སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
སྙད་འདོགས་འོག་གི་ཆོས་ལུགས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-04-03]  [རྩོམ་པ་པོ།:སུམ་པའི་མེ་གཤོག]  [ཀློག་གྲངས།:]

ཤེལ་གྱི་གངས་རི་དང་གཡུ་ཡི་མཚོ་མོ།།

ཡངས་པའི་རྩྭ་ཐང་དང་མཛེས་པའི་སྤང་ལྗང་།།

དྭངས་མའི་མཁའ་རླུང་དང་དག་པའི་ཆུ་བོ།།

གཙང་མའི་ཁོར་ཡུག་ཅིག་འདི་ན་ཆགས་སོ།།

 

རྐུ་རྫུན་གཡོ་ཁྲམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་།།

དད་དང་དམ་གཙང་གིས་དགེ་ལ་ཡིད་གཏད།།

བྱམས་བརྩེའི་གཤིས་བཟང་ཞིག་རྒྱུད་ལ་འཇག་པའི།།

ཞི་བདེའི་མི་རིགས་ཤིག་འདི་ནས་གྲོལ་ལོ།།

 

དེ་ནི་མཐོ་སྒང་གི་གངས་རིའི་ཞིང་ཁམས།།

དེ་ནི་འཛམ་གླིང་གི་གོ་ལའི་རྩེ་མོ།།

དེ་ནི་མི་རིགས་འདིའི་མེས་པོའི་ཕ་ས།།

དེ་ནི་ང་རང་གི་དུང་བརྩེ་ལུས་ས།།

 

འདི་ན་ལོ་རྒྱུས་ཀྱི་གསང་བ་འཐུག་ཅིང་།།

འདི་ན་སྔོན་རབས་ཀྱི་རྣམ་ཐར་མང་བས།།

འདི་ན་དར་གུད་ཀྱི་འཆི་གསོན་ཐུག་པའི།།

གཏམ་རྒྱུད་དུ་མ་ཡི་བྱུང་བ་ལོས་ཡོད།།

 

ཚེ་སྲོག་དམར་དམར་ལ་འཕྲད་པའི་བར་ཆོད།།

ཁ་བའི་བུ་ཡུག་བཞིན་འཚུབ་པའི་ཁྲོད་ནས།།

མི་ལོ་ཁྲི་ཕྲག་ཏུ་བགྲེས་ནས་ཡོད་པའི།།

ཆོས་ལུགས་རྙིང་པ་ཞིག་འདི་ན་དར་རོ།།

 

དེ་ནི་རང་རིགས་ལ་སྔ་ས་ཞིག་ནས།།

རང་སོ་རང་ཕེར་གྱི་རིག་གཞུང་ཡོད་ཅེས།།

གཟི་བརྗིད་འཛམ་གླིང་ལ་ངོམ་རིན་ཡོད་པའི།།

མེས་པོའི་ཆོས་ལུགས་ཏེ་གཡུང་དྲུང་བོན་ནོ།།

 

ཁྱེད་ཀྱི་ལོ་རྒྱུས་དངོས་ངག་ནས་གླེང་ན།།

འཇིག་རྟེན་སྐྱིད་སྡུག་གི་ལོ་ཟླའི་ཁྲོད་ནས།།

ལང་ཚོ་བཙན་རྒས་ཀྱི་བགྲེས་སོང་ཞིག་གི།

གཟུགས་བརྙན་དག་མ་ཞིག་ཡིད་ལ་འཆར་འོང་།།

 

རང་གི་མགོ་ཁུངས་དེ་གཞན་ལས་འཚོལ་ནས།།

གཞན་གྱི་བརྒྱུད་པ་ཞིག་འཛིན་དགོས་མེད་པར།།

ས་སྐྱེས་རྡོ་སྐྱེས་སུ་འདི་ནས་བྱུང་བས།།

ཁྱེད་ཀྱི་རིགས་རུས་ནི་ལྷ་ལས་གཙང་བ།།

 

རྗེས་འཇུག་རིམ་བྱོན་གྱིས་ཉམས་སུ་བླངས་དུས།།

ཕུང་པོ་ལྷག་མེད་ཀྱི་འཇའ་ལུས་འོད་སྐུར།།

གཅིག་ནས་གཅིག་རྒྱུད་དུ་ནམ་མཁར་དེང་སོང་།།

ཁྱེད་ཀྱི་གྲུབ་རྟགས་དེ་ཅི་འདྲའི་མཚར་བ།།

 

