འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཀོ་དགོན་དུ་ཐེངས་ལྔ་པའི་སྒྲུབ་ཐོན་དང་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-03-10]  [རྩོམ་པ་པོ།:ཤོ་ཁྲི་རྒྱལ།]  [ཀློག་གྲངས།:]

ཀོ་རྒྱལ་དགོན་དུ་ཐེངས་ལྔ་པའི་སྒྲུབ་ཐོན་དང་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ་ལྷན་དུ་འཚོགས་པའི་སྐོར།། 

 

    གཡུང་དྲུང་བོན་བསྟན་རིན་པོ་ཆེ་འདི་འཛམ་གླིང་ཐ་གྲུ་གང་སར་ཡང་དུ་མཆེད་བཞིན་པའི་སྐལ་བཟང་དགེ་བའི་དུས་རབས་འདིར། གནའ་དགོན་བོན་གྱི་སྒྲུབ་གནས་ཆེན་མོ་ཁྱུང་ཡུལ་ཀོ་རྒྱལ་དགོན་འདིར་འདས་པའི་ལོ་ཟླ་དུ་མའི་སྔོན་དུ་མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་མཆོག་གིས་བཤད་སྒྲུབ་བསྟན་པའི་གནས་གཞི་བཙུགས་ནས་བཟུང་དགོན་འདིའི་དབུ་བླ་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་གཆོག་དང་མཁན་སློབ་ལས་འཛིན་དག་གིས་དཀའ་སྤྱད་འབད་བརྩོན་གྱི་བཀའ་དྲིན་ལས་བསྟན་པའི་རྐང་ཚུགས་ཏེ། ད་ལན་ཐེངས་ལྔ་པའི་སྒྲུབ་ཐོན་པ་བཅུ་གཅིག་ཡོད་པ་འདི་དག་སྔར་སྲོལ་བཞིན་ལོ་བཞིའི་བཅད་རྒྱ་གྲུབ་ནས་སྤྱི་ལོ་༢༠༡༥ལོའི་ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོར་འཚོགས་ཁང་རྙིང་པ་བདེ་ལྡན་བཀོད་ལེགས་ནང་དགོན་འདིའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མཁན་རིན་པོ་ཆེ་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ་མཆོག་ནས་ཀུན་མཁྱེན་ཤར་རྫ་བའི་སྒྲུབ་གྲྭའི་ཕྱག་ལེན་བཞིན་ལོ་རིམ་དང་སྦྱར་ནས་བསགས་སྦྱང་གཏུམ་མོ་མུན་ཁྲིད་ཐོད་བརྒལ་སོགས་ཁྲིད་རིམ་དང་ཉམས་བཞེས་གནང་ཚུལ་ཞིབ་རྒྱས་གསུངས་ཤིང་འཇུག་ཏུ་མཁན་སློབ་རྣམ་པས་ཕྱག་མདུད་དང་ཕྱག་འཁྱེར་བསྩལ། ཉིན་དེར་སྒྲུབ་ཐོན་རྣམ་ཀྱིས་འབྲས་སིལ་གསོལ་ཚིགས་ཀྱི་གཏོང་སྒོ་དང་སྐུ་འགྱེད་བསྙེན་བཀུར་བླ་མེད་གནང་བའོ།། 

 

   ཕྱི་ཉིན་ཡར་ཚེས་བཅུ་གསུམ་ཉིན་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ་དབུ་བཟུང་སྟེ་ཉིན་དེར་བཀའ་རམས་པ་ཨ་ཁུ་དྲང་སྲོང་བསྟན་འཛིན་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་སྔ་དྲོར་ཆུ་ཚོད་བཅུ་པའི་སྟེང་སྔོན་འགྲོའི་བཤད་པ་དང་ཕྱི་དྲོར་ཆུ་ཚོད་གསུམ་པའི་ཐོག་བཀྲ་ཤིས་སྨོན་ལམ་གནང་ཞིང་ཉིན་དེར་འབྲས་སིལ་མར་ཁུའི་གཏོང་སྒོ་དང་སྐུ་འགྱེད་ཟབ་ཇ་བཀྲ་ཇ་སོགས་གྲྭ་སའི་ལུགས་བཞིན་གནང་། 

 

    ཕྱི་ཉིན་ཚེས་བཅུ་བཞི་ཉིན་བཀའ་རམས་པ་གར་ཙ་དྲང་སྲོང་གཙུག་གཤེན་བསྟན་འཛིན་རྒྱལ་པོ་མཆོག་ནས་སྔ་ཕྱི་དྲོའི་བཤད་པ་དང་གཏོང་སྒོ་ཟས་སྣའི་མཆོད་པ་སྐུ་འགྱེད་མང་ཇ་སོགས་སྔ་ཉིན་བཞིན་གནང་བའོ།། 

 

 

     ཚེས་བཅོ་ལྔ་ཉིན་དགེ་བཤེས་དམ་བཅའ་ཆེན་མོར་བཞུགས་གནང་ཞིང་ལུང་རིགས་ཟུང་གིས་དགག་སྒྲུབ་རྩོད་ལན་གནང་། 

 

    ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཤིས་བརྗོད་དང་དཔེ་ཚོགས་སྒོ་འབྱེད་བྱས། ཕྱི་དྲོར་བཀྲ་ཤིས་གསོལ་ཞིང་དགོན་འདིའི་དཔོན་སློབ་ཡོན་ཏན་ཕུན་ཚོགས་རིན་པོ་ཆེ་མཆོག་ནས་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་པ་བཟང་ཞེས་གསུངས་པ་དང་སྦྲག་ལྷ་རྒྱལ་ཀི་འབོད་ཀྱི་ང་རོ་ཕྱོགས་སུ་འུར་བར་བྱས། དེ་ནས་དུང་གླིང་སྤོས་བསང་གི་ཀློང་ནས་དགེ་བཤེས་རྣམ་གཉིས་རང་ཤག་ཏུ་དྲོངས་ཏེ་ཁྲི་རུ་གསོལ་ཞིང་འདུས་མང་མང་ཚོགས་ཡོངས་ནས་འཇལ་ཁ་ཞུས་གནང་བའོ།།

 

 

 

     ཕྱི་ཉིན་ཚེས་བཅུ་བདུན་ཉིན་བླ་གྲྭ་ཐུན་མོང་ལ་སླར་དགེ་བཤེས་རྣམ་གཉིས་ནས་དགའ་སྟོན་གཏང་རགས་མཆོད་པའི་ཐུགས་སྤྲོ་ཕུན་ཚོགས་བཟའ་བཏུང་གི་སྡེར་ཁ་བཤམས་ནས་ཁ་དགེ་རྟེན་འབྲེལ་གྱི་ངང་མཛད་སྒོ་འཇུག་གྲུབ་པར་གནང་བའོ།། 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།