དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
སྐྱེ་བོ་རྣམས་སྐུལ་བའི་མགུར་གླུ་འཇིག་རྟེན་ཕུང་པའི་འགད་རྫས།
[རྩོམ་ཁུངས།:]   [ཟླ་ཚེས།:2014-05-05]  [རྩོམ་པ་པོ།:སྦྲུལ་ཞགས།]  [ཀློག་གྲངས།:]

བརྒྱ་ལོ་ཉེར་གཅིག་པའི་སྐྱེ་བོ་རྣམས་བོན་ལ་སྐུལ་བའི་མགུར་གླུ་འཇིག་རྟེན་ཕུང་པའི་འགད་རྫས་ཞེས་བྱ་བ་བཞུགས་སོ།།


v 8 སྨུག་རིལ་རི་ཡི་སྐེད་ནས་འགྲིལ།།
ཤུགས་ཆེན་གྲུ་གཟིངས་མཚོ་མོའི་ཀློང་དུ་ནུབ།།
རྩལ་ལྡན་ལྕགས་བྱ་ནམ་མཁའི་མཐིལ་ནས་ལྷུང་།།
སྟབས་བདེ་འཕྲུལ་ཆས་འདི་ཡང་མི་རྟག་སྟེ།།
ད་ནི་ཐོད་ཕོར་སྣོམས་ནས་རི་ལ་གཤོར།།

འཇིགས་རུང་འཕྲུལ་གྱིས་ཆེ་བཀུམ་ཆུང་བཀུམ་བྱེད།།
མི་བཟོད་ནད་ཀྱིས་ཆེ་གསོད་ཆུང་གསོད་བཏང་།།
དུས་དང་དུས་མིན་ཤི་བ་གྲངས་མེད་དེ།།
རྩ་ཆེན་ཚེ་སྲོག་འདི་ཡང་མི་རྟག་སྟེ།།
ད་ནི་འཁོར་བ་སྤང་སྟེ་རི་ལ་གཤོར།།

སྲིད་པའི་གངས་རིའི་གཟི་མདངས་རིམ་བཞིན་ཡལ།།
གདོད་མའི་གཙང་ཆབ་བཞུར་རྒྱུན་ལོ་རེར་ཐུང་།།
ཕོ་བྲང་དམར་པོ་དུས་ཀྱི་ཀློང་ན་ཟད།།
སྲ་འཁྲེགས་དངོས་པོ་འདི་ཡང་མི་རྟག་སྟེ།།
ད་ནི་འཁོར་གཡོག་སྐྱུར་ཏེ་རི་ལ་གཤོར།།

སྔ་དྲོ་དགོད་སྒྲས་ཁེངས་པའི་དུད་ཚང་ཡང་།།
དོན་ཆུང་ཚིག་ཁ་མཐོ་དམན་མ་ཁྱོག་པར།།
ཕྱི་དྲོ་ངུ་འབོད་ཟིང་སེ་བགོས་ལ་ཕོག།།
འཆམ་མཐུན་ཁྱིམ་ཚང་འདི་ཡང་མི་རྟག་སྟེ།།
ད་ནི་བཟའ་ཉོབ་གཡུགས་ཏེ་རི་ལ་གཤོར།།

ཞེ་དགུའི་དབུགས་ཀྱིས་ཉོས་པའི་ཨ་མཆོད་ཡོན།།
ཡོངས་རྫོགས་ཕུལ་བའི་ཀུ་ཤུ་ཁ་པར་དེ།།
ད་ནངས་སྟབས་ཉེས་ཤིག་ལ་གློག་གིས་འཚིགས།
ཆེས་གཅེས་རྒྱུ་ནོར་འདི་ཡང་མི་རྟག་སྟེ།།
ད་ནི་བྲག་ཕུགས་ཉུག་མི་རི་ལ་གཤོར།།

