སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
འཇིག་སྐྲག་གི་ཁོར་ཡུག་འདི་ཇི་ལྟར་གྱུར་པ་ཡིན།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-08-04]  [རྩོམ་པ་པོ།:སུམ་པའི་མེ་གཤོག]  [ཀློག་གྲངས།:]

དང་པོ་སྔོན་ཚེའི་བསྐལ་པ་འཇིག་ཤུལ་དུ།།
སྟོང་སང་ཞིག་ཏུ་གྱུར་པའི་ནམ་མཁའ་ན།།
འབྱུང་བ་བཞི་ཡི་རྡུལ་ཕྲན་ཁྲ་ཁྲོལ་དུ།།
འཐོར་བ་འཇིག་རྟེན་ཁྱེད་ཀྱི་ས་བོན་ལྷག།

དེ་རྣམས་སྤྱི་མཐུན་ལས་དང་སྨོན་ལམ་གྱིས།།
གཅིག་ལ་གཅིག་འདུས་གཅིག་ལ་གཅིག་ཐིམ་ནས།།
ཕྲ་བ་རགས་པར་འགྱུར་བའི་གནས་ལུགས་ཀྱིས།།
ཀུན་གྱི་རྟེན་གཞིར་ཆགས་པའི་མ་ཡུམ་ལགས།།

རྡོག་འོག་མནན་པའི་ས་འདི་ཁྱེད་ཀྱི་ཤ།
འཐུང་ཆུར་བཞུར་བའི་རྒྱུན་འདི་ཁྱེད་ཀྱི་ཁྲག།
ཀུན་བསྐྱེད་བརླན་གཤེར་འདི་ཡང་ཁྱེད་ཀྱི་དྲོད།།
མཁའ་ལ་རྒྱུ་བའི་རླུང་འདི་ཁྱེད་ཀྱི་དབུགས།།

སྲ་འཐས་བྲག་རྡོ་ཁྱེད་ཀྱི་རུས་པའི་རྐང་།།
གཟེང་པའི་ནགས་ཀླུང་ཁྱེད་ཀྱི་བ་སྤུའི་གྲངས།།
སྦས་པའི་གཏེར་ཁ་ཁྱེད་ཀྱི་དོན་སྣོད་བཅས།།
འཇིག་རྟེན་ཁྱེད་ནི་དེ་ལྟར་ལུས་སུ་བླང་།།

སྐྱེ་འགྲོ་ཀུན་ལ་འཚོ་བའི་ཟས་གོས་གནས།།
ཕངས་མེད་སྦྱིན་འདི་ཁྱེད་ཀྱི་བྱམས་བརྩེ་ཡིན།།
ད་དུང་བསྐལ་པ་དུས་ཀྱིས་མ་ཞིག་བར།།
ང་ཚོ་སྐྱོང་བ་ཁྱེད་ཀྱི་ལྷག་བསམ་ཡིན།།

མི་དང་དུད་འགྲོ་བསམ་ཡོད་བསམ་མེད་བར།།
ཁྱད་པར་འབྱེད་དེ་གཅིག་ཕན་གཅིག་གནོད་ཀྱི།།
འཚེ་བའི་ལས་སྤྱོད་སེམས་ཅན་སུ་ཞིག་ལ།།
བྱེད་འདོད་ཀུན་སློང་ཙམ་ཡང་མ་མྱོང་ཞིང་།།

སུ་ཞིག་ཁྱེད་ལ་འཚོ་འདོད་ཐོབ་ཐང་མཉམ།།
ཀུན་ལ་རིས་སུ་མ་ཆད་ཕན་བདེ་སྦྱིན།།
འདི་ནི་ཁྱེད་ལ་འཁྲུངས་བའི་གཞན་ཕན་གྱི།
ཐེག་ཆེན་སེམས་བསྐྱེད་ཅེས་ཀྱང་ཨེ་ཡིན་སྙམ།།

མདོར་ན་ཁྱེད་ཀྱི་ཤ་ཁྲག་དྲོད་དབུགས་ཀུན།།
གཞན་ཕན་བློ་ཡིས་སྐྱེ་འགྲོའི་ལུས་སྲོག་ལ།།
ཕན་བདེ་བླ་མེད་སྦྱིན་ཕྱིར་རླབས་ཆེན་གྱི།།
སྔོན་བཏང་དེ་འདྲ་ག་དུས་བྱས་པ་ལགས།།

