ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་ལྔ་རིག་བཤད་སྒྲུབ་སློབ་གླིང་གི་སྤྱི་ལོ། ༢༠༡༤ ལོའི་ལོ་འཁོར་བགྲོ་གླེང་ཆེན་མོ་ཇི་ལྟར་འཚོགས་པའི་སྐོར། 
འདིར་ཐོག་མར་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་ལྔ་རིག་བཤད་སྒྲུབ་སློབ་གླིང་དུ་རྩ་བའི་བགྲོ་གླེང་གང་དང་གང་ཞིག་འཚོགས་བཞིན་ཡོད་པའི་སྐོར་ཞིག་མ་གླེང་ན་རྩ་བ་བོར་ནས་ཡལ་གར་འཇུས་པའི་དཔེ་བཞིན་མི་ཡོང་ངམ་སྙམ་སོང་། དེས་ན་འདིར་ཐོག་མར་གླེང་རྒྱུ་ནི། གོན་འདིར་བགྲོ་གླེང་ཐོག་མར་ཚུགས་པ། དེ་ཡང་སྤྱི་ལོ་ ༢༠༡༡ལོ་ནས་རྩ་བའི་དགོས་ཆེད་གཉིས་ཏེ། གཅིག་ནས་བཤད་སྒྲུབ་སློབ་གཉེར་བའི་རྩ་པའི་སྦྱང་བྱའི་ཁྲིད་ཚན་ནང་དུ་མ་ཚུད་པའི་ལོ་རྒྱུས་སྐོར་དང་། སྤྱི་ཚོགས་ནང་གི་ཤེས་བྱ་གཞན་པ་ལ་རྒྱུས་ལོན་ཅུང་ཙམ་འབྱུང་ཆེད་དང་། གཉིས་ནས་སློབ་གཉེར་བ་རྣམ་པར་བོན་གྱི་འཁོར་ལོ་གསུམ་གྱི་ཡ་གྱལ་འཆད་པ་བོན་གྱི་འཁོར་ལོ་བསྐོར་བ་ལ་ཐོགས་པ་མེད་པའི་མགྲིན་རྩལ་རྒྱས་པའི་ཆེད་དུ་བདུན་ཕྲག་བགྲོ་གླེང་བཙུགས་ནས་ད་བར་རྒྱུན་སྐྱོང་གནང་བཞིན་པ་ཡིན་ཞེས་པ་དེའི་འཕྲོར། ཆེད་དུ་གླེང་བྱ་ལོ་འཁོར་བགྲོ་གླེང་ཆེན་མོ། ༢༠༡༤ ལོའི་དབྱར་ངོར་སྐྱབས་རྗེ་དཔོན་གསས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་དང་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་རྣམ་པ་དང་དབུ་འཛིན་ལྷན་རྒྱས་དེ་བཞིན་བཤད་སྒྲུབ་གཉིས་ཀྱི་འཛིན་གྲྭ་རྒན་གྲས་ཕལ་ཆེར་གདན་འཛོམས་ནས། དགོན་འདི་གའི་བཤད་སྒྲུབ་སློབ་གཉེར་ལ་ཡར་རྒྱས་ཇི་ལྟར་གཏོང་ཕྱོགས་ཀྱི་སྐོར་ནས་བཀའ་བགྲོས་ཟབ་རྒྱས་མཛད་པའི་སྐབས་སུ། ༧ སྐྱབས་རྗེ་དཔོན་གསས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་འདི་བཞིན་ལོ་འཁོར་བགྲོ་གླེང་ཆེན་མོ་འཚོགས་དགོས་པའི་སྐོར་ནས་གཏན་འབེབས་དང་ལམ་སྟོན་གནང་བྱུང་བར་བརྟེན། འདི་གའི་བཤད་སྒྲུབ་སློབ་གླིང་ནས་ཆེད་དུ་བགྲོ་གླེང་གོ་སྒྲིག་ཚན་ཆུང་བཙུགས་ནས། གོ་སྒྲིག་ཞུས་པ་དང་། བགྲོ་གླེང་འདིའི་དགོས་ཆེད་དམ། དམིགས་ཡུལ་ནི། གོང་ཞུས་ཀྱི་དགོས་དམིགས་གཞིར་བཟུང་ཐོག མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྒོ་ནས་རིག་གནས་ཀྱི་སྤེལ་ཚད་མཐོ་རུ་གཏོང་བའི་དགོངས་བཞེད་ལྷུར་ལེན་བྱས་པ་ཏེ། ༢༠༡༤ལོའི་ཟླ་༡༡ཚེས་༢༥ཉིན་དགོན་འདིའི་མཁན་སློབ་རྣམ་པ་དང་། དགེ་བཤེས་རྣམ་པ་དབུ་བཞུགས་འོག་ཕུན་ཚོགས་གསས་ཁང་ཆེན་མོའི་ནང་དུ་ཉིན་གུང་དུས་ཚོད་དང་པོའི་ཐོག་ནས་འདི་ལོའི་ལོ་འཁོར་བགྲོ་གླེང་ཆེན་མོ་དངོས་སུ་དབུ་བཙུག་གནང་བ་རེད། ཐོག་མར་མཛད་སྒོའི་འབྲེལ་མཐུད་པས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བཅས་མཚམས་སྦྱོར་ཞུས་པ་དང་སྦྲག