དོན་མེད་སྐྱོ་རོགས་ཡིན་འགྲོ |
[རྩོམ་ཁུངས།:] [ཟླ་ཚེས།:2014-07-02] [རྩོམ་པ་པོ།:ཞང་ཕྲུག] [ཀློག་གྲངས།:] |
མི་མཐུན་སྤྱང་དང་ལུག་གུ། ལྷན་གཅིག་འཚོ་བ་རོལ་ཡང༎ བཙན་པོ་ཉམས་ཆུང་ཐུག་པས༎ དོན་མེད་སྐྱོ་རོགས་ཡིན་འགྲོ། བསླུ་ཉོ་བསླུ་བྲིད་བརྩེ་བར༎ ཡིད་ཆེས་འདུན་པ་བཅངས་ཡང༎ ཡིད་ལྟོས་མེད་པར་བརྩེ་བས༎ དོན་མེད་སྐྱོ་རོགས་ཡིན་འགྲོ། མི་ཚེ་རིན་ཐང་དཀོན་པོ༎ དཀོན་པའི་དོན་གཉེར་མེད་ན༎ མི་ཡུལ་ལན་གཅིག་འགྲིམ་པ༎ དོན་མེད་སྐྱོ་རོགས་ཡིན་འགྲོ། རིག་གནས་བརྩོན་པ་ཆེ་ཡང༎ མི་རིགས་རང་གི་རིགས་གནས༎ སྦྱང་འདོད་སེམས་ལ་མེད་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། ཕ་མ་བླ་མ་ཡིན་ཡང༎ མ་རུང་ཞེ་ངན་བུ་ཡིས༎ གཡོ་དང་ཁྲམ་ལ་འདེགས་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། ཁྲིམས་ཐོག་དཔོན་པོ་ཡིན་ཡང༎ ཁྲིམས་དྲང་ལྟ་བ་དོར་ནས༎ ལག་དམར་ཟུངས་འབྲེལ་བྱས་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། དགེ་རྒན་མཚན་མཆོག་ཆེ་ཡང༎ སློབ་མའི་བདེ་སྡུག་མི་བལྟ༎ ཉི་མ་འཁྱོལ་ཙམ་བྱས་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། རྒྱ་གྲོང་འགྲིམ་པའི་བུ་ལོ༎ མི་ཚེ་འཁྱོལ་ཙམ་བྱས་ནས༎ འཁྱམ་པོའི་གོ་ས་འཛིན་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། ལང་ཚོ་དར་བབས་བུ་མོ༎ གནས་ལ་འགྲོ་སྔ་བྱེད་ནས༎ ཕ་མའི་དྲིན་ལན་མ་སོད༎ དོན་མེད་སྐྱོ་རོགས་ཡིན་འགྲོ། ན་གཞོན་བུ་དང་བུ་མོ༎ བརྩེ་བའི་འདམ་ལ་མ་འཁོར༎ རིག་མེད་གླེན་པ་འགྱུར་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། དྲིན་ཆེན་ཕ་མ་རྣམ་པ༎ ཤོ་བག་རྒྱན་ལ་མ་གཡེང༎ བཟའ་མི་སྤྲང་པོ་འགྱུར་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། འགྲོ་མགོན་བླ་མ་རྣམ་པ༎ སྒོར་མོ་ནོར་ལ་མ་གཡེང༎ སངས་རྒྱས་ཁྲིམས་ལས་འགལ་ན༎ དོན་མེད་སྐྱོ་རོགས་ཡིན་འགྲོ། ༢༠༡༤/༠༦/༡༢ ཉིན་ལྷ་ལྡན་ཉི་མའི་གྲོང་ནས་བྲིས། |