༼པ་ཏ་པོ་ལི༽ཞེས་པའི་དུས་དེབ་འདོན་ཐེངས་དང་པོ་སྟེ།དཀའ་ཚེགས་ཀྱི་ལ་མོ་
ཐོལ་གྱིས་བརྒལ་ཞིང་འབད་བརྩོན་གྱི་ལོ་ཟླ་རིག་པས་བསུས་ནས་དངོས་སུ་
སྤྱི་ཚོགས་ཐོག་ཏུ་སླེབས་ཐུབ་པ་བྱུང་ལ་མི་རིང་བར་ཁྱུང་ཡུལ་གཙོས་པའི་ས་ཕྱོགས་
སོ་སོར་དགྲམ་རྒྱུ་ཡིན།ཟུར་ཞུ་ཞིག་ལ་གྲོགས་པོ་གང་མང་ཞིག་གིས་རྩོམ་ཡིག་གི་
སྦྱིན་པ་གང་མང་ཞིག་གནངས་བྱུང་བས་ཁྱེད་རྣམ་པ་ཐུགས་རྗེ་ཆེ།
ལོ་དེབ་ཀྱི་སྒྲིག་གཞི་དང་ཤོག་གྲངས་ལའང་ཚོད་འཛིན་དགོས་ཕྱིར་རྩོམ་ཡིག་
མང་པོ་ཞིག་འགོད་ཐབས་བྲལ་ལ་བཀོད་ཟིན་པའི་རྩོམ་འགའ་ལ་བཅད་བཏུབ་
མི་ཉུང་བ་ཞིག་བྱེད་དགོས་བྱུང་བས་དགོངས་པ་མ་འཚོམ་ཟེར་ནས་ཞུ་དགོས་བྱུང་།
རྗེས་སོར་ཡང་དེ་བཞིན་ལོ་དེབ་ཀྱི་ཁ་ཕྱོགས་ནི་རྒྱུན་ཤེས་གཙོས་པའི་རྩོམ་ཡིག་
གང་མང་ཞིག་བསྩལ་རོགས་ཞུ་བ་ཡིན། འདི་ནི་ང་ཚོ་ཁོམ་དྲགས་ནས་ཅི་བྱེད་
མ་རྙེད་ནས་ཁ་རྩེད་ལག་རྩེད་བརྩེས་པ་མིན་ལ། དཔལ་འབྱོར་འབེལ་དྲགས་ནས་
རྒྱུ་རྩེད་བརྩེས་པའང་དེ་བས་མིན། འདི་ནི་ང་ཚོས་ཤ་རུས་པའི་གཏིང་གི་སྐད་ཆ་
དག་རེ་རེ་བཞིན་རྔུལ་ཆུ་དང་ལྷན་དུ་ཕྱིར་ཕྱུང་ནས། བསམ་གཞིག་གི་སྣེ་མོ་
སྨྱུ་གུ་ལ་བཏག་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས། རྒྱུན་ཤེས་དང་
བསླབ་བྱ་བླང་དོར་གྱི་གལ་གནད་སོགས་རེ་རེ་བཞིན་དུ་མཛུབ་གུས་རི་སྟོན་གྱིས་
ཁྱེད་ཚོ་ལ་ཕན་སེམས་དང་། ཕ་མྱེས་ཀྱིས་སྤྲད་པའི་རང་ཡུལ་དྲོན་མོ་འདིར་
ལྷག་བསམ་གྱི་ལེགས་སྐྱེས་ཤིག་དང་རང་ཉིད་ཀྱིས་སྦྲང་དཀར་རྩམ་པ་ཟོས་པའི་
ཟས་རིན་གྱི་དོད་པོ་ཡང་ཡིན། ང་ཚོས་ང་ཚོ་ལ་ཡིད་ཆེས་ཡོད་ལ་སྤོབས་པ་ཡང་།
མུ་མཐུད་ནས་རྩོམ་རིག་གི་གླིང་ཀ་ནས་མི་སྐད་རྒྱག་བཞིན་མདུན་དུ་གོམ་པ་
རེ་རེ་བྱེད་ནས་འགྲོ་འཆར་ཡོད་པས་ཁྱེད་ཚོས་གསན་འཇུག་མ་ལོག་དང་
མུ་ནས་མུ་རུ་ཡོད་ཨ།