འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
སྲིད་པ་བོན་གྱི་ཆེ་བ་བརྗོད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-11-24]  [རྩོམ་པ་པོ།:རིག་པའི་ཁུ་བྱུག]  [ཀློག་གྲངས།:]

 

 འོད་གསལ་ལྷ་ལས་ཆད་ཀྱང་རུང་།།
འཕྲག་དོགས་ལས་ཀྱིས་གྲོལ་ཀྱང་རུང་།།
གོང་ལྟར་མི་བུ་གོ་ཆོད་འདི།།
ཅི་བྱེད་དབང་ཆ་རང་ལག་ཡོད།།

སྔོན་གྱི་སྐལ་པ་དང་པོ་ཞེས།།
དང་པོ་ཡིན་རུང་མ་ཡིན་རུང་།།
བོན་དཔེ་གླེགས་ཧྲུལ་དུ་མ་ནས།།
གསལ་ཀྱང་ཚེ་ལོ་བརྒྱ་པའི་དུས།།

རྣམ་མཁྱེན་སྟོན་པའི་བཀའ་གཞུང་ཞེས།།
མཁས་དབང་ཉི་མས་གསལ་ཁ་བཏོད།།
གཞུང་ལ་སྔ་ཕྱི་བརྟག་པས་ན།།
སྟོང་དང་བརྒྱ་ཡི་བཀའ་འདུག་སྙམ།།

རྟོག་གེ་བ་ལ་ཡིད་ཆེས་ཕྱིར།།
མཚན་གཞི་ཙམ་ཡང་འཇོག་དགོས་ན།།
རམ་རོལ་འབུམ་དང་ཚེ་མདོ་གཟུངས།།
དུས་གསུམ་སྟོན་པའི་བཀའ་གཞུང་ཡིན།།

དེ་ལ་སྒྲོ་སྐུར་མང་མོད་ཀྱང་།།
མགོ་མཇུག་ཚིག་ལ་མི་བརྟག་ནས།།
གཞུང་གི་བབ་ལ་དཔྱད་པས་ན།།
དཔྱད་རིན་ཆོག་པ་འདུག་གོ་སྙམ།།

ཚེ་ལོ་བརྒྱ་དུས་རྩོད་ལྡན་དུས།།
སྟོང་གི་བཀའ་གཞུང་ཐ་དག་ཀུན།།
དུང་ཕྱིས་བཞིན་དུ་འགྲོ་ཟེར་ཡང་།།
ལྷག་པའི་དངོས་པོ་བརྟག་ན་མང་།།

ད་ནི་གོང་ལྟར་ཡིན་ཀྱང་རུང་།།
སེམས་ཅན་ཕན་བདེའི་གཞི་ཡིན་ཕྱིར།།
ཐམས་ཅད་བདེ་བ་འདོད་སྙམ་པར།།
སྙམ་བཞིན་སྟོན་པ་བཀའ་གཞུང་འདི།།

ལྷ་དབང་ལག་གི་ནོར་བུ་དང་།།
ཀླུ་དབང་གཙུག་གི་ནོར་བུ་སྟེ།།
སེམས་ཅན་བདེ་སྐྱིད་བསྐྲུན་ཐབས་གཞུང་།།
འདི་ལྷག་སྲིད་ན་བཙལ་ཀྱང་མིན།།

གྲུབ་མཐའི་ཕྱོགས་ལྷུང་ཟེར་ན་ཆོག།
བན་བོན་ཆགས་སྡང་ཟེར་ན་ཆོག 
གཏམ་དང་མི་ཁ་འུར་བའི་དུས།།
ཡིན་ཡང་བརྟག་ན་ངེས་ཤེས་རྙེད།།

གཡུང་དྲུང་བོན་དང་ཉི་ཟླ་ལ།།
ཆགས་སྡང་ཕྱོགས་རིས་མིང་ཡང་མེད།།
སེམས་ཅན་གྱ་གྱུའི་བློ་མང་བས།།
ཆགས་སྡང་ཕྱོགས་རིས་རྟག་ཏུ་རྩོད།།


བོན་འདི་བཀྲ་གསལ་པད་མ་སྟེ།།
སྒྲོ་སྐུར་འདམས་རྫབ་ཆེས་མང་ཡང་།།
རང་མདངས་མི་འགྱུར་གཡུང་དྲུང་སྟེ།།
སེར་པོ་གསེར་གྱི་ཁ་དོག་བཞིན།།

བོན་འདི་བསྐལ་པའི་མེ་དཔུང་སྟེ།།
ཉེས་སྒྲིབ་ཕྲ་རགས་ཚང་ཚིང་ནགས།།
ཐུལ་གྱིས་འཚིགས་ཤིང་ཡེ་ཤེས་མེ།།
ནུབ་མེད་སྲིད་པའི་མཐའ་རུའང་འབར།།