ན་ནིང་ལྷ་མོ་འདྲ་བའི་མཛེས་མ་ཞིག
འཇམ་གཉེན་སྐུ་ལུས་སྨྱུག་མར་འགྲན་བཟོད་ཀྱང་།
ད་ལོ་དགྱེ་སྒུར་དཀའ་བའི་ཚད་དུ་ལྷུང་།།
ཡིད་འོང་མཛེས་པ་འདི་ཡང་མི་རྟག་སྟེ།།
ད་ནི་སྒོམ་ཐག་བཙལ་ནས་རི་ལ་གཤོར།།

ཁ་ཉིན་རྒྱ་ནག་ཆེས་མཐོའི་དཔོན་རྒན་ཞིག
མི་དམངས་དུང་ཕྱུར་དབུ་ཐོག་འགྱིང་ན་ཡང་།།
ཁ་ཙང་དུས་ན་སྲིད་ཀྱི་སྟེགས་བུ་ཤོར།།
ཆེན་པོའི་དཔོན་ས་འདི་ཡང་མི་རྟག་སྟེ།།
ད་ནི་ལྷ་ཆོས་སྒྲུབ་མི་རི་ལ་གཤོར།།

བཟའ་ཚང་ཡོངས་རྫོགས་རི་འགོར་ནུད་པའི་དྲིན།།
དབྱར་རྩ་དགུན་འབུ་སྟོང་ཁ་ལོན་ན་ཡང་།།
ཐེས་ཧྲུག་རྣམས་ཀྱི་ཨོང་ཤ་དམར་རྗེན་དོན།།
ད་དུང་རྒྱུ་ཡིས་འཚིངས་དུས་མི་འདུག་པས།།
དམ་པ་ལྷ་ཆོས་སྒྲུབ་མི་རི་ལ་གཤོར།།

ཟས་ཀྱི་ཆེད་དུ་གཡག་འབྲི་བཅུ་གྲངས་བསད།།
སྐམ་ལུག་མང་པོའི་ཚེ་སྲོག་དེ་བཞིན་བཀུམས།།
ད་རུང་དཔྱིད་ཉི་རིང་མོར་ཤ་ཆད་བརྒྱབས།།
འཚོ་ཚིས་འདི་ཡིས་འདང་དུས་མི་འདུག་པས།།
ཤུག་ཏོག་ཟས་ལ་བརྟེན་མི་རི་ལ་གཤོར།།

ཆེ་བ་དཀོན་པའི་མི་ཤ་སྐམ་བརློན་ནས།།
ཆུང་བ་མོད་པའི་སྦལ་ལྕང་ཤ་རིགས་ཡན།།
ཞིམ་དགུ་གསོལ་སྨིན་བཏབ་སྟེ་ཟོས་ན་ཡང་།།
ད་དུང་ཡིད་ལ་ཚིམས་དུས་མི་འདུག་པས།།
དཀའ་ཐུབ་ཟས་ལ་རྟོན་ཏེ་རི་ལ་གཤོར།།

དྲི་མ་ཞིམ་ཚད་སྣ་ཡི་ནང་ལ་ལྡུག།
རེབ་བྱ་འཇམ་ཚད་ལུས་ལ་འཕྲོད་པར་བྱས།།
སྣང་བ་མཛེས་ཚད་མིག་གི་ལམ་དུ་བཤམས།།
ད་དུང་གཟེར་དང་ཧུ་ཤུ་ཆད་མེད་པས།།
མི་ལའི་རྣམ་ཐར་སྐྱོང་མི་རི་ལ་གཤོར།།

མཛེས་མ་ལྷ་མོ་འདྲ་ཞིག་གཡས་ལ་བཞག།
དངུལ་ལོ་བམ་ཁ་མཐུག་ཙམ་གཡོན་ལ་བརྩེགས།།
འཁོར་གཡོག་མང་པོས་མདུན་བསུ་རྒྱབ་སྐྱོར་བྱེད།།
ད་དུང་གདོང་ལ་འཛུམ་ཙམ་མི་འདུག་པས།།
འཁོར་བར་མཆིལ་ཞབས་འཕེན་བཞིན་རི་ལ་གཤོར།།

