སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
དུར་སྲིའི་ཐན་སྐད།།
[རྩོམ་ཁུངས།:]   [ཟླ་ཚེས།:2014-05-05]  [རྩོམ་པ་པོ།:རིག་པའི་ཁུ་བྱུག]  [ཀློག་གྲངས།:]

༄༅།།  །།ཡོད་དགུ་སྣང་དགའ་ཀུན་གྱི་ལམ་སྟོན་སྒྲོན་མེ།།

མེད་དགུ་མ་རབས་མུག་མཆུའི་ཁ་ཁྲམ་འདེབས་མཁན།།

སྙིང་དབུས་གསལ་འཚེར་དྲིན་ཅན་ཉི་ཟླ་རྣམ་གཉིས།།

ནམ་ཡང་འགྲོ་བའི་མཁའ་རུ་རྟག་ཏུ་བཞུགས་ཤིག


ང་བདག་ཤིན་ཏུ་འཁྲོས་པའི་རྒྱལ་ཁམས་འདི་ན།།

ཡོད་ཚད་དབང་བསྒྱུར་འདོད་པའི་དབང་ཕྱུག་ཆེན་པོས།།

རྩོད་རྙོག་ཨུ་མ་འཁྲོས་པའི་ལྟེ་སྦྱོར་འདི་ཡིས།།

ཐམས་ཅད་གཤིན་རྗེ་ནག་པོའི་ཁ་རུ་བླུག་ཐལ།།

བདེ་སྡུག་གནམ་ངོ་འདི་ལ་ཡིད་སེམས་འཁྲེངས་ཚེ།།

ཚེ་སྲོག་ལོ་ཟླའི་ཁུར་པོས་ལྗིད་ཀྱིས་གནོན་དུས།།

ཟ་ཁང་ཆང་ཁང་ནང་གི་འགྲུལ་པ་ཅི་བཞིན།།
མི་འདོད་ཕྱི་མའི་ཡུལ་ལ་ཁད་ཀྱིས་ཆས་འགྲོ།།

ང་དང་གྲོགས་པོ་སྐྱེས་ས་སྐྱེས་ཡུལ་དེ་ན།།
ལྷ་དང་བླ་མ་རྣམས་ལ་དད་མོས་ལྡན་ཡོད།།
རང་ཡུལ་མཐིལ་ལ་ཡོད་པའི་རང་གི་ནོར་བུ།།
བརྙས་བཅོས་མི་སྡུག་འཕྲང་ལ་བཙན་གྱིས་མ་བརྫངས།།

མགོ་ལ་ཡོད་པའི་དབུ་དེ་མགོ་ལ་ཞོགས་དང་།།

ནམ་ཡང་དབུ་འཕང་མཐོ་བའི་རྟེན་འབྲེལ་འགྲིག་ཡོང་།།

རང་གཅོད་མཚོན་ཆ་རྣོན་པོ་གཞན་ལ་མ་ཕྱར།།

ཕྱར་ན་རང་གཞན་བདེ་བའི་དུས་ཤིག་མི་ཡོང་།།


སྤོབས་པས་གཡང་སའི་རི་འཕྲང་ཁད་ཀྱིས་འཛེགས་ཚེ།།

མི་མིན་འདྲེ་རུ་བརྫུས་ཏེ་ཞབས་ནས་མ་འཐེན།།

ཤུལ་རིང་ལམ་ལ་ཆས་པའི་འགྲུལ་པ་ང་ཚོས།།
ང་ཚོས་ང་ཚོའི་ཞབས་འདྲེན་ཐེངས་དགུ་མ་ཞུ།།

དད་མོས་དར་གྱི་འཇུ་ཐག་ནམ་ཡང་མ་གཅོད།།

བཅད་ན་ཤུལ་རིང་ལམ་པའི་ཞབས་འདྲེན་ཆགས་ཡོང་།།

ཞྭ་མདོག་དཀར་དམར་རྩོད་པའི་འཇིག་རྟེན་འདི་ན།།

རྒྱ་ཆེ་མཛེས་སྡུག་ལྡན་པའི་སྤང་ལྗང་མ་མཐོང་།།


དམིགས་རྒྱང་རིང་པོར་གཏད་པའི་འགྲུལ་པ་ང་ཚོ།།
ཤུལ་རིང་ལམ་དུ་ཆས་པའི་འགྲུལ་པ་ང་ཚོ།།
མཆོག་གསུམ་སྐྱབས་སུ་འཛིན་པའི་ནང་པ་ང་ཚོ།།
དམིགས་ཡུལ་ཤུལ་རིངས་ལམ་ཆེན་མིག་གིས་ཨེ་མཐོང་།།

