འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
སྐྱབས་རྗེ་ཡོངས་འཛིན་མཆོག་གི་བཀའ་ཁྲིད་དང་བརྟན་བཞུགས་སྐོར་གྱི་གནས་བསྡུས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-04-16]  [རྩོམ་པ་པོ།:ཏི་སེའི་བུ་ནས་།]  [ཀློག་གྲངས།:]

སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གིས་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་སློབ་

འཁོར་རྣམས་ལ་བཀའ་ཁྲིད་གནང་བ་དང་།  རིན་པོ་ཆེ་མཆོག་བསྟན་འགྲོའི་མགོན་དུ་

སྐུ་ཚེ་ཞབས་པད་བརྟན་པའི་ཆེད་མཎྜལ་སྐུ་གསུང་ཐུགས་རྟེན་

ཕུལ་བ་སོགས་ཀྱི་གནས་བསྡུས།

 

    ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན༸སྐྱབས་རྗེ་སྨྲ་བའི་དབང་པོ་མཆོག་ཉིད་ཧི་མ་ལ་ཡའི་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་བླ་མ་འཆི་མེད་བློ་བཟང་རིན་པོ་ཆེ་མཆོག་གཙོས་པའི་སློབ་འཁོར་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན།

 

༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་བཞིན་པ།

 

 

     སྤྱི་ལོ་༢༠༡༥།༤།༣།ཉིན་(Hyatt Regency) མགྲོན་ཁང་ཆེན་མོར་ཞབས་སོར་བཀོད་དེ། ཉིན་གསུམ་རིང་ལ་རྒྱ་ནག་སྐམ་ས་ནས་ཕེབས་པའི་དད་ལྡན་བོན་ཞུ་བ་བརྒྱ་ཕྲག་གསུམ་ལྷག་ལ་ཐེག་ཆེན་གཡུང་དྲུང་བོན་གྱི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་དང་། རྒྱུད་དག་པར་བྱ་བ་སྔོན་འགྲོའི་བོན་སྤྱོད། རྒྱུད་སྨིན་པར་བྱ་བ་དངོས་གཞིའི་ཉམས་ལེན་དང་འབྲེལ་བའི་མདོ་སྔགས་རྫོགས་པ་ཆེན་པོའི་ལྟ་བའི་འདུས་སོ། མ་བཅོས་སེམས་ཀྱི་ངོ་བོ་སྐྱོང་ཚུལ་སྐོར་ནས་བོན་ཁྲིད་ཟབ་གདམས་ཀྱི་མན་ངག་གནད་དུ་སྨིན་པ་གསུངས་ནས་དད་ལྡན་སློབ་མའི་རྒྱུད་ལ་སྨིན་གྲོལ་གྱི་བྱིན་རླབས་ཐོབ་པར་མཛད་པ་དང་། རིན་པོ་ཆེ་མཆོག་གིས་སེམས་དོན་ངོ་སྤྲོད་གནང་བའི་སྐབས་རྣམས་སུ་སྐལ་ལྡན་རིགས་ཀྱི་བུ་སློབ་རྣམས་ལ་བླ་མའི་བྱིན་རླབས་ཞུགས་པའི་རྟགས་ཁྲིད་གཞུང་ལས་གསལ་བ་ལྟར་མང་དུ་བྱུང་འདུག །བླ་མ་འཆི་མེད་བློ་བཟང་རིན་པོ་ཆེ་མཆོག་གིས་ཀྱང་དད་ལྡན་སློབ་མ་རྣམས་ལ་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་དང་འབྲེལ་བའི་དྲང་ངེས་བོན་གྱི་འཆད་ཁྲིད་གང་ཟབ་གནང་བ་མ་ཟད། སྐབས་དེར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་འཁྲུལ་འཁོར་ལག་ལེན་ཆ་ཚང་བ་ཞིག་མཆོད་འབུལ་ལམ་ཞུ་དག་གི་ཆེད་དུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་མཆོག 

 

 

    འདི་ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་བཅུ་ཕྲག་དགུ་རུ་ཕེབས་པའི་དུས་སྐབས་དང་བསྟུན་ནས། རིན་པོ་ཆེ་མཆོག་ཉིད་གསང་གསུམ་འགྱུར་མེད་གཡུང་དྲུང་ཚེ་ཡི་རིག་འཛིན་གྱི་ངོ་བོར་བཞུགས་ཤིང་། མཛད་ཕྲིན་ཉི་ཟླའི་སྣང་བ་ཕྱོགས་མེད་དུ་རྒྱས་ནས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་། ཁམས་གསུམ་འགྲོ་ལ་བདེ་སྐྱིད་འཛོམས་པ་སོགས་དགོས་པའི་སྒོ་དུ་མར་དམིགས་ཏེ། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་ཁྲི་ཟུར། ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་བླ་མ་འཆི་མེད་བློ་བཟང་ལགས་ནས་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་བརྟན་བཞུགས་མཎྜལ་འདེགས་འབུལ་ཞུས་པའི་མཛད་རིམ་ནི།

 

    ༢༠༡༥། ༤། ༦། ཉིན་དགོན་གྱི་མཁན་སློབ་རྣམ་པ་གཙོས་པའི་བསླབ་གསུམ་དགེ་འདུན་གྱི་སྡེ་དང་། ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་བོན་ཚོགས་གཙོས་པའི་ལྷ་སྡེ་མི་མང་མཉམ་འཛོམས་ཐོག ཚེ་སྒྲུབ་བྱ་རི་མའི་སྒོ་ནས་སྔོན་འགྲོའི་ཞབས་རིམ་དང་། དངོས་གཞི་མཎྜལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་ཞུས་ཏེ། འཁོར་ཚོགས་ཀུན་གྱིས་གདུང་ཤུགས་དྲག་པོའི་སྒོ་ནས་རྩ་བའི་བླ་མ་མཆོག་ཉིད་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་བ་སྨོན་ལམ་ཡང་ཡང་བཏབ། རྒྱ་རིགས་སློབ་མ་རྣམས་ཀྱིས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་དུ་དད་པའི་མཆི་མ་ཕྱུང་ནས་བླ་མའི་རྣལ་འབྱོར་དང་། སྐྱབས་འགྲོ་སོགས་དབྱངས་སུ་གྱེར་ཏེ་གཙུག་ལག་ཁང་དུ་མཉམ་རྗེས་ཀྱི་ཉམས་ལེན་བསྐྱངས་པ་དང་། ཕྱག་སྐོར་དགེ་སྦྱོར་སོགས་ལ་འབད་པ་བྱས། 

 

 

 

     དེ་ནས་འདུས་མང་དང་ལྷ་སྡེ་ཡོངས་ལ་བསྙེན་བཀུར་རྒྱས་འབུལ་ཞུས་ནས་བརྟན་བཞུགས་མཛད་སྒོ་དེ་ཉིད་དགའ་སྤྲོའི་ངང་ནས་མཇུག་གྲུབ་པའི་གནས་བསྡུས་སུ་༢༠༡༥། ༤། ༡༦ཉིན་ཏི་སེའི་བུ་ནས་སྤེལ།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།