|
ལུང་ཁུགས་ཀྱི་འབྲོག་མོ། |
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2014-08-26] [རྩོམ་པ་པོ།:ཁྱུང་ཁྲི་ལྡེ།] [ཀློག་གྲངས།:]
|
|
ཕ་ས་སྨུག་པོ་ཡི་རི་ཁུགས་ཤིག་ན།། ཞོལ་ཆེན་གཡག་ཕོ་ཡི་རྩིད་གུར་ཕུབ་ནས།། ལྷ་འབྲི་བཞོན་མ་ཡི་འོ་ཞོ་འཐུང་བའི།། མྱེས་པོའི་རྒྱུད་འཛིན་གྱི་ལུང་ཁུགས་འབྲོག་མོ།།
དེང་རབས་ཕོ་གསར་ཚོས་ལྟ་ཉན་མ་འདོད།། ན་གཞོན་ཀླད་སྟོང་ཚོས་བཀུར་ཉན་མ་འདོད།། དྲི་ནག་སོར་དགུ་ཡི་མར་ཞབས་དེ་ན།། རྟུག་དྲི་ཚུབས་སེ་རུ་ལུས་པའི་འབྲོག་མོ།།
ཡར་མེད་མར་མེད་ཀྱི་ན་གཞོན་ཁྲ་ཁྲ།། ཕར་མེད་ཚུར་མེད་ཀྱི་རྟོག་སད་སྐྱ་སྐྱ།། ལྷ་མིན་འདྲེ་མིན་གྱི་མགོ་ཟླུམ་སེར་སེར།། རྩྭ་མིན་ཤིང་མིན་གྱི་ཕོ་ཧྲེང་དེ་ཚོས།།
རིག་གནས་མི་ཤེས་གདའ་ཟེར་ནས་བརྙས་གི། གཙང་སྦྲ་མ་བྱས་གདའ་ཟེར་ནས་འཕྱ་གི། སློབ་གྲྭ་མ་སོང་སིག་ཟེར་ནས་སྡིག་གི། གླེན་ལྐུགས་བྱོལ་སོང་རེད་ཟེར་ནས་ཁྲེལ་གི།
སྐད་རིགས་མ་ཤེས་གདའ་ཟེར་ན་ལོས་བདེན།། གཙང་སྦྲ་མ་བྱས་སིག་ཟེར་ན་ལོས་འགྲིག། རྟོག་སད་ཡིན་མདོག་ཚོ་བརྒྱ་ལས་ལྷག་པའི།། བོད་པའི་བླ་སྲོག་དེ་འབྲོག་མོས་བཟུང་ཡོད།།
རྩྭ་ས་གང་བཟང་དུ་སྦྲ་གུར་ཕུབ་ནས།། སྤང་ཁ་གར་བདེ་རུ་སྐྱག་ཐོ་བཙུགས་ཏེ།། ཨ་མྱེ་ཡོངས་མྱེ་ཡི་གནའ་ཤུལ་འཚོལ་བའི།། ལུང་ཁུགས་འབྲོག་མོ་ནི་བོད་ཀྱི་ས་བདག།
སྦྲ་ནག་གྲུ་བཞི་ཡི་ཁུགས་མའི་ནང་དུ།། རྡོ་ནག་ཟུར་གསུམ་གྱི་སྒྱེ་པུ་བཙུགས་ཏེ།། ནོར་ནག་འབྲི་མོ་ཡི་འོ་དཀར་སྐོལ་བའི།། ལུག་ཁུགས་འབྲོག་མོ་ནི་བོད་ཀྱི་སྲོལ་འཛིན།།
རྫས་སྦྱོར་འདག་རྫས་ཀྱིས་གདོང་པ་མ་ཁྲུས།། དཀར་མར་ཚོན་རྩི་ཡིས་བཞིན་རས་མ་ཚོན།། རང་བྱུང་ལྷན་སྐྱེས་ཀྱི་དཀྱེལ་གཟུགས་རྫོགས་པའི།། ལུང་ཁུགས་འབྲོག་མོ་ནི་མཛེས་མའི་ཡང་རྩེ།།
ཕོ་རྐུབ་དོད་ཚད་ལ་ལུས་འབྲེལ་མ་བྱས།། ནད་ངན་ཨེ་ཙི་ཡིས་ཕུང་ཁམས་མ་ལྷད།། ལུས་གཙང་སེམས་གཙང་གི་བོད་མོ་སྙོམས་ཆུང་།། ལུང་ཁུགས་འབྲོག་མོ་ནི་གཙང་མ་མཐར་ཐུག།