འདུས་པ་རྒྱ་མཚོ་ནས་སྨྲ་སེང་བསྟོད་པ་དབྱངས་སུ་གྱེར་མཚམས། ༧ བཤད་སྒྲུབ་མཁན་རིན་པོ་ཆེ་ངེས་པ་དོན་གྱི་བཤེས་གཉེན་འཕགས་མཆོགས་སེམས་དཔའ་མཆོག་ནས་བགྲོ་གླེང་ཆེན་མོར་ཤིས་ཚིག་བཀའ་དྲིན་བསྩལ། 
དེ་མཚམས་འབྲེལ་མཐུད་པས། བགྲོ་གླེང་ཆེན་མོ་འདིའི་དགོས་པ་རྒྱུ་མཚན་ཀྱི་ངོ་སྤྲོད་མདོ་ཙམ་ཞུས་པ་དང་། བགྲོ་གླེང་ཆེན་མོ་ཇི་ལྟར་འཚོགས་དགོས་ཚུལ་གྱི་གསལ་བཤད་སྤེལ་བ་ནས། རིམ་བཞིན་བགྲོ་གླེང་མཁན་རྣམ་པ་རེ་རེ་བཞིན་མཚམས་སྦྱོར་དང་འབྲེལ་བགྲོ་གླེང་མཐར་གྱིས་གནང་བ་སྟེ། 
དགེ་བཤེས་སྐལ་བཟང་དྲི་མེད་མཆོག་ནས། <<བདག་ཅག་སྟོན་པའི་མཛད་རྣམ་སྐོར་ཞིག>> 
དགེ་བཤེས་བསྟན་འཛིན་དགེ་ལེགས་ནས། <<གཏེར་མའི་སྐོར།>> 
དགེ་བཤེས་བློ་གྲོས་རབ་གསལ་ནས། <<ང་ཚོའི་གྲུབ་མཐའ་འདི་ནམ་ཡང་འཇིག་རྟེན་དང་ཁ་བྲལ་མི་རུང་།>>
དགེ་བཤེས་སྦྱིན་པ་གཙུག་ཕུད་ནས། <<རང་འགན་མ་ལོན་པའི་ང་།>> 
དགེ་བཤེས་གཡུང་དྲུང་འཕྲིན་ལས་ནས། <<གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གཉེར་བའི་བསམ་བློའི་འཁྱེར་སོ།>> 
མཁན་པོ་བསྟན་འཛིན་རྣམ་དག་ནས། <<ཐུན་མིན་གྱི་འབོད་སྐུལ།>>
དགེ་བཤེས་མཁན་པོ་རྣམ་པས་བགྲོ་གླེང་གནང་ཟིན་ནས། སློབ་གཉེར་བ་འཛིན་གྲྭ་རྒན་གྲས་སྐོར་ཞིག་ནས་བགྲོ་གླེང་རིམ་པས་གནང་བ་སྟེ། 
རྫོགས་ཆེན་འཛིན་གྲྭའི་རྣམ་དག་དོན་ལྡན་ནས། <<ཁྲ་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་ལོ་རྒྱུས་མདོར་བསྡུས།>>

རྫོགས་ཆེན་འཛིན་གྲྭའི་ཚུལ་ཁྲིམས་གཡུང་དྲུང་ནས། <<གདུང་སྲེག་ཡི་གེ་འཁོར་ལོ་གསོན་དོོན་ལ་འཐད་མིན་སྐོར།>> 
སྔགས་འཛིན་གྲྭའི་བསྟན་འཛིན་ཡེ་ཤེས་ནས། <<སྐྱབས་འགྲོའི་སྐོར།>> 
སྔགས་འཛིན་གྲྭའི་ཤེས་རབ་དྲི་མེད་ནས། <<བོན་གྱི་དཔེ་དཀོན་དཔེ་རྙིང་སྐོར།>>

སྔགས་འཛིན་གྲྭའི་བསོད་ནམས་བློ་གྲོས་ནས། <<མཐུན་འབྲེལ་སྐོར>>
སོགས་རིམ་བཞིན་བགྲོ་ཞིང་གླེང་བ་ལ་སྐབས་བབ་ཀྱི་དྲི་བ་དང་དྲིས་ལན་ཡང་བྱས་པ་རེད། མཐར་ཕྱི་དྲོའི་དུས་ཚོད་བཞི་པའི་ཐོག་ནས་འབྲེལ་མཐུད་པས་བགྲོ་གླེང་མཇུག་བསྡུའི་སྐད་ཆ་ཐུགས་རྗེ་ཆེ་ཞུ་སོགས་བཤད་ནས་འདུས་མང་བྱིངས་ནས་བསྟན་རྒྱས་སྨོན་ལམ་གྱིས་བགྲོ་གླེང་ཆེན་མོ་རྒྱལ་ཁའི་ངང་མཇུག་གྲུབ་པ་བཅས། གུས་པ་འཕྲུལ་ཡིག་ནས། /30/11/2014
|