འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེ་ཆར་གྱི་མཛད་རིམ་གནས་བསྡུས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2015-01-25]  [རྩོམ་པ་པོ།:ཏི་སེའི་བུ་ནས།]  [ཀློག་གྲངས།:]

 

༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག

 

 

    འདི་ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་དཔོན་གསས་བླ་མ་ ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པ་ཕེབས་པའི་དུས་དང་བསྟུན་ཏེ།  རིན་པོ་ཆེ་མཆོག་ཉིད་སླར་ཡང་རང་ཅག་ཀུན་གྱི་མགོན་དུ་གསང་གསུམ་གེགས་མེད་གཡུང་དྲུང་གི་ཁམས་སུ་བརྟན་པ་དང་།  ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་ཅིང་།  མཛད་འཕྲིན་དར་རྒྱས་ཡོང་བའི་ཆེད་སོགས་དགོས་པ་དུ་མར་དམིགས་ནས།གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་ཆེན་མོ་༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་རྟེན་འབྲེལ་མཛད་སྒོ་ཚུགས་པའི་གནས་བསྡུས་ནི།  ཞང་ཞུང་ལོ་སར་རམ་རྒྱལ་ཟླ་བའི་ཚེས་གཅིག་གི་ཞོགས་པ་ཕྱག་ཚོད་བདུན་པའི་ཐོག་༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་།   དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ།   སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ།  དེ་བཞིན་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག  བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རྣམ་པ་དབུ་བཞུགས་ཐོག་འདུས་མང་འཚོགས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཞལ་འབྱེད་གནང་། ཚེ་སྒྲུབ་དང་།  བར་ཆོད་ལམ་སེལ་བཅས་གསུངས་ནས་ཚོགས་གྲོལ།  ཕྱག་ཚོད་བརྒྱད་པའི་ཐོག་གྲྭ་ཚང་དང་ལྷ་སྡེ་མི་མང་མཉམ་འཛོམས་ཐོག་དགོན་པའི་ཁོར་ཡུག་ལ་གཙང་སྦྲ་དང་རྟེན་འབྲེལ་ཤིང་ལ་དམོད་བཙུགས་ཞེས་པལྟར།  གཡུང་དྲུང་བོན་མི་འགྱུར་བའི་བརྡ་དང་།  རིན་པོ་ཆེ་མཆོག་གི་གསང་གསུམ་འགྱུར་མེད་ཚེ་ཡི་རིག་འཛིན་གྱི་ངོ་བོར་བཞུགས་པའི་རྟེན་འབྲེལ་དུ།  དུས་བཞིར་རང་མདངས་འགྱུར་བ་མེད་པའི་བླ་ཤིང་ཤུག་པའི་སྡོང་པོ་བརྒྱ་ཕྲག་དུ་མ་དང་།  མེ་ཏོག་སོགས་འདེབས་འཛུག་བྱས་མཐར།  སྐྱ་སེར་ཡོངས་ཀྱིས་བླ་བྲང་གི་མཐའ་བསྐོར་ནས་སྨོན་ལམ་བསྟན་འབར་མ་དང་།  ཡོངས་འཛིན་མཆོག་གི་གསོལ་འདེབས་ལྷ་རྒྱལ་བཅས་གདུང་ཤུགས་དྲག་པོས་དབྱངས་སུ་གྱེར་ནས་ཕྱེ་མར་མཆོད།

 

   ཚེས་གསུམ་ཉིན་ཡོལ་མོ་གངས་ཀྱི་རི་རྒྱུད་༼རྒྱལ་གཤེན་པོར་༽ཞེས་པའི་ས་གནས་སུ་བཞུགས་གུར་ཕུབ་ནས་བསང་གསོལ་གཏོང་རྒྱུ་གྲ་སྒྲིག་བྱས་ཏེ།  ཕྱག་ཚོད་དགུ་པའི་ཐོག་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་སློབ་རྣམ་པ་གདན་འདྲེན་ཞུས་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དང་།   དེ་བཞིན་གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་སློབ་རྣམ་པ་དང་། ཕྱྭ་ཀེང་རྩེའི་སློབ་གྲྭའི་དགེ་སློབ་རྣམ་པ།  ཏ་པི་ཧྲི་ཙའི་སློབ་གྲྭའི་དགེ་སློབ་རྣམས་དང་།  གློ་དོལ་གཙོས་པའི་བལ་ཡུལ་ས་གནས་ཁག་གི་བོན་འབངས་ལྷ་སྡེ་དང་།   ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་སྦྱིན་བཅས་མི་མང་སྟོང་ཕྲག་ཙམ་ལྷན་དུ་འཛོམས་ཏེ།  ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་མཁན་སློབ་དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་འདུས་སྡེ་ཡོངས་ཀྱིས་སྐོང་གསོལ་ཕྲིན་བཅོལ་རྒྱས་པ་གསུངས་ནས་ལྷ་བསང་གི་མཆོད་སྤྲིན་རྒྱ་ཆེན་པོ་ཕུལ་ཞིང་།  ཚེ་སྒྲུབ།  བྱམས་མ།  བར་ཆོད་ལམ་སེལ་གྱི་ཀླུང་རྟ་མཁའ་ལ་བཀྱེས་པ་དང་།

    དར་ལྕོག་དར་ཚོན་སྣ་ལྔ་ཅན་ཕྱོགས་མཚམས་ཀུན་ཏུ་འཐེན་ནས་དར་གདུགས་ཕུབ།  དེ་ནས་ཕྱག་ཚོད་བཅུ་གཅིག་ཐོག་གསོལ་ཇ་བཞེས་རྗེས་༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་གསོལ་འདེབས་དང་།  བསྟན་རྒྱས་སྨོན་ལམ།  ལྷ་རྒྱལ་བཅས་དབྱངས་སུ་གྱེས་ཞིང་ཀི་བསྭོའི་སྒྲ་དང་བཅས་ཏེ་ཕྱེ་མར་མཆོད་པ་བཅས་གྲུབ་རྗེས།  ས་གནས་མི་མང་རྣམས་ཀྱིས་གནའ་དེང་གི་ཞབས་བྲོ་དང་གཞས་སྣ་ཕུན་སུམ་ཚོགས་པ་གཟིགས་འབུལ་ཞུས་ནས་ཉིན་དེའི་མཛད་རིམ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཏི་སེའི་བུ་ནས་བྲིས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 2 ཡོད།
སྤེལ་མཁན། སྤྲིན་པ་ནས།  IP:སྤེལ་དུས། :2015-01-25 23:43:00
༸སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་འཛིན་མི་ཡི་སེང་གེ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།
སྤེལ་མཁན། དོལ་ཕྲུག  IP:སྤེལ་དུས། :2015-01-26 09:02:43
རང་ཅག་བོན་འབངས་ཀུན་གྱི་རེ་བའི་སྙིང་ནི་སྐྱབས་རྗེ་མཆོག་ཁོ་ན་ཡིན་པས་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་འདེབས་སོ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།