མི་དང་དུད་འགྲོ་སྲོག་ཆགས་འདི་དག་གིས།།
གདོད་མ་ཉིད་ནས་ཁྱིམ་གཞིས་ཁྱེད་ལ་བྱས།།
ཁྱེད་ཀྱི་པང་ནས་བདེ་སྐྱིད་ཀྱིས་འཚོས་ཏེ།།
བསྡད་པའི་ལོ་རབས་གྲངས་ཀྱིས་ག་ལ་དཔོག།

མི་ཡི་རིགས་ཀྱིས་ས་ཞིང་རྨོ་འདེབས་བྱས།།
རི་དྭགས་ཕྱོགས་ཀྱིས་རྩྭ་ཆུ་གཟན་དུ་རོལ།།
སྤྲ་དང་སྤྲེ་འུས་ཤིང་འབྲས་སྣ་ཚོགས་སྤྱད།།
ཉ་དང་སྦལ་པས་ཆབ་དང་ཆུ་བོ་རོལ།།

ཀུན་གྱིས་འཚོ་བའི་ཟས་གོས་སྡོད་གནས་རྣམས།།
ཁྱེད་ཀྱི་ཐོག་ནས་བཙའ་ཞིང་ཁྱེད་ལ་བརྟེན།།
སོ་སོར་དགོས་པའི་འཚོ་བའི་ཆ་རྐྱེན་གང་།།
ཅི་འདོད་ས་ཡི་ཐོག་འདིར་ཁ་ཞག་ཆགས།།

གནའ་དེར་འགྲོ་བ་མི་ཡི་རིགས་འདི་ཡང་།།
ནང་གི་སེམས་པ་གུ་ཡངས་བག་ཕེབ་ཕབ་ཅིང་།།
ཕྱི་ཡི་ལས་སྤྱོད་འཚེ་མེད་ཉམ་རེ་ཆུང་།།
དེ་དུས་འཛམ་གླིང་དེ་ནི་ཞི་བདེ་ཡིན།།

སྐབས་དེར་ཕྱི་ཡི་མཁའ་རླང་དྭངས་མ་ཡིན།།
རི་བོའི་ཀན་གྱི་ནགས་ཀླུང་འཐུག་པོ་ཡིན།།
ས་འོག་གསེར་གྱི་གཏེར་ཁ་མོད་པོ་ཡིན།།
ས་ཡི་སྟེང་ཀུན་རང་བྱུང་མཛེས་ལྗོངས་ཡིན།།

མུ་མཐའ་དང་བྲལ་ཡངས་པའི་རྩྭ་ཐང་ན།།
བག་ཕེབ་ཕབ་རྒྱུ་བའི་རི་དྭགས་འབེལ་པོ་ཡིན།།
ནགས་ཀྱི་སྐྲ་ལོ་ཤད་པའི་ཚལ་གསེབ་ན།།
གར་ལ་རྩེན་པའི་སྟག་གཟིག་མོད་པོ་ཡིན།།

རང་བྱུང་ཁམས་ཀྱི་འབྱུང་བ་མ་འཁྲུགས་པའི།།
འགོག་མེད་ནད་ཡམས་འཕྱུར་བ་ཉུང་ཉུང་ཡིན།།
རང་བྱུང་ཁམས་ལ་གཏོར་བརླག་མ་བྱས་པས།།
ས་ཡམ་ཡོམ་ཆུ་ལོག་འཕྱུར་བ་དཀོན་དཀོན་ཡིན།།

མ་ཡུམ་ཁྱེད་ནི་རིན་ཆེན་གཏེར་མཛོད་ཡིན།།
མ་ཡུམ་ཁྱེད་ནི་སྲོག་ཆགས་གླིང་ཁ་ཡིན།།
མ་ཡུམ་ཁྱེད་ནི་རང་བྱུང་སྨན་ལྗོངས་ཡིན།།
མ་ཡུམ་ཁྱེད་ནི་འཇིག་རྟེན་དྭངས་མ་ཡིན།།

དེ་དུས་ཁྱེད་ཀྱི་པང་ཁུག་ཞི་བདེ་ཡིན།།
དེ་དུས་ཁྱེད་ཀྱི་ཁོར་ཡུག་དྭངས་གཙང་ཡིན།།
དེ་དུས་ཁྱེད་ཀྱི་རི་ལུང་ཡངས་པོ་ཡིན།།
དེ་དུས་ཁྱེད་ནི་ལྷ་ཡི་ཞིང་ཁམས་ཡིན།

