་བའི་ཉིན་དུས་དང་།།
འཐུག་པོ་གཉིད་དུ་ཡོལ་བའི་མཚན་དུས་ཀུན།།
བུ་ང་ལུས་ངག་སེམས་ཀྱི་དྲན་རྟེན་བྱས།།
མ་ཁྱོད་བཀའ་དྲིན་ཆེ་བ་ང་ཡིས་ཚོར།།

གཅེས་ལོ་བུ་ཡི་དོན་དུ་གཟུགས་གཞི་ཟད།།
མདུན་ལམ་སྲིད་པའི་གཞིས་སུ་སྐྲ་ལོ་དཀར།།
འཚོ་གཞིས་རྗེས་སུ་བཞག་པའི་འཁོར་ས་བཟུང་།།
ནམ་ཡང་བུ་ཡི་ཆེད་དུ་ཚེ་སྲོག་བཞེངས།།

མི་རབས་ཞིག་གི་གནས་ས་འགྲིམ་བཞིན་དུ།།
མི་ལུས་འདི་ཡི་མི་ཚེའི་མགོ་མཇུག་ལ།།
མ་ལ་ཡ་ལན་མི་སློག་དམ་བཅའ་ཡོད།།
ཡ་རབས་གུས་པའི་དྲིན་ལན་ངས་འབུལ་རྒྱུ།།

ལང་ཚོ་ཟད་པས་ཁ་སོ་ཤུགས་སུ་བུད།།
ན་སོ་ཡོལ་བས་ཡན་ལག་ཁ་ལུ་འཁོབ།།
བགྲེས་ངོ་གཉེར་མ་བརྩེགས་ནས་དབུ་དཀར་ཡང་།།
ལྷ་ངོ་གཡུང་དྲུང་སྲུང་མས་སྐྱོབས་རོགས་ཞུ།།

ཨ་མ་ཁྱོད་རང་ནད་མེད་ཚེ་རིང་པོར།།
ཨ་མ་ཁྱོད་རང་གེགས་མེད་བཀྲིས་པར།།
ཨ་མ་ཁྱོད་རང་སྡོད་ཡུན་རིང་བར་ཤོག།
བུ་དང་ཁ་བརྡ་ཡུན་རིང་ཡོད་པར་ཤོག།

༢༠༡༥/༥/༩/དགོང་མོར་/ཁྱུང་བསོད་བློ་ནས/སྐར་མ་༢༠རིང་དུ་ཤར་མར་བྲིས་ནས་མ་ཡུམ་དུས་ཆེན་ལ་ཕུལ།།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།