འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་སྐོར།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-02-05]  [རྩོམ་པ་པོ།:ཏི་སེའི་བུ་ནས།]  [ཀློག་གྲངས།:]

༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་མཛད་རིམ་སྐོར།

    བལ་ཡུལ་རྒྱལ་ཡོངས་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག །གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར། བདག་ཅག་གི་སྟོན་པ་སངས་རྒྱས་༸རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་།  དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཐེངས་བཅུ་པའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པའི་རྟེན་འབྲེལ་མཛད་སྒོ་བཅས་ཀྱི་གནས་བསྡུས།

    ཧོར་ཟླ་༡༢ ཚེས་༡༥ ཉིན་ནི་བདག་ཅག་གི་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་དང་། མཛད་མདོ་འབྲིང་པོ་གཟེར་མིག་གཉིས་ཀའི་དགོངས་དོན་འཁྲུལ་མེད་ཡིན་པ་དང་། དེ་བཞིན་བོན་གྱི་མཁས་དབང་གཤེན་མཁས་ཤྲི་ལ་དྷ་ཛ་དང་། སྤྱང་སྤྲུལ་ནམ་མཁའ་ནམ་རྒྱལ་མཚན། ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ། སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སོགས་ཀྱིས་ལུང་རིགས་ཟུང་འབྲེལ་གྱི་ལམ་ནས་མཛད་མདོའི་དགོངས་པ་བཀྲལ་ཏེ་གཤེན་གྱི་འཁྲུངས་ཚེས་འཁྲུལ་མེད་གཏན་འབེབས་གནང་ཡོད་པས་འདིར་བསྐྱར་བཤད་ཞུས་མེད། འབྱུང་ལྡན་(༣༠༡)ཤིང་རྟ་ལོའི་རྒྱལ་ཟླ་བའི་ཚེས་༡༥ ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་འགྲོ་བ་གཞན་ཕན་གྱི་ཆེད་དུ་འཇིག་རྟེན་འདིར་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༼༡༨༠༣༢༽འཁོར་བའི་དུས་ཚིགས་ཁྱད་པར་ཅན་ལ་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྟོན་པའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པའི་མཛད་རིམ་ནི།

 

     ཞོགས་པ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་དུ་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་དང་།  སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་།  དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན།  སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན།  བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་དང་།  བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་ལྷན་འཛོམས་ཀྱི་ཐོག་ནས་བཀའ་རམས་པ་རྣམ་པ་དྲུག་ལ་བརྡ་སྤྲོད་ཀུན་ཤེས་ཀྱི་མཚན་རྟགས་གནང་གྲུབ་པ་དང་། 

བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་མཛད་སྒོའི་སྐབས།

    ཕྱག་ཚོད་༩ པའི་ཐོག་ལྷ་སྡེ་མི་མང་རྣམས་སེར་ཕྲེང་ཆེན་མོར་མཉམ་ཞུགས་གནང་། དེ་རྗེས་བལ་ཡུལ་རྒྱལ་ཁོངས་སུ་ཆགས་པའི་བོན་གྱི་དགོན་སྡེ་དང་། སློབ་གྲྭ་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། ས་གནས་ཀྱི་མི་མང་དང་སྐུ་མགྲོན་ལྷན་རྒྱས་མཛད་སྒོའི་ཚོམ་ཆེན་ལ་མཉམ་དུ་འཛོམས་ནས། འོམ་ལོ་བ་ཨཅརྱ་བསྟན་འཛིན་དབང་ཕྱུག་ནས་མཛད་རིམ་སྙན་སྒྲོན་ཞུས་རྗེས། སྟོན་པའི་རྒྱལ་པོ་གསུང་བཞིན་གདན་ཞུས་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་བསྒྲོན་ཏེ་མཛད་སྒོ་དབུ་འབྱེད་གནང་། དེ་ནས་བལ་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་རྣ་ར་བྷ་དུར་མཆོག་གིས་སྟོན་པའི་དུས་ཆེན་དང་བོན་གྱི་སྐོར་ལ་གསུང་བཤད་གནང་བ་དང་། དེ་རྗེས་ཆེས་མཐོའི་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་བལ་སྐད་ཐོག་སྟོན་པའི་མཛད་རྣམ་ངོ་སྤྲོད་གནང་།