འོན་ཀྱང་འདི་ལྟར་འགྲོ་བ་མི་ཡི་རིགས།།
སྡོད་དུ་མ་ཚུག་བསམ་མནོས་ཚན་རིག་བསྐྲུན།།
འཕྲུལ་གྱི་འཁོར་ལོ་ཁྱེད་ཀྱི་པང་དུ་བསྐོར།།
ཁྱེད་ཀྱི་རང་བྱུང་ཁམས་ལ་གཏོར་བརླག་བྱས།།

སྔོན་མར་མེད་པའི་བཟོ་བསྐྲུན་སྣ་ཚོགས་པ།།
གཅིག་ཚད་གཅིག་མཐོ་གཅིག་ལས་གཅིག་མགྱོགས་བྱས།།
ལྷོག་ལྷོག་འཕྱུར་བའི་རྫས་དུད་མོག་པོ་ཡིས།།
ཁྱེད་ཀྱི་ཚེ་སྲོག་དང་དྭངས་མའི་མཁའ་དབུགས་ལྷད།།

གད་སྙིགས་མོད་པོས་ཁྱེད་ལ་དྲེག་པ་བཀུས།།
བཙོག་ཆུ་འབེལ་པོས་ཁྱེད་ཀྱི་ཟུངས་ཁྲག་ལྷད།།
འགྱིག་དང་ཤེལ་གྱིས་ཁྱེད་ཀྱི་ཁྲག་རྩ་བསྡམ།།
རྫས་སྦྱོར་རིགས་ཀྱིས་ཁྱེད་ལ་ཁོག་ནད་བཙུད།།

ས་ཡི་ཤ་སློག་གཏེར་ཁའི་ནང་རོལ་བསྔོགས།།
བྲག་གི་རུས་བཅགས་ནགས་ཀྱི་སྐྲ་ལོ་བྲེག།
ལུས་ཀྱི་གཟུགས་བཞི་ཚལ་བར་དུ་གཤགས་པས།།
མ་ཡུམ་ཁྱེད་ཀྱིས་ཇི་ལྟར་བཟོད་པར་ནུས།།

ས་ཡི་སྙིང་གས་ཁྲག་གི་ཆུ་ལོག་འཕྱུར།།
རླུང་གི་དབུགས་འཚང་ནད་ཀྱི་ཁ་ཕྲུ་འཐོར།།
ཀྱེ་མ་ཀྱེ་མ་འཇིག་རྟེན་ཟླུམ་པོ་ཁྱེད།།
ད་ནི་ནམ་དུ་ཞིག་འགྲོ་འཇིག་ཡེར་རེ།།

ཚན་རྩལ་རིག་པའི་དཔའ་བོ་སྔོན་ཐོན་ཟེར།།
ཇི་ལྟར་མཁས་ཤིང་ཇི་ལྟར་བདེན་ན་ཡང་།།
ཀུན་གྱི་རྟེན་གཞི་འཇིག་རྟེན་ཁྱེད་འདྲ་ཞིག།
བཟོ་བསྐྲུན་བྱེད་པའི་ནུས་པ་ཨེ་ཡོད་དམ།།

ལྟོས་དང་ས་སྟེང་སྲོག་ཆག་གཞན་རྣམས་ཏེ།།
གཅན་གཟན་རི་དྭགས་སྤྲ་དང་སྤྲེའུ་ཚོགས།།
སྔོན་མ་ཇི་བཞིན་ཞི་བདེ་བག་ཕབ་ཀྱིས།།
འཇིག་རྟེན་འདི་ལ་ད་དུང་འཚོ་གནས་བྱས།།

ཁོ་ཚོར་མི་བཞིན་དྲན་རྟོག་རྒོད་མིན་པས།།
བསམ་མེད་དུད་འགྲོ་གླེན་པ་ཅི་སྨྲས་ཀྱང་།།
ཅི་འདྲའི་ཆོག་ཤེས་ཚོད་ཀྱིས་ཟིན་པ་སྟེ།།
སྔོན་མའི་འཚོ་བ་དེ་གས་བློ་ཡིད་ཚིམ།།

རང་བྱུང་ཁམས་ལ་གཏོར་བཤིག་མ་མྱོང་ཞིང་།།
རང་བྱུང་ཁམས་དུ་བདེ་དང་དགའ་བས་འཚོ།།
བསམ་མེད་འདི་ཚོས་ས་ཡི་རྟེན་གཞི་འདི།།
རང་གི་ཁྱིམ་གཞིས་ཡིན་པ་རྟོགས་མིན་ནམ།།

