སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
དབྱར་རྩ་དགུན་འབུའི་ཆོ་འཕྲུལ་སྣ་དགུ་མ།
[རྩོམ་ཁུངས།:]   [ཟླ་ཚེས།:2014-04-13]  [རྩོམ་པ་པོ།:ཏི་སེའི་བུ།]  [ཀློག་གྲངས།:]

འབྲོག་གི་རྟ་ནོར་ལུག་གསུམ་སྒོ་ནས་བཀར།།
ཡུལ་གྱི་ཕ་ཞིང་མ་མཁར་རྒྱབ་ཏུ་བསྐྱུར།།
ལྷོ་བྱང་ངེས་མེད་ཁྱི་ལམ་ལེན་རྒྱུ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་དང་པོ་ཡིན།།

སོས་འགོ་བཙུགས་ནས་རི་ལུང་མི་ཡིས་གང་།།
རྒྱབ་རི་ལྐོག་ཏུ་སློག་པའི་ཆོམ་རྐུན་ཚོས།།
ཡུལ་གྱི་མི་རྣམས་སྙིང་ཆུ་དཀྲུག་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་གཉིས་པ་ཡིན།།

རི་འགོའི་རི་དྭགས་ས་མཐའི་ཡུལ་ལ་བཀྲོག
རི་རྐེད་བྱ་དངབྱ་བྱེའུའི་ཚང་འདུས་བཤིགས།།
རི་འདབས་སྡེ་ལ་འགོ་ནད་མཆེད་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་གསུམ་པ་ཡིན།།

འཕྲུལ་རིགས་གང་བྱུང་བརྒྱུགས་པའི་ལམ་ཤུལ་དུ།།
 
རྩྭ་ཐང་ཡངས་མོ་ཁྲམ་བྱང་བཞིན་དུ་བསྒྱུར།།
བཙོག་ཉོབ་ཕུང་པོས་རི་ལུང་ཁྱབ་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་བཞི་པ་ཡིན།།

སྒ་ཆས་སྒྲོ་སྣོད་སྒོ་འགྲམ་མར་ལ་སླེབས།།
གློག་ཆས་མཁོ་སྤྱད་ཁྱིམ་ཕུག་ཡར་ལ་འཛུལ།།
འབྲོག་དུད་ཞིག་གི་ངང་ཚུལ་བརླགས་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་ལྔ་པ་ཡིན།།

མགོ་དང་ལུས་ལ་གོན་རྒྱུ་རིག་ཚད་གོན།།
ཁ་དང་སྣ་ལ་རྫོང་རྒྱུ་ཇི་སྙེད་བྱེད།།
ན་སྐད་ཚ་སྐད་ཟད་མཐའ་མེད་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་དྲུག་པ་ཡིན།།

ནང་གི་ཕ་མ་གཉེན་འབྲེལ་སེམས་པ་གསོད།།
ཕྱི་ཡི་ཡུལ་མི་ཀུན་ལ་འཁྲུག་གཞི་སློང་།།
སྟོན་དུས་གཡག་རྒོད་འགྲོ་འགྲོ་བྱེད་རྒྱུ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་བདུན་པ་ཡིན།།

ཆིབས་བསུ་མི་དགོས་བླ་གྲྭ་སྒོ་ལ་ཕེབས།།
ཞུ་བ་མ་བྱས་སྲུང་རྟགས་ཚུར་ལ་རྨེད།།
ཤི་འདྲེ་གསོན་འདྲེ་འཁོར་རབས་མང་བ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་བརྒྱད་པ་ཡིན།།

ཕོ་ལུས་བླང་ཚད་ཤོ་བག་རྩེ་ལ་བྲེལ།།
མོ་ལུས་བླང་ཚད་ཁ་པར་རྩེ་ལ་བྲེལ།།
ཚ་དྲོ་དུས་གསུམ་དུས་སུ་མེད་པ་འདི།།
དབྱར་རྩྭ་དགུན་འབུའི་ཆོ་འཕྲུལ་དགུ་པ་ཡིན།།

དེ་ལྟར་མི་མཐུན་དུས་ཀྱི་ཆོ་འཕྲུལ་རྣམས།།
ལོ་རེ་ཟླ་རེ་བཞིན་དུ་རྒོད་དྲགས་པས།།
བདག་ཉིད་དེ་དག་འདུལ་བའི་དོན་ཆེད་དུ།།
ཁྲོ་རྒྱལ་དྲག་པོའི་སྐུ་རུ་བཞེངས་པར་འདོད།།

ཏི་སེའི་བུ་ནས།  2014-04-13  ཉིན་བྲིས།

 

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 5 ཡོད།
སྤེལ་མཁན། གྲོགས་ཁྱུང་ཐོག་རྒོད་ཀྱིས་བལ་པོ་སྤྲིན་གྱི་ལྡིང་ཁང་ནས་བཏེགས།།  IP:སྤེལ་དུས། :2014-04-16 00:53:27
གྲོགས་ཏེ་སིའི་བུ་ཡི་རྩོམ་རྩལ་ལ།།ངས་མཐེ་བོང་གྱེན་དུ་བསྒྲེངས་ནས་ཡོད།།རྩྭ་དགུན་འབུའི་ཆོ་འཕྲུལ་སྣ་དགུ་མ།།སྙན་དགོ་ན་རྣ་བའི་བུ་རམ་རེད།།དུས་ཕར་ཕར་དུས་ཚོད་ཡོད་ཐོག་ལ།།སྙན་ལྷང་ལྷང་སྙན་ཚིག་གང་མང་ཞིག།ཁྲ་ཆུང་ཆུང་མིག་ཆུང་ཁ་སྔུན་ལ།།ལྟ་ཆོག་ཆོག་ལྟད་མོར་བཤམས་རོགས་གྱིས།།
སྤེལ་མཁན། དར་ལྕོག་གིས  IP:སྤེལ་དུས། :2014-04-25 12:25:51
རྩོམ་ཡག་པོ་བྲིས་འདུག་དགའ་བསུ་ཞུ།
སྤེལ་མཁན། ཚ་བའི་སྐར་ཆེན།  IP:སྤེལ་དུས། :2014-08-06 19:02:34
ངོ་སྨ་སྙན་གི་ཨ་རོགས།ཡག་པོ་ཞེ་དྲག་བྲིས་འདུག
སྤེལ་མཁན། 1963684479  IP:སྤེལ་དུས། :2015-02-12 08:29:00
ཧ་ཅང་སྙན་སོང་།
སྤེལ་མཁན། ཞེ་འཆི་མེད།  IP:སྤེལ་དུས། :2015-02-27 07:20:43
ཧ་ཅང་ཡག་པོ་བྲིས་འདུག དགའ་བསུ་ཡོད་
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།