    དེ་ནས་བཀུར་འོས་སྐུ་མགྲོན་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྐྱངས་བ་དང། མཐའ་མཇུག་ཏུ་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་རིན་པོ་ཆེ་ནས་བཀའ་སློབ་ལམ་སྟོན་གནད་སྨིན་བསྩལ་གྲུབ་རྗེས་སྟོན་པའི་སྐུ་བརྙན་རིན་པོ་ཆེ་ལ་མཇལ་དར་ཕུལ།  དགོང་མོ་ཕྱག་ཚོད་༨ཐོག་མཁན་སློབ་དགེ་བའི་བཤེས་གཉེན་དང་།  འདུས་མང་ཡོངས་ཀྱིས་བླ་མ་མཆོད་པ་གསུངས་ནས་གཤེན་རབ་མཆོད་རྔ་བརྡུངས།  དེ་ནས་ལྷ་སྡེ་མི་མང་དང་འདུས་ཚོགས་ཡོངས་ཀྱིས་གཙུག་ལག་ཁང་ལ་སྐོར་བ་རྒྱག་བཞིན་སྟོན་པའི་རྒྱལ་པོ་དབྱངས་སུ་གྱེར།  དགོན་པའི་ཁོར་ཡུག་ཀུན་ལ་སྣང་གསལ་འོད་ཀྱི་སྒྲོན་མེ་དང་མཆོད་གློག་སྤར་ནས།  དགའ་ལྡན་ལྷ་ཡི་ཞིང་ཁམས་ལྟར་གསལ་ལ་དང་བ་འདྲེན་པར་བྱས་ཏེ་མཛད་སྒོ་མཇུག་བསྡུས་སོ། ། 

འོད་མཆོད།

  ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དགོས་པ་སྐབས་བསྟུན་གྱི་སྒྲུབ་གྲྭའི་བཅའ་གཞི་གཏན་འབེབས་མཛད་པ་བཞིན། ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་རྫོགས་ཆེན་བླ་མེད་སྡེ་བཞིའི་གཞུང་ལུགས་གཙོས་པའིམདོ་སྔགས་བོན་གྱི་རྒྱ་མཚོ་ལ་དཔེ་ལྟ་དང་དཔེ་ཁྲིད་ལུས་སྦྱོང་དང་བློ་སྦྱོང་སྐོར་ནས་ཉམས་ལེན་ཚུལ་མཐུན་གནང་ཏེ་ལོ་གྲངས་གི་བཅད་མཚམས་རྫོགས་པའི་སྐབས་སུ་འདུས་སྡེའི་དབུས་ནས་ཆེ་འདོན་དང་མཚན་རྟགས་གནང་བའི་ལུགས་སྲོལ་ཡོད་པ་ལྟར།

སྒྲུབ་ཐོན་པ།

    འདི་ལོར་མདོ་ལུགས་དཔྱིད་ཟླ་ར་བ་དང་རྒྱལ་ཟླ་བའི་ཚེས་བཅོ་ལྔ། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་ཆེན་མོའི་སྐབས་དང་བསྟུན། ཁྱུང་པོ་དྲང་སྲོང་ཡེ་ཤེས་མཆོག་སྒྲུབ་རྒྱལ་མཚན་དང་། གཉན་དགེ་དྲང་སྲོང་འཆི་མེད་ཡེ་ཤེས་ལྷུན་གྲུབ་རྣམ་གཉིས་ཀྱིས་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པའི་མཚན་རྟགས་བཞེས་ནས་འདུས་སྡེ་རིན་པོ་ཆེ་ལ་མང་ཇ་དང་འབྲས་སིལ་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་རྗེས།  སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་མི་ཚེ་དོན་ཡོད་དང་།  སྒྲུབ་པ་ཉམས་ལེན་མུ་མཐུད་ནས་བསྐྱང་དགོས་པའི་སྐོར་སོགས་ཀྱི་བཀའ་སློབ་གནད་སྨིན་བསྩལ།

   འདུས་སྡེ་རྣམ་པས་ཡི་རངས་དང་ཐུགས་སྨོན་གང་ཟབ་ཀྱི་སྐྱབས་འཇུག་གནང་བ་དང་འབྲེལ། བླ་སྤྲུལ་དགེ་བཤེས་གྲྭ་མང་དང་དད་ལྡན་ལྷ་སྡེ་ཡོངས་ཀྱིས་མཇལ་ཁ་ཞུས་ཏེ་རྟེན་འབྲེལ་གྱི་ལྷ་དར་དང་མཐུན་འགྱུར་ཕན་ཐོག་བཅས་པ་ཕུལ་ནས། དགེ་སྦྱོར་ཉམས་ལེན་མཐའ་རུ་ཕྱིན་པ་དང་། གཞན་ལ་ཕན་བདེ་སྒྲུབ་ནུས་པའི་རེ་སྨོན་གྱི་ཁ་གཡང་འབོད་བཞིན་སྐལ་བཟང་གི་མཛད་སྒོ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་མཇུག་གྲུབ་པའི་གནས་བསྡུས་སུ་ཏི་སེའི་བུ་ནས་སྤེལ། 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།