དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
རང་རེའི་ངོ་བོ་བཀླགས་པའི་ཚོར་སྣང་།
[རྩོམ་ཁུངས།:]   [ཟླ་ཚེས།:2014-08-26]  [རྩོམ་པ་པོ།:རིག་པའི་ཁུ་བྱུག]  [ཀློག་གྲངས།:]

ཤ་དང་རུས་པའི་གསེང་ནས་ཐོན་པའི་རང་རེའི་ངོ་བོ་བཀླགས་པའི་ཚོར་སྣང་།

 

མཐོ་སྒང་འཛམ་གླིང་འཛིན་མའི་རྩེ་ཏོག་ན།།
རྔུལ་རྫ་སྒང་སྟོད་བོན་གཤེན་དར་ས་ན།།
བོད་སོགས་དམག་འཁྲུག་གནོན་ཤུགས་ཟིལ་ཆེ་ཡང་།།
ད་དུང་བོན་གཤེན་བསྭོ་སྒྲ་སྒྲོག་འདི་སྐྱིད།།

ང་ནི་ཆུང་ཆུང་བྱིས་པ་ཡིན་དུས་ན།།
ཕ་མ་མ་གཏོགས་མི་ངོ་མི་ཤེས་ཤིང་།།
རང་ཁྱིམ་མ་གཏོགས་སྒོ་ཐིམ་མ་བརྒལ་བས།།
ང་ཡི་ཤེས་ཚད་དེ་ཡང་དེ་དང་མཚུངས།།

ད་ནི་ལོ་ཚོད་ནམ་ཟླ་གང་འཚམས་སླེབས།།
དགྲ་ཟུན་སུ་ཡིན་ངོ་སོ་ཕྲན་ཙམ་ཤེས།།
རང་རེའི་ངོ་བོ་གྲུབ་ཆ་ཅི་ཡིན་དཔོག།
བཟང་ངན་གནས་ཚུལ་གང་འཚམས་བློ་ཡིས་གཞལ།།

མི་ཡུལ་འགྲིམས་ནས་ལོ་ངོ་གང་འཚམས་སོང་།།
ཐོས་བསམ་བྱས་ནས་ལོ་ངོ་གང་འཚམས་སོང་།།
ཁྲ་ཁྲ་ཟིང་ཟིང་གང་ལ་གང་འཚམས་མཐོང་།།
མཐོང་ཡང་ང་ནི་གནའ་མིའི་གཏམ་ལ་དགའ།།

དེ་རིང་ཕ་ཡུལ་གངས་ཅན་བོད་པ་འགའི།།
བཅོས་མིན་འཚོ་བའི་སྣང་བརྙན་མངོན་པའི་ཚེ།།
ང་ནི་རྒན་རབས་གྲལ་དུ་སྡོད་སྣང་ཤར།།
ཤ་མར་ཐུད་ཀྱི་བྲོ་མངར་ཞིམ་སྣང་ཤར།།

འཛམ་གླིང་ཚན་རྩལ་མེ་ལྕེ་འབར་དུས་འདིར།།
མེ་ལྕེ་ཨ་སྔོན་དགུང་ལ་རེག་དུས་འདིར།།
སྲོལ་རྒྱུན་གསར་རྙིང་འདྲེས་འཁྲུག་ནུབ་དུས་འདིར།།
སྒང་པ་ང་ཚོ་གཡང་ལ་ཟག་ཉེན་གདའ།།

ཡིན་ཡང་འཛམ་གླིང་གོ་ལ་སྲུང་སྐྱོབ་དང་།།
ཤེས་ལྡན་རྒད་པོས་རང་རེའི་མདུན་རྒྱབ་ལམ།།
མྱོང་བས་སྟོན་ཀྱང་གོ་མེད་ཚོར་མེད་ངང་།།
སྡོད་པའི་དུས་ཚོད་ཨེ་རེད་དཔྱོད་དང་གསལ།།

ད་ཐེངས་སྦྲ་ཆེན་ཧོར་གྱི་རྒན་པོ་འདིས།།
སྤྱིར་ཡང་མེས་པོའི་ལོ་རྒྱུས་ཡིན་ཚུལ་དང་།།
སྒོས་སུ་རང་རེའི་ཡུལ་སྲོལ་བཟང་པོ་སོགས།།
མ་ནོར་སྟོན་པས་སྙིང་ནས་སྤྲོ་བ་འཕེལ།།

ལྷག་པར་དེང་རབས་བུ་དང་བུ་མོ་ཚོས།།
ཡ་མ་ཟུང་གི་སྤྱོད་པ་རིང་དོར་ནས།།
རང་རེའི་སྲོལ་བཟང་ཆོས་དང་འཇིག་རྟེན་གང་།།
མཐུན་པའི་སྲོལ་བཟང་སྐྱོང་ཞེས་འབོད་པར་ཐོས།།