སྒོ་བཞི་མཛོད་ལྔ་ཡི་བོན་སྒོ་རྒྱ་ཆེ།།

ཐེག་པ་རིམ་དགུ་ཡི་གྲུབ་མཐའ་གཏིང་རིང་།།

ཕྱི་ནང་གསང་གསུམ་གྱི་འདུལ་ཐབས་གྲངས་མང་།།

བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་དཔུང་འཐུག།

 

བསྐལ་པ་ཡ་ཐོག་གི་དུས་སྐབས་ཤིག་ན།།

རྒྱལ་ཁམས་རྒྱལ་ཁྲིམས་ཀུན་ཁྱེད་ཀྱིས་དབང་བྱས།།

སྙིགས་མ་མར་འགྲིབ་ཀྱི་དུས་ཤིག་ཚེས་དུས།།

ཇི་ལྟར་དཔུང་མེད་དུ་གྱུར་ནས་ལྷག་སོང་།།

 

གནམ་གྱི་ཁྲི་བདུན་ལ་དབུ་ནས་ཟུག་པའི།།

འོད་ཀྱི་དམུ་ཐག་དེ་ཁྱེད་ཀྱི་ཡིན་དུས།།

སུ་ཡི་བསླུ་བྲིད་ཀྱི་རལ་ཁ་རྣོན་པོས།།

དགོས་པ་མེད་པ་རུ་འབྲེག་ཐབས་བྱས་སོང་།།

 

གཤེན་གླུ་ཐེངས་གསུམ་རེ་མ་བླངས་བར་དུ།།

བཙན་པོས་བཀའ་མཆིད་ཀྱང་སྒྲོག་ས་མེད་པའི།།

ཁྱེད་ལ་དབང་བ་ཡི་ཐོབ་ཐང་དེ་ལ།།

སུ་ཡིས་དོན་མེད་དུ་འཕྲག་དོག་ཟོས་སོང་།།

 

རྒྱལ་ཁམས་ཆོས་སྲིད་ཀྱིས་ཞི་བདེར་གནས་དུས།།

བློན་པོ་བློ་ངན་ཚོའི་ཕྲ་མས་དབྱེན་བཅུག།

བཙན་པོའི་སྙིང་ཁམས་ལ་བདུད་སེམས་ཞུགས་ནས།།

སུ་ཞིག་ཉེས་མེད་དུ་རྒྱང་ཕུད་བཏང་སོང་།།

 

སུ་ཞིག་དབེན་གནས་སུ་གཤེགས་དགོས་བྱུང་སོང་།།

གང་དག་ཟབ་གཏེར་དུ་སྦས་དགོས་བྱུང་སོང་།།

སུ་ཞིག་རི་གསེང་ན་འཚོ་དགོས་བྱུང་སོང་།།

ཅི་ཞིག་ལྷ་སྲུང་ལ་བཅོལ་དགོས་བྱུང་སོང་།།

 

གང་ཞིག་རྡུལ་ཕྲན་གྱི་ཀློང་ལ་ཐིམ་སོང་།།

གང་ཞིག་བར་ཆོད་འོག་ཞིག་ཧྲུལ་གྱུར་སོང་།།

སུ་ཡི་ལོ་རྒྱུས་ཀྱི་ཡིག་ཚང་འཐོར་སོང་།།

སུ་ཡི་ལས་དབང་ལ་གཏོར་བརླག་ཐེབ་སོང་།།

 

བརྡོལ་འཁྱལ་བསྒྱུར་གསུམ་གྱི་ཐ་སྙད་མོད་པོ།།

སུ་ཡིས་དོན་མེད་དུ་ཉན་དགོས་བྱུང་སོང་།།

མུ་སྟེགས་ལོག་ཆོས་སོགས་སྒྲོ་བཀུར་སྣ་ཚོགས།།

སུ་ཡིས་མིང་ཆད་དུ་འཁུར་དགོས་བྱུང་སོང་།།

 

བདེན་པའི་ལོ་རྒྱུས་ཀྱི་ཕུགས་མེད་ཟེར་ནས།།

སུ་ཡིས་ཁྱེད་ཉིད་ལ་མཐོང་ཆུང་བྱས་སོང་།།

ཁུངས་མེད་ལོ་རྒྱུས་ཀྱི་རྫུན་གཏམ་མང་པོས།།

སུ་ཡིས་ཁྱེད་ཉིད་ལ་སྨ་འབེབ་བྱས་སོང་།།

 

