ཚང་ཚིང་གཡུ་ལྗང་སྔོན་པོའི་ལྡིང་ཁང་ནས།། ཕ་ནོར་གཡག་རྒོད་རོག་པོས་རྩྭ་ཆུ་རོལ།། གད་ལ་རྭ་རྩེད་བསྒྱུར་བའི་ངར་ལྷབ་དེ།། དུས་བཞི་དབྱར་གྱི་རྒྱལ་མོའི་གཞུང་དུ་སྒྲོག། དཀར་ཞོ་རྒྱ་མཚོ་འཁྱིལ་བའི་སྦྲ་ནག་ནང་།། དཀར་གསུམ་ཟས་ཀྱི་ཞལ་གསོའི་ཕྱེ་མར་དཔུང་།། གཡང་ཆེན་ལྷ་འབྲི་དཀར་མོ་ངུར་རྒྱང་དེ།། ཐང་ཆེན་ལྷས་ར་གྲུ་བཞིའི་འདབས་ནས་འཐེན།། རྫ་དཀར་སྤང་ཁྲོད་འགྲིམས་པའི་ཡངས་སྟེང་དགུང་།། དཀར་འཇམ་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དེ།། མདངས་མཛེས་ལུག་གུའི་མེ་ཏོག་ཆ་རུ་སྡེབ།། རྩྭ་ལྗང་སླས་རའི་འདབས་སུ་འདུར་རྒྱུག་དིར།། སྤྱི་མཐུན་འགྲོ་ཀུན་སྲིད་པའི་ཤུལ་ལམ་བརྒྱུད།། བརྩེ་ལྡན་མ་ལོའི་པང་དུ་སྦུབ་རྒྱ་རལ།། ན་ཆུང་སོ་སྒོ་མཛེས་པའི་བེའུ་ཆུང་ཚོ།། རྔ་རྩིད་ཐག་ཁྲའི་གདང་དུ་ཕྲེང་བར་མཛེས།། བཅུད་ལྡན་ཕུད་གཙང་ཤ་མར་ཐུད་སྣུམ་གྱི།། འཕྲོད་རྟེན་གཙང་བའི་ཕ་ཟས་གྲུང་མ་དེ།། གདོང་ཆེན་དབུ་ནག་རྒད་པོ་སྤུན་གསུམ་གྱིས།། གངས་ཁྲོད་གཡུ་རལ་སྔོན་མོའི་འདབས་སུ་རོལ།། ༢༠༡༤-༧-༣༠-ཁྱུང་བསོད་བློ་ནས།
|