བོན་འདི་གསོས་ཀྱི་ཆུ་བོ་སྟེ།།
རིགས་དྲུག་སེམས་ཅན་སྐོམ་གདུང་ལ།།
གང་དགོས་བོན་གྱི་ཆུ་སྦྱིན་གྱིས།།
ཉེས་ལྟུང་བཀྲུ་ཞིང་སེམས་ཅན་གསོ།།

བོན་འདི་ཡེ་ཤེས་བདེ་རླུང་སྟེ།།
སྡུག་བསྔལ་དྲག་པོས་གདུང་བའི་འགྲོས།།
སྤྱད་ན་ཞི་བདེའི་དབུགས་འབྱིན་ཞིང་།།
ཐར་པ་བདེ་བའི་སྐམ་སར་འདེགས།།

ཆབ་ནག་སྲིད་པ་རྒྱུད་ཀྱི་སྒོ།།
འཇིག་རྟེན་ཕན་བདེ་བསྐྱེད་པའི་ཕྱིར།།
ཕྱྭ་སྣང་འཕྲུལ་སྲིད་གཞུང་བཞིན་དུ།།
སྤྱད་ན་སྣོད་བཅུད་ཁ་ཡོ་སྙོམས།།

འཕན་ཡུལ་འབུམ་གྱི་བོན་སྒོ་བཞིན།།
དོན་དམ་ཟབ་མོའི་བདེན་པ་དང་།།
ཕྲ་ཞིབ་ཀུན་རྫོབ་དགེ་སྤྱོད་ཀྱིས།།
ཟུང་འབྲེལ་སྤྱོད་པས་འབྲས་བུར་བསྙེགས།།

ཆབ་དཀར་དྲག་པོ་སྔགས་ཀྱི་བོན།།
རིམ་གཉིས་བསྐྱེད་རྫོགས་ཟབ་མོའི་དོན།།
ཚུལ་བཞིན་བསྙེན་སྒྲུབ་ཉམས་བླངས་པས།།
མི་འགྱངས་མི་ལུས་ལྷ་རུ་འགྱུར།།

དཔོན་གསས་མན་ངག་བོན་སྒོ་བཞིན།།
མ་བརྩལ་ལྷུན་གྲུབ་ཡེ་ཉིད་དོན།།
ཡིད་ཆེས་ཐག་ཆོད་དོན་བསྒོམ་ན།།
ཚེ་གཅིག་སྐུ་གསུམ་རྒྱལ་ས་ཟིན།།

སྤྱི་རྒྱུག་མཛོད་ཀྱི་བོན་སྒོའི་དོན།།
མ་རྨོངས་ཝ་ལེར་ཤེས་གྱུར་ན།།
ཕྱི་ནང་སྣོད་བཅུད་འཁོར་འདས་བོན།།
མཁྱེན་པའི་ཡེ་ཤེས་མྱུར་དུ་ཐོབ།།

དེ་ལྟའི་གཡུང་དྲུང་བོན་གྱི་མཛོད།།
ཕ་དང་མེས་པོས་བཞག་པའི་ནོར།།
བུ་ཡིས་ལོངས་སུ་སྤྱོད་ནུས་ན།།
མི་རིང་ཕ་ཤུལ་བུ་ཡིས་ཟིན།།

སེམས་ཅན་གང་ལ་གང་འདུལ་དུ།།
གསུངས་པའི་བོན་སྒོ་སྣ་རེ་ཡིས།།
སེམས་ཅན་སྡུག་བསྔལ་སྣ་རེ་སེལ།།
དེས་ན་ཉམས་སུ་ཅིས་མི་ལེན།།

དེ་ལྟའི་གནད་དོན་ཡོངས་མཐོང་བའི།།
རྩ་བླ་འོད་ཟེར་སྦྱིན་པ་ཡིས།།
ཡོད་རྒུ་བོན་ཕྱོགས་གཏོང་བའི་འབྲས།།
ད་རེས་ཁྱུང་ཡུལ་མཐིལ་དུ་ཤར།།

སྒོ་བཞི་མཛོད་ལྔའི་བོན་སྡེ་འདི།།
སེམས་ཅན་བདེ་སྐྱིད་བསྐྲུན་པའི་ཐབས།།
མི་གཞི་བཟང་པོ་བསྐྲུན་པའི་རྒྱུ།།
ས་བོན་བཟང་སྐྱེད་བོན་འདི་ཡིན།།

མིས་བཟོས་ཁོལ་བུ་ཆུང་བསྐལ་གྱིས།།
བསྣུབས་ཀྱང་བསྣུབས་ཀྱང་དར་བ་འདི།།
བདེན་པ་བོན་གྱི་མཐུ་རྟགས་ཡིན།།
ད་དུང་ཡང་ཡང་དར་བར་ཤོག།

བདེན་པ་བོན་གྱི་ནུས་མཐུ་ཡིས།།
བཟོད་དཀའ་ཐམས་ཅད་འཇོམས་པར་ཤོག།
ཉོན་མོངས་དགྲ་ཚོགས་བརླག་པར་ཤོག།
ཅི་བསམ་ཐམས་ཅད་འགྲུབ་པར་ཤོག།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།