ལྭ་ལྷབ་དམར་སེར་འཁྱུད་པའི་དག་ཞིང་མགྲོན་པོ།།
ལྭ་བ་དཀར་ཁྲ་དམར་ཁྲ་སེམས་ལ་བབ་བཞིན།།
ཨུ་ཚུགས་རྡོ་རྒོད་འདྲ་བའི་ཁ་ཕོ་བསྡམས་ཡང་།།
ཤོག་གུ་མེ་བཏུམ་འདི་ཉིད་ནམ་ཡང་མ་བྱེད།།

ཕ་ཀིའི་བྲག་རི་འདི་ལ་ཆགས་ཞིག་ཞོགས་དང་།།
ཚུར་ཀའི་ཤུག་གུ་འདི་ལ་མདངས་ཞིག་བསྡུར་དང་།།
ང་ཚོ་ནམ་ཡང་ང་ཚོ་ཁོ་ན་འདོད་ན།།
ཁེ་ལས་ལམ་ཁ་འདི་ལ་འགྱུར་བ་མ་གཏོངས།།


ང་བོན་ཁྱོད་བན་རྩོད་པའི་དུས་རབས་དེ་ན།།
སོ་སོས་ཕྱོགས་ལྷུང་བྱེད་སའི་དུས་སྐབས་དེ་ན།།
བྱ་ངན་རྟུག་པ་སྐམ་པོར་གསེར་རྩི་བྱུག་སྟེ།།
གཡང་གི་རྣ་ཚར་མཛེས་པོའི་ཁ་ཚར་མ་བརྒྱན།།

རང་སྐྱེས་རྭ་ཅོ་རྣོན་པོས་མིག་ལ་གཟན་ཞིང་།།
རང་ཉིད་ཕུང་གསུམ་མདོ་རུ་བརྫངས་གྲབ་བྱས་ཚེ།།
གར་འཇུ་ཅི་ཆའི་ལག་གིས་སུ་ཟིན་རྙོབ་ཀྱང་།།
སུ་ལ་ཡིད་སྟོན་མེད་པའི་ཤི་ཁའི་ངུ་འབོད།།

ཆོས་པའི་ལོ་རྒྱུས་ཆོས་ཀྱི་བྲོ་བས་བཟི་འདུག  །
སྲིད་ཀྱི་ལོ་རྒྱུས་སྲིད་དོན་གདོན་གྱིས་སྨྱོས་འདུག  །
ཡང་སྙིང་བདེན་པའི་ཉི་མ་ནམ་ཞིག་ཤར་ཡོང་།།
ཤུལ་ལུས་ང་ཚོས་ཡང་ཡང་རེ་སྒུག་བྱས་ཡོད།།

 ཕ་དང་ཨ་ཁུའི་རེ་འདུན་ཁོག་ཏུ་བཅངས་ཡོད།།

མ་དང་སྲུ་མོའི་བྱམས་བརྩེར་ཡིད་སེམས་ཆགས་ཡོད།།

དོན་དངོས་འཚོ་བའི་ཉམས་མྱོང་མངལ་དུ་སྦྲུམ་རྗེས།།

ང་དང་གྲོགས་པོ་ཚོ་ཡི་བསམ་དོན་ལོས་འགྲུབ།།



ཡར་ཐོན་རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་ཡང་།།

མར་སྙིགས་རྒྱ་མཚོའི་གཏིང་ལ་སྙིགས་རོ་འབེལ་ཡོད།།

མི་རིངས་སྲུང་སྐྱོབ་བྱེད་པའི་ལག་རིངས་མེད་ན།།

མི་སྙན་སྐད་ངན་འོ་དོས་གནམ་ས་བཀངས་ཉེ།།


ཡག་གཏམ་ཁ་ཡི་རླུང་བུ་ཤབ་ཤོབ་ཞིག་གིས།།
འཛམ་གླིང་གོ་ལ་འདི་ལ་སྲུང་སྐྱོབ་བྱས་འདུག །
དངོས་དོན་ལག་ལེན་ཆུ་ཐིགས་ཕྲ་མོ་ཞིག་ལ།།
བཤད་བཤད་འུར་སྒྲས་གནམ་ས་ཡོམ་ཡོམ་སྒུལ་འདུག །
བརྫི་མས་བརྫི་མ་རྣམས་ལ་ཁ་སྤུ་བྲིས་འདུག །
ཆེ་བས་ཆེ་བ་ཀུན་ལ་དཔའ་དར་བསྟོད་འདུག །
ཉམ་ཆུང་ནུས་མེད་ཚོ་ལ་ཐུབ་ཚོད་གཏོང་འདུག །
སྙིང་རྗེའི་ཞིང་ཁམས་ཟེར་བ་ཡོད་ཚོད་མི་འདུག །

ཅེས་དུར་སྲིའི་ཐན་སྐད་ལས་གཤིས་ཀྱི་ཡིན་ཚུལ་གྱི་ལེའུ་དང་པོའོ།།


དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།