སྤྱི་ཚོགས་གསར་རྙིང་ཐོག་གི་ཉམས་མྱོང་དང་།།
དེང་དུས་དངོས་མཐོང་གནས་ཚུལ་ཟུང་སྦྲེལ་བའི།།
བཀའ་སློབ་ཟབ་མོས་མདུན་ལམ་སྟོན་པ་འདི།།
ཁོ་བོར་མཚོན་ན་གསེར་སྲང་སྟོང་ལས་དགའ།།

སྤྱི་ཚོགས་ཉམས་མྱོང་ཅན་གྱི་རྒན་རབས་ཚོ།།
རང་རེའི་ངོ་བོ་སྟོན་པའི་བླ་མ་དང་།།
མ་འོངས་མདུན་ལམ་སྟོན་པའི་དགེ་རྒན་ལས།།
ལྷག་ཙམ་ཨེ་འདུག་སོ་སོས་དཔྱོད་དང་གསལ།།

ལོ་རྒྱུས་གསར་རྙིང་སྟོན་པའི་དེབ་ཐེར་ལས།།
ཁ་གསལ་གོ་བདེར་སྟོན་པའི་རྒན་རབས་ངག།
ཁོ་བོས་ཡང་ནས་ཡང་དུ་ཉན་སྙིང་འདོད།།
ཡིན་ཡང་ཡུལ་དང་དུས་ཀྱིས་བསྐལ་པས་སོ།།

དེང་དུས་འཛམ་གླིང་སྐྱིད་སྡུག་མཉམ་མྱོང་དུས།།
སོ་སོའི་ཡུལ་སྲོལ་སོ་སོས་མ་འཛིན་ན།།
སོ་སོའི་ངོ་བོ་བོར་བརླག་སོོང་རྗེས་སུ།།
སོ་སོ་མི་ཡི་གྲལ་ནས་བུད་ཉེན་གདའ།།

འཛམ་གླིང་རྒྱལ་ཁབ་སུ་དང་སུ་ཡིན་ཡང་།།
སོ་སོའི་ཡུལ་སྲོལ་གོམས་གཤིས་སྐྱོང་བ་ལ།།
འགོག་པར་མི་སྲིད་པ་དེ་ཅིའི་ཕྱིར་ན།།
རྒྱལ་ཁབ་རང་གི་གྲུབ་ཆ་ཡིན་པས་སོ།།

ང་ནི་ཕན་མེད་གནོད་མེད་མི་གཅིག་ཏེ།།
ཕན་པའི་སྟོབས་དང་ནུས་པ་ང་ལ་མེད།།
གནོད་པའི་ཁ་གཏད་གཅོག་ནུས་ང་ལ་མེད།།
འོན་ཀྱང་འདི་ནི་རང་གི་ཚོར་བ་ཡིན།།

ལྷག་པར་འོད་ལྡིར་འདི་ཡི་གཙོ་སྒྲུབ་པ།།
དངོས་སུ་བརྙན་གཟུགས་ལེན་མཁན་དཀའ་ཐུབ་པ།།
ཕུགས་ནས་ཀུན་སློང་གཏོང་མཁན་གཞུང་ཞབས་གང་།

གང་ཡིན་སྙིང་ནས་དགའ་བསུ་ཡིད་རང་ཞུ།།


འདི་བཞིན་རང་རེའི་ལོ་རྒྱུས་སྲུང་སྐྱོབ་དང་།།
བུ་རབས་ཚ་རྒྱུད་ཚོ་ལ་སྙིང་གཏམ་གང་།།

ཤ་ཚའི་གཏམ་གྱིས་གསུངས་མཁན་རྒན་རབས་ངག།
གང་སར་འགྲིམས་སྤེལ་བྱེད་པའི་རེ་འབོད་ཞུ།།


༢༠༡༤  ་༨  ་༢༤  ཉིན་ཕྱི་དྲོར་བྲིས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། སུམ་པའི་མེ་གཤོག  IP:སྤེལ་དུས། :2014-08-27 12:04:16
“ཤ་ཚ་བའི་གཏམ་ལ་སྙན་མོ་མེད་„ཅེས་པ་བཞིན།གཏམ་འདི་ཚོ་དེང་སང་ཡར་ཚར་གྱི་གཞོན་སྐྱེས་ཡིན་ཟེར་མཁན་ཚོར་སྙན་མོ་ཞིག་གཏན་ནས་ཡིན་གྱི་མ་རེད།ཡིན་ཡང་རང་ཉིད་ཕ་མེས་ཀྱི་འཚེར་ཤུལ་དེ་ནས་སེམས་རྣལ་དུ་ཕབས་ན་ད་གཟོད་ཁྱོད་ལ་མྱོང་ཚོར་ཞིག་གཏན་གཏན་ཡོང་ངེས་པས་ཕྱིར་ལྟས་བྱོས་ཤིག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།