སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
མཐོ་སྒང་གི་ཁྱི་འཁྱམས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-08-17]  [རྩོམ་པ་པོ།:ཀུན་ཁྱབ།]  [ཀློག་གྲངས།:]

ཉིན་ཟུག་མཚན་ཟུག་གི་འབ་སྒྲ་གཟན་པོས།།
རྣ་བའི་གསང་སྦུག་ལ་ཟུག་ངུ་སྟེར་ཞིང་།།
ཁོ་ར་ཁོར་ཡུག་གི་ལྷིང་འཇགས་དཀྲོག་པའི།།
ཁྱི་རྐུན་འཁྱམས་པོ་འདི་མེད་ས་མི་འདུག།    

ཁྱི་ཐོང་རེ་རེ་ཡིས་ཟུག་སྐད་འབྱིན་ཚེ།།
ཁྱི་ཡན་འཁྱམས་པོ་རྣམས་སྣང་བ་འུར་ནས།།
གཅིག་འགྲོགས་གཉིས་འགྲོགས་ཀྱི་ཨ་གསར་ཚ་བོས།།

ལ་རྒྱུག་ལུང་རྒྱུག་གི་སྟོང་འཁྱམས་བརྒྱབ་སོང།།  

རྒྱུ་མེད་སྤྲང་པོ་ཡི་སྤྲང་ཉམས་མཐོང་དུས།།
གཡས་འཇུ་གཡོན་འཐེན་གྱི་ཁྱི་རུབ་བུང་བུང་།།  
རྒྱུ་ཡོད་ཕྱུག་པོ་ཡི་ཕྱུག་ཉམས་མཐོང་དུས།།
ཁ་ལྡག་སྣ་ལྡག་གི་འདྲིས་ཡོག་ལིང་ལིང་།།

འཚར་ས་ལང་ས་ནི་རྒྱ་གྲོང་སྲང་ལམ།།
རྒྱུག་ས་འགྲོ་ས་ནི་རི་ཐང་བར་གསུམ།།
སྡོད་ས་ཉལ་ས་ནི་མི་གཙང་གླིང་ཁྲོད།།
རེ་ས་ལྟོས་ས་ནི་ཟོས་འཕྲོ་འཐུང་ལྷག།།

ཁྱི་ལུས་བླངས་པ་ནི་འདྲ་འདྲ་ཡིན་ཡང་།།
ཁྱི་ལྟོ་ཁམ་གང་གི་གསོལ་རས་དཀོན་ལ།།
ཁྱི་རྔ་སྒོ་བཙིར་གྱི་བརྙས་བཅོས་མང་བའི།།
ཁྱི་རྐུན་འཁྱམས་པོ་ནི་ཁྱི་ཡི་ཐ་མ།།

རྒྱ་སྒོ་དོད་ཚད་ཀྱི་སྒོ་འགྲམ་ཉུལ་ནས།།
རུས་དུམ་ཆུང་ཆུང་གི་ཐོབ་ཤོར་ཆེད་དུ།།
ཞེ་སེམས་འགྲས་འགྲས་ལ་ཁྱི་འཛིང་གཏུག་བཞིན།།
འཕྲོག་རེས་རྨུག་རེས་ཀྱིས་འཚོ་བ་སྐྱེལ་དགོས།།

ཡོས་བུ་ཟླ་ངོ་རུ་བརྩེ་བའི་ཤེ་སྦྱོར།།
ལུག་གི་ཟླ་བ་ལ་ཁྱི་མ་ཚང་རོ།།
བྲང་འོག་ཁྱི་ཕྲུག་གིས་ལུས་ཟུངས་བཞིབས་རྗེས།།
ཉམ་ཐག་ནུས་ཟད་ཀྱི་ཀེང་རུས་གཟུགས་བརྙན།།

གར་གླང་འབྲོང་གཡག་ལས་གཏུམ་དྲག་ཆེ་བའི།།
རྩལ་ཆེན་སེང་གེ་ཡི་ཚ་བོར་གྲཊ་ཀྱང་།།
ཁ་ལྕེ་སུ་ཚ་ཡིས་སྐད་སྡིགས་བྱེད་ས།།
ལག་རྩལ་སུ་ཆེ་ཡིས་རྡོ་རྡུང་བྱེད་ས།།

སྡེར་མོ་ཟད་ཟད་བར་ལ་ལུང་འགྲིམས་ཤིང་།།
འགྲམ་རུས་འཐོར་འཐོར་ལ་རུས་གོང་མུར་ནས།།
ཉིན་མཚན་ལྟོས་མེད་དུ་འབ་ཟུག་བྱས་ཀྱང་།།
ཡ་ལན་སྟེར་མཁན་ནི་སུ་ཞིག་མེད་དོ།།

བགྲེས་པོའི་འབེལ་གཏམ་དེབ་ཕྲེང་བཅུ་བཞི་པ་ལས་དྲངས།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།