དེང་རབས་བྱུག་རྫས་ལ་སྐྱབས་བཅོལ་མ་ཞུས།། རང་བྱུང་ལྷན་སྐྱེས་ཀྱི་འབྲོག་དྲི་ཚ་མོས།། རྒྱ་མདོའི་ཕོ་ཤི་ཚོ་སྣ་རྩ་གཅོད་པའི།། ལུང་ཁུགས་འབྲོག་མོ་ནི་སྤོས་རི་ངད་ལྡན།།
ཐ་མ་སྣ་ཐ་ཡིས་རྩ་ཕྲན་མ་སྐམ།། ཆང་དང་ཨ་རག་གིས་བློ་མཆིན་མ་ཚིག། དོན་ལྔ་སྣོད་དྲུག་ཀུན་སྲུང་སྐྱོབ་བྱེད་མཁན།། ལུང་ཁུགས་འབྲོག་མོ་ནི་སྨན་པ་ཕུལ་བྱུང་།།
྄རྒྱ་བོད་དབྱིན་གསུམ་གྱི་སྐུ་མགྲོན་ཡོངས་ལ།། བོད་སྐད་མ་གཏོགས་པའི་ཚིག་གཅིག་མི་བཤད།། བསྲེས་སྐད་དྲི་ངན་གྱི་ས་བོན་མེད་པའི།། ལུང་ཁུགས་འབྲོག་མོ་ནི་སྐད་ཀྱི་སྲོག་འཛིན།།
ཆེས་མཐོའི་སློབ་གླིང་ནས་རྒན་ཡོལ་ཞུས་ཤིང་།། དབེན་པའི་རི་ཁུགས་སུ་སྐུ་མཚམས་བཞུགས་པའི།། སྦྲ་གུར་སྒ་ཆ་ཡི་ཐ་སྙད་འཛིན་མཁན།། ལུང་ཁུགས་འབྲོག་མོ་ནི་ཚིག་མཛོད་རྙིང་པ།།
ཟིལ་ཆུང་འབྲི་མོ་དེ་ལྷས་ལ་སྐོར་ཞིང་།། བཞོ་དབྱངས་སྙན་མོ་དེ་ངག་ནས་ལེན་བཞིན།། མར་ཐུད་ཆུར་གསུམ་ཡི་ཐོན་སྐྱེད་བསྐྲུན་པའི།། ལུང་ཁུགས་འབྲོག་མོ་ནི་བཟོ་པའི་ཡང་རྩེ།།
དགུན་གསུམ་ལྷག་རླུང་གི་འཁྱག་རོམ་ཁྲོད་དུ།། ལྷུ་ཚིགས་ཡན་ལག་ཀུན་ཤ་འཁེངས་གྱུར་ཡང་།། ད་དུང་ལྷས་འདབ་ཀྱི་རྙི་འཁེངས་འཐུ་བའི།། ལུང་ཁུགས་འབྲོག་མོ་ནི་བཟོད་ཐུབ་རྒྱལ་པོ།།
སྐྱ་ཆད་སྔོ་རྡུགས་ཀྱི་དཔྱིད་ནག་མ་ལ།། འབྲི་ངན་ཡར་ངན་ཚོ་ཉལ་འོག་ལྷུང་དུས།། ལྷག་སེམས་རྣམ་དག་གིས་ཞབས་ཕྱི་ཞུ་མཁན།། ལུང་ཁུགས་འབྲོག་མོ་ནི་བྱང་ཆུབ་སེམས་དཔའ།།
དབྱར་གསུམ་དྲག་ཆར་གྱིས་བཞི་རྡུང་བྱེད་དུས།། ཐུས་མ་ནུ་བྱེ་མ་མི་ཐུབ་བཞིན་དུ།། ལྷས་རའི་འདམ་དོང་ནང་ཚ་འཕགས་རྡུང་བའི།། ལུང་ཁུགས་འབྲོག་མོ་ནི་མོ་རྒོད་ངར་མ།།
སྟོན་གསུམ་ཁྱུ་གཡག་གིས་ཤེ་སྦྱོར་བྱེད་དུས།། འབྲི་རྒོད་རྔ་མ་དེ་བཀྱག་རོགས་བྱེད་ནས།། དུས་འགྲོའི་བརྩེ་དུང་ལ་ཕྱག་རོགས་ཞུ་མཁན།། ལུང་ཁུགས་འབྲོག་མོ་ནི་སྙིང་རྗེའི་རང་གཟུགས།།
རྟ་ནོར་ལུག་གསུམ་གྱི་ཚེ་སྲོག་ཆེད་དུ།། མཚན་མོ་སྒོ་ཁྱི་ཡི་སྐད་ལ་ཉན་ནས།། འཕར་སྤྱང་དྲེད་གསུམ་ལ་ཁ་གཏད་བཅའ་མཁན།། ལུང་ཁུགས་འབྲོག་མོ་ནི་ལྷ་སྲུང་དངོས་བྱོན།།
དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་སྐྱིན་པོ།། ཡོ་ཆས་སྐད་སྦུག་གིས་རེམ་འདེག་མེད་ཐོག། ཐད་ཀར་མགྲིན་སྦུབས་ནས་དབྱངས་སུ་འགུག་པའི།། ལུང་ཁུགས་འབྲོག་མོ་ནི་སྙན་ངག་བྱེད་པོ།།
ཡར་གྱི་དཔོན་པོ་ལ་ངོས་དགའ་མི་ལབ།། མར་གྱི་སྤྲང་གོག་ལ་བརྙས་བཅོས་མི་བྱེད།། རང་གཤིས་དྲང་མོ་ཡིས་མདུན་བསྐྱོད་བྱེད་པའི།། ལུང་ཁུགས་འབྲོག་མོ་ནི་དྲང་སྲོང་ཚད་ལྡན།།
ཕ་མ་རྒན་འཁོགས་ཚོ་གོང་དུ་བཀུར་ཞིང།། ཁྲེལ་གཞུང་དམ་ཚིག་གཉིས་སེམས་ལ་ཉར་ནས།། ལས་དང་རྒྱུ་འབྲས་ལ་ཡིད་ཆེས་ཆེ་བའི།། ལུང་ཁུགས་འབྲོག་མོ་ནི་བོད་ཀྱི་ཀ་བ།།
ལུང་ཁུགས་འབྲོག་མོ་ཡི་ལས་དབང་རེ་ལ།། ཁ་བ་གངས་ཅན་པའི་ཚེ་སྲོག་འབྲེལ་ཡོད།། ལུང་ཁུགས་འབྲོག་མོ་ཡི་ཕུག་བསམ་རེ་ལ། ཁ་བ་གངས་ཅན་པའི་རྣམ་ཤེས་འཁྲིལ་ཡོད།།
ལུང་ཁུགས་འབྲོག་མོ་ཡི་དྲི་ནག་རེ་ལ།། ཡ་ཐོག་ཨ་མྱེ་ཚོའི་བྱིན་རླབས་ཐིམ་ཡོད།། ལུང་ཁུགས་འབྲོག་མོ་ཡི་གླུ་སྐད་རེ་ལ།། མེས་པོའི་ལོ་རྒྱུས་ཀྱི་གསང་བ་གནས་ཡོད།།
ཁ་བ་གངས་ཅན་པའི་སྐད་ཡིག་ངོ་མ།། ལུང་ཁུགས་འབྲོག་མོ་ཡི་ངག་ལ་ལུས་ཡོད།། ཁ་བ་གངས་ཅན་པའི་གོམས་གཤིས་ངོ་མ།། ལུང་ཁུགས་འབྲོག་མོ་ཡི་ལུས་ལ་གནས་ཡོད།།
གནམ་གྲུ་ཞོན་མཁན་ཚོས་འབྲོག་མོ་མ་འཕྱ།། རྟ་ཕོ་གཏོང་མཁན་ཚོས་འབྲོག་མོ་མ་ཁྲེལ། དེང་རབས་ཟེར་མཁན་ཚོས་འབྲོག་མོ་མ་བརྙས།། འབྲོག་མོ་གཙང་མ་ནི་བོད་པའི་རྒྱན་རེད།།
འབྲོག་མོའི་སྐུ་ཚེ་ནི་ཆུ་ལས་རིང་དགོས།། འབྲོག་མོའི་ཞབས་པད་ནི་བྲག་ལས་བརྟན་དགོས།། འབྲོག་མོའི་ཀླུང་རྟ་ནི་དགུང་ལས་མཐོ་དགོས།། འབྲོག་མོའི་དབང་ཐང་ནི་རྟག་ཏུ་དར་དགོས།།
|
དཔྱད་མཆན།བསྡོམས་པས་དཔྱད་མཆན་ 3 ཡོད།
སྤེལ་མཁན། བློ་གྲོས་མཁྱེན་རབ། IP:སྤེལ་དུས། :2014-08-27 16:24:57
ཧ་ཅང་ཡག་པོ་འདུག།
སྤེལ་མཁན། ང་བོ་ཅན། IP:སྤེལ་དུས། :2014-09-01 18:46:33
ཨམ་སྐད་དང་གྲོང་སྐད་མང་བ་ལ།ཡུལ་སྐད་དུ་བཤད་ན་ཅི་རྫོ་ཕག་གཏམ་དུ་གྱུར་འདུག
སྤེལ་མཁན། གངས་སྲས་ཀྱིས IP:སྤེལ་དུས། :2014-09-04 18:29:58
སྙན་རྩོམ་གཅིག་པུ་མ་ཡིན་པ་དཔྱད་རྩོམ་སྤེལ་ན་ཡག་པོ་འདུག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།