མངར་སྐྱུ་ཚ་གསུམ་ལྕེ་ཡི་སྟེང་དུ་བཞག།།
གྲང་དྲོ་འཇམ་གསུམ་ལུས་ཀྱི་རྒྱབ་མདུན་སྦྱར།།
དཀར་ཁྲ་དམར་གསུམ་མིག་གི་འཆར་སྒོར་སྟོན།།
ད་དུང་འདི་དང་དེ་ཞེས་ཚོད་མེད་པས།།
འདོད་ཡོན་ལྟག་རྒྱབ་གཡུགས་ཏེ་རི་ལ་གཤོར།།

དཀར་ལ་ཐུག་དུས་དཀར་པོ་ཞིམ་སྣང་ཤར།།
དམར་ལ་ཐུག་དུས་དམར་མོ་སྦྲེ་སྣང་འཆར།།
དེ་གཉིས་སྡེབ་སྟེ་ཟོས་ན་ཡག་སྣང་འཆར།།
དཀར་དམར་འཁྲུལ་བའི་འཆར་སྒོ་མ་ཆོད་པར།།
ཌ་རུ་རྐང་དུང་ཁུར་བཞིན་རི་ལ་གཤོར།།

ཚ་དཀར་རང་ལུས་བཏུམ་ཡང་ནག་སྡུག་གེ།།
འབྲི་མར་ལྕེ་སྟེང་བཞག་ཀྱང་སྡུག་རོག་གེ།།
ཁྱེད་ཀྱི་གཤིས་སུ་གྲུབ་པའི་ཞལ་ངོ་ཡི།།
མི་བཟོད་སྡུག་ལ་སངས་དུས་མི་འདུག་པས།།
འཇིག་རྟེན་ཕྱི་ཐོ་ཚོངས་ནས་རི་ལ་གཤོར།།

བོད་མོར་སྤྱོད་ཀྱང་རྒྱ་ཞིག་ཡོད་ན་བསམ།།
རྒྱ་མོ་རྙེད་དུས་མགོ་སེར་མ་ཞིག་དྲན།།
འདོད་པ་རྟ་རྒོད་ཁྲོས་པའི་བང་སྣ་འདི།།
དམ་པ་ལྷ་ཆོས་མིན་པའི་མི་ཁོག་པས།།
སྒོ་གསུམ་བཙུན་པའི་ཚུལ་ཟུངས་རི་ལ་གཤོར།།

མགོ་སེར་ཀླད་པས་ཕྱི་ཡི་མཁོ་དགུ་བསྐྲུན།།
མགོ་ནག་བླ་མས་ནང་གི་སེམས་སྐྱིད་བརྩལ།།
ད་དུང་སྤྱི་མཐུན་གཤིས་གྲུབ་སྐྱོ་ཉམས་དེ།།
ཆོས་དང་འཕྲུལ་གྱིས་བཅོས་ཐབས་མི་འདུག་པས།།
ངེས་འབྱུང་སེམས་པས་སྐུལ་ཏེ་རི་ལ་གཤོར།།

      ཅེས་པ་འདི་ནི་ཡུལ་མདོ་བསྟོད་ཚ་བ་སྒང་གི་ཆར་གཏོགས་སུ་དལ་རྟེན་རྙེད་ཅིང་འདོད་ཡོན་ལ་ཝ་བཞིན་བྲོས།  འཁོར་བ་ལ་ཡི་ཐང་ཆད་པའི་དུས་མཐའི་སྤྲང་འཁྱམས་སྦྲུལ་ཞགས་པས་རང་སེམས་ཚོར་འདུ་རྒྱ་མཚོའི་ཀློང་ནས་གཏེར་དུ་བཏོན།།
      2014  4  31    


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 2 ཡོད།
སྤེལ་མཁན། 丹达  IP:སྤེལ་དུས། :2014-05-09 20:59:43
很好加油
སྤེལ་མཁན། ཤར་ཨ་མྱེ།  IP:སྤེལ་དུས། :2014-07-21 18:12:26
གྲོགས་པོ་ལགས་ཡག་འདུག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།