
ཀྱེ་ཀྱེ། བླ་མ་ལགས།
ཁྱེད་ཀྱི་སྐུ་མཆོག་ལ་མངའ་བའི་བརྗིད་ཞིག་དང་། མཐུ་ཞིག། བརྗིད་དེ་ནི། ངེད་ཅག་མིང་མཐུན་མཛེས་པའི་གཡུང་དྲུང་སྤུན་གྲོགས་ཡོངས་ཀྱིས་ནངས་ཡར་ལངས་དང་། དགོངས་མར་ཉལ་སྐབས། སྤྱི་བོའི་གཙུག་དང་། སྙིང་གི་དཀྱིལ་དུ། གངས་དཀར་རི་བོ་ལྟར་ཁྲ་ཆགས་སེ། འོད་སྤུང་ངེ། བློ་ལིངས་ཀྱིས་བཀལ་ནས་དད་མོས་འདུན་པ་སྟོང་གིས་མཆོད་སའི་ཚེ་རབས་ཀུན་ཏུ་ཉམས་མེད་ཀྱི་བརྗིད་ཅིག་རེད། མཐུ་ཞིག་མངའ། མཐུ་དེ་ནི། སྤོ་མཐོན་གངས་རིའི་རྩེ་མོ་ཡོམ་ཡོམ་སྒུལ་བའི་གོད་ཆགས་ཞིག་གི་སྐབས། ཧི་མ་ལ་ཡའི་རི་བོའི་རྒྱུད། མདེའུ་ཆར་སྟོང་གི་སོ་ཁ་ནས། གླེགས་ཧྲུལ་དག་ཁུར་དྲུད་པང་གསུམ་དང་བཅས། སོར་གང་མ་གློད་པར། བསྟན་འདི་ཤི་འཐམ་རོ་འཐམ་གྱིས་གཅེས་ནུས་པའི་ཉམས་མེད་ཀྱི་མཐུ་ཞིག་རེད། ཁྱེད་ཀྱི་གསུངས་མཆོག་ལ་མངའ་བའི་སྙན་ཞིག་དང་། བྱིན་ཞིག། སྙན་དེ་ནི། ཀླུ་གྲུབ་རི་ཡི་ཞོལ་དེ་ནས་སླར་ཡང་བསྟན་པའི་རུ་དར་མཁའ་ལ་བསྒྲེངས་ཐུབ་པའི་ཀི་འབོད་གཅིག་གིས་རྒྱལ་ཕྱི་ནང་ཀུན་ལ་གྲགས་པར་བྱས་ཤིང་། རྔམས་ཁ་མཐུག་པའི་གསུངས་པོད་གསེབ་ན། དགེ་སྡིག་གསེད་དཀྲོལ་བྱས་པའི་གདམས་པའི་གཏེར་མཛོད་དེ་ནས། གངའདོད་འཇོ་ཆོག་པའི་ཟད་མེད་དོན་གྱི་སྙན་པ་དེ་རེད། བྱིན་ཞིག་མངའ། བྱིན་དེ་ནི། སྐྲ་སེར་རིགས་སོགས་སྐབས་བབ་འགྲོ་ལ་བོན་གྱི་འཁོར་ལོ་བསྐོར་ཐེངས་རེར། སྨྲ་ཤེས་འགྲོ་བ་མི་ཚོ་ལྟ་ཅི་སྨོས། ལྗོན་ཤིང་རི་བྲག་སོགས་ཀྱིས་ཀྱང་བོན་གྱི་རང་སྒྲ་སྒྲོགས་ལ་ཁད་ཀྱི་བྱིན་དེ་རེད། ཁྱེད་ཀྱི་ཐུགས་མཆོག་ལ་མངའ་བའི་བྱམས་ཤིག་དང་། ཟབ་ཞིག། བྱམས་དེ་ནི། ས་མཐའི་ཡུལ་གྲུ་ཞིག་ན། བུ་སློབ་ཚོར། ཁ་ལ་ཟས་དང་། སེམས་ལ་གདམས་ངག། རྒྱུད་ལ་ཡོན་ཏན་སོགས་གང་དགོས་དྲིན་དང་བརྩེ་བའི་སྐྱོང་ནས། ཐར་པའི་ལམ་སྣེ་ལ་འཛུབ་མོ་རིས་སྟོན་གྱི་མ་ལས་ལྷག་པའི་བྱམས་དེ་རེད། ཟབ་གཅིག་མངའ། ཟབ་དེ་ནི། མར་གྱི་དམྱལ་བའི་རྒྱུ་སྲང་དེ་ནས་སེམས་ཅན་གང་ཞིག་རྩིས་ལ་གཞལ་བའི་ཟོབ་ཀྱི་མངོན་ཤེས་མ་ཡིན་པར། ཟབ་མོ་སྟོང་པའི་རང་ཞལ་སྟོང་པས་ལྷག་གེར་འཇལ་བའི་ཉམས་རྟོགས་ཀྱི་མཁྱེན་ཡོན་ལྡན་པའི་ཟབ་ཅིག་རེད། ཁྱེད་ཀྱི་དཀར་པོའི་རུས་ལ་མངའ་བའི་ཧྲག་ཞིག་དང་། བཀྲག་ཞིག། ཧྲག་དེ་ནི། བླ་ན་འཕགས་པའི་བོན་བསྟན་འདི་ཐོག་མཐའ་བར་གསུམ་དུ། འོག་ནས་འདེགས་པ་དང་། སྟེང་ནས་སྐྱོང་བ། བསྟན་འདིའི་སྲོག་ཤིང་དུ་གོ་ཕེར་བའི་ཧྲག་ཞིག་རེད། བཀྲག་ཞིག་མངའ། བཀྲག་དེ་ནི། ལྷག་བསམ་འོ་མའི་རྒྱ་མཚོ་ལས་དྲངས་ཤིང་། འཛམ་གླིང་ཡུལ་གྲུ་ཀུན་ཏུ། ནམ་ཡང་ནུབ་པ་མེད་པར་འོད་དུ་འཚེར་བའི་སྐུ་གསུངས་ཐུགས་ཀྱི་མཛད་ཕྲིན་སྣང་བ་དཀར་པོའི་བཀྲག་ཞིག་རེད། སེམས་རེ་དགའ། དལ་གྱི་རྟེན་བཟང་ལེན་གཅིག་རྙེད་པའི་དུས་འདིར། ཁྱེད་སྐུ་འཇལ་བའི་གོ་སྐབས་རག་སོང་། སྤྲོ་བས་ལྟས། ཁྱེད་གསུངས་ཐོས་པའི་སྐལ་བ་ལྡན་སོང་། ཡིད་རེ་དགའ། ཁྱེད་ཐུགས་བྱམས་ཀྱི་དྲོད་ཁོལ་ཚོར་སོང་། སྐལ་བ་བཟང་། ངོ་མ་སྐལ་བ་བཟང་སོང་། ཁྱེད་ནི་དཔེར་བཞག་ན། སྣང་སྲིད་ཀྱི་མུན་སྨག་གསལ་བ་དང་། དྲོད་ཁོལ་སྦྱིན་མཁན་གྱི་མཁའ་ལ་ཤར་བའི་ཉི་མ་ལྟར་ལགས་པས། ནམ་ཡང་ངེད་ཅག་བོན་འབང་ཡོངས་ཀྱི་སྐྱབས་མགོན་དུ་སྐུ་ཚེའི་གཟི་མདངས་སྔར་ལས་ལྷག་པར་གེག་མེད་ལྷུན་གྲུབ་ངང་ཡུན་དུ་བཞུགས་ཤིག་ཀྱེ། ། ཞེས་རྗེ་ཡོངས་འཛིན་བླ་མའི་སྐུ་གསུངས་ཐུགས་ལ་མངའ་བའི་ཡོན་ཏན་ཀྱི་ཆ་ཤས་ཙམ་བརྗོད་པ་འདི། 2014.5.1 ཉིན་ཁྲ་དོན་ལྡན་པས་བྲིས་པའོ།
|