རི་འགོའི་གངས་འཁྱག་ལུང་མདའི་ཆུ་ལ་འགྱུར།།
དྭངས་བའི་མཁའ་ལ་བཙོག་པའི་ན་བུན་འཁྲིག།
གང་སར་འབྱུང་བའི་འཇིག་པ་ཅི་དང་ཅི།།
བར་མེད་འབྱུང་འདིའི་རྐྱེན་རྩ་སུ་ཡིས་ཉེས།།

མཁའ་ཡི་ལམ་ཡང་དྭངས་གཙང་མ་ཡིན་པས།།
དབུགས་ཀྱི་འབྱིན་རྔུབ་ཙམ་ཡང་ནད་ཀྱི་སྒོ།།
བཅུད་ཀྱི་སེམས་ཅན་བརླག་ལ་ཁད་དུ་ཐུག།
ཉེས་པའི་དུས་འདི་ཅི་ཞིག་བྱས་པས་ལན།།

དལ་དུ་བསམ་ན་འཇིག་རྟེན་ཟླུམ་པོ་འདི།།
ཚན་རྩལ་དཔའ་བོའི་ཐབས་བརྒྱ་ཇུས་སྟོང་གིས།།
ཆེད་དུ་བཟོ་བསྐྲུན་བྱས་པའི་མཚོན་ཆ་སྟེ།།
རྡུལ་ཕྲན་འབར་མདེལ་གཅིག་གི་རྩེ་ན་གནས།།

ཕྱི་ཡི་དངོས་པོ་རང་སར་མི་འཇོག་པར།།
བརྟགས་ཤིང་དཔྱད་དེ་བཟོ་ཞིང་བསྒྱུར་བྱེད་པ།།
ཚན་རྩལ་རིག་པ་ཆེས་ཆེར་དར་བ་འདིས།།
སུ་ཡི་ཚེ་སྲོག་དེ་ལ་རྒོལ་བཞིན་འདུག།

རང་གི་གཞིས་ཁྱིམ་རང་གིས་གཏོར་ཞིང་བཤིག།
སྨྲ་ཤེས་དོན་གོ་བསམ་ཡོད་མི་ལས་ཀྱང་།།
འཇིག་རྟེན་སྐྱོང་ལ་དུད་འགྲོ་མཁས་སོང་བས།།
མི་ཡིས་དུད་འགྲོར་སློབ་སྦྱོང་དགོས་སམ་ཅི།།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 5 ཡོད།
སྤེལ་མཁན། མགར་མེ་ནས།  IP:སྤེལ་དུས། :2014-08-04 23:44:28
ཡག་པོ་འདུག་
སྤེལ་མཁན། ཁམས་མེ་སྲས་ནས  IP:སྤེལ་དུས། :2014-08-05 15:49:51
རྩོམ་ཡག་བྲིས་གདའ།དགའ་བསུ་ཡོད།ད་དུང་རྩོམ་རིག་གི་སྒྱུ་རྩལ་ལ་ཧུར་བརྩོན་གནང་རོགས་ཞུ
སྤེལ་མཁན། ཁམས་མེ་སྲས་ནས  IP:སྤེལ་དུས། :2014-08-05 15:49:51
རྩོམ་ཡག་བྲིས་གདའ།དགའ་བསུ་ཡོད།ད་དུང་རྩོམ་རིག་གི་སྒྱུ་རྩལ་ལ་ཧུར་བརྩོན་གནང་རོགས་ཞུ
སྤེལ་མཁན། དོ་བདག་ནས།  IP:སྤེལ་དུས། :2014-08-18 13:30:02
ས་༼ཡམ་༽ཡོམ་ལྷག་པོ་གྱུར་འདུག་པས་བཀློག་པ་པོ་རྣམ་པས་དེ་བཞིན་མཁྱེན་པར་མཛོད།
སྤེལ་མཁན། ཁྱུང་ཁྲི་ལྡེ་ནས  IP:སྤེལ་དུས། :2014-08-18 17:41:37
བདག་གི་རྩོམ་གྲོགས་དམ་པ་སུམ་པའི་མེ་གཤོག་ལགས་ཀྱིས་རྩོམ་ཡག་པོ་བྲིས་འདུག་དགའ་བསུ་གྲངས་མེད་ཡོད།ད་དུང་ཡང་རྩོམ་རིག་གོང་འཕེལ་ཡོང་བའི་རེ་སྨོན་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།