|
དབུ་མའི་གཟེར་བུ། |
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2014-07-18] [རྩོམ་པ་པོ།:གཤེན་སྨྱུག ཀོ་རྒྱལ་དགོན།] [ཀློག་གྲངས།:]
|
|
དུམ་བུ་དང་པོ།
ཕལ་གྱིས་སྟོན་པ་ཞིག་གིས་བསྟན་སོང་ཟེར།། རེས་ཀྱང་འཁོར་གྱི་ཚོགས་འགའ་གོལ་སོང་ཟེར།། དེ་ཤད་ཙམ་གྱི་དབུ་མའི་སྣང་སྟོང་ལ།། ཐར་པ་ཡོད་མེད་མྱོང་བ་ཙམ་གྱིས་དཔྱོད།།
སྣང་བའི་འཁྲིས་སུ་རྟག་པའི་མཐའ་ཞིག་ལུས།། སྟོང་པའི་སྒོམ་ལ་ཆད་པའི་རྒྱས་ཤིག་གདབ།། ཡིན་སྣང་མོད་པའི་རིགས་སྨྲ་ཁྱུ་གཅིག་ནི།། དུས་ཀྱང་མར་མར་འགྲིབ་པའི་མཚན་ལྟས་ཡིན།།
སྔ་རབས་པ་ཞེས་རིང་དུ་བཀར་བར་བྱས།། དོན་གྱི་དགོངས་པའི་མཐིལ་ཡང་འདི་ལྟར་ཞེས།། རྩོད་པའི་འཐབ་མོ་ཙམ་གྱི་གོ་རིམ་བར།། ཟབ་མོའི་སྟོང་ཉིད་ལ་ཡང་གསར་བརྗེ་བྱས།།
སྟོན་པའི་གསུང་ལ་བཅོས་མའི་ལྷན་པོ་རྒྱབ།། མཁས་པའི་བསྟན་བཅོས་ཚིག་སྐམ་ཞིག་གིས་བསྒྱུར།། བགྲང་བྱ་བརྒྱ་ཕྲག་འགའ་ཡི་གོང་རོལ་དུ།། དབུ་མ་བྱ་བའི་ལོག་ཆོས་གྲངས་སུ་འཕེལ།།
སྟོང་ཞེས་སོ་སོར་རྟོགས་པའི་ཤེས་རབ་བཀག། སྣང་ཞེས་སྤྲོས་མཐའ་བརྒྱད་ཀྱང་ཉམས་སུ་བླངས།། ཚོད་ཡོད་ཙམ་གྱིས་དབུ་མ་འཚོལ་བ་འདི།། མྱོང་བ་སེམས་ལ་མེད་པའི་རྟགས་སུ་བཀོད།།
བརྟག་ཅིང་དཔྱད་པའི་ཕྱི་དར་དབུ་མ་དང་།། རིགས་འཕྲུལ་ཙམ་གྱིས་བཟོས་པའི་གཞུང་ལུགས་འདི།། སྒོམ་ཆེན་ཞིག་གི་ཏིང་འཛིན་ཟབ་མོའི་མདུན།། ཐ་སྙད་པ་ཡིས་ཉོས་པའི་ངོ་ཚ་ཡིན།།
རིང་དང་ཐུང་གི་ལྟོས་འཇོག་ཡིན་པ་དང་།། མཛེས་དང་བཙོག་པའི་རྣམ་པར་གྲུབ་པ་སྟེ།། ཡིན་མིན་དབྱེ་བ་དགུ་རུ་བཅོས་པ་ཡི།། ཉམས་ལེན་དེ་ཡང་སོ་སྐྱེའི་འཁྲུལ་སྣང་ཙམ།།
ཀླུ་སྒྲུབ་དགོངས་རྒྱན་འཁྲུངས་པའི་རྗེས་ཙམ་དང་།། དགེ་ཆོས་སྒྲོན་མེ་གཟིམ་པའི་ཕྱི་ཉིན་གྱི།། ཐ་སྙད་འཁྲུག་པའི་ཚ་དང་འཁོར་གསུམ་དག། རྣམ་རྟོག་དྲག་ཏུ་འཕྱུར་བའི་ངར་ཤུགས་ཙམ།
༡༤ - ༦- ༢༥ ཉིན།
|
དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།