ཁ་ལག་འདྲེས་སོང་ན་ངན་འགྲོར་ལྟུང་ཞེས།།

སུ་ཞིག་ཁྱེད་ཉིད་དང་ཁ་ཕྲལ་གཏོང་སོང་།།

སངས་རྒྱས་སྒྲུབ་བྱེད་ཀྱི་གདམ་ངག་མེད་ཅེས།།

སུ་ཞིག་ལོག་ལྟ་ཡི་དབང་དུ་བསྒྱུར་སོང་།། 

 

སུ་ཡི་དད་མོས་ལ་གཏོར་བཤིག་བཟོས་སོང་།།

སུ་ཡི་སེམས་ངོས་སུ་རྨ་ཁ་གཏོད་སོང་།།

སུ་ཡི་སྤྱི་ཚོགས་ལ་ཟིང་འཁྲུག་བཟོས་སོང་།།

སུ་ཡི་འཆམས་མཐུན་ལ་འགོག་རྐྱེན་བཟོས་སོང་།།

 

རང་གི་མེས་པོ་ཚོས་བཞག་པའི་ཕ་ནོར།།

རང་གི་རིག་གཞུང་དེ་ཉམས་ཆག་འགྲོ་དུས།།

རང་གི་སྲོག་ལས་ཀྱང་གཅེས་པར་བྱས་ནས།།

སུ་ཡིས་ད་བར་དུ་རྒྱུན་འཁྱོང་བྱས་སོང་།།

 

ལོ་རྒྱུས་གཙང་དག་ཅིག་ཁྱེད་ལ་ལྡན་ཡང་།།

སུ་ཞིག་དྲང་བདེན་གྱི་བློ་མིག་ལྡོང་སོང་།།

བདེན་པ་ལུང་རིགས་ཀྱིས་ཁྱེད་ཕྱོགས་བྱེད་ཀྱང་།།

སུ་ཡིས་ཁ་ཤེད་ཀྱིས་རྫུན་རེད་ཟེར་སོང་།།

 

སྐྱིད་ལ་ཚོད་མེད་དུས་ཐམས་ཅད་དབང་བྱས།།

སྡུག་ལ་ཚོད་མེད་པར་ཀུན་གྱི་བརྙས་ཁུར།།

སྐྱིད་སྡུག་འཚོ་བ་ཡི་གཅོང་རོང་བར་ནས།།

སུ་ཡིས་ད་བར་དུ་སྡུག་རུས་ཁྱོག་སོང་།།

 

སངས་རྒྱས་ཆོས་ལུགས་ཀྱི་དོན་སྙིང་ངོ་མ།།

འཚེ་མེད་ཞི་བདེ་ཡི་ལྟ་གྲུབ་ཡིན་ཡང་།།

སུ་ཡིས་ཆབ་སྲིད་ཀྱི་ལག་ཆ་བྱས་སོང་།།

སུ་ཡིས་འཁྲུག་རྩོད་ཀྱི་རྐྱེན་དུ་ཁྱེར་སོང་།།

 

སྲིད་ཀྱི་ཁེ་དབང་ལ་ཐེ་གཏོགས་མ་བྱས།།

རང་ནུས་ཅི་ལྕོགས་ཀྱིས་དམངས་ཕན་བསྒྲུབས་ཏེ།།

དཀར་པོ་དགེ་བ་ཡི་ངང་རྒྱུན་བསྲིངས་ནས།།

སུ་ཞིག་ངེས་དོན་གྱི་ཞི་བདེར་གནས་སོང་།།

 

ཁ་བའི་ལས་དབང་གི་དར་གུད་རླུང་རེད།།

བསམ་ན་དེ་དག་ཀུན་སུ་ཡིས་ལན་སོང་།།

སུ་ཞིག་ད་དུང་ཡང་ཕྱོགས་ཞེན་ཁོ་ནས།།

ཁྱེད་ཀྱི་གྲུབ་མཐའ་ལ་སྨོད་བཞིན་བསྡད་འདུག།

 

__ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོ་ན་ཁོག་ལ་བཟུང་ནས་གཡུང་དྲུང་བོན་ལ་སྒྲོ་སྐུར་སྣ་ཚོགས་ཀྱི་སྨོད་པ་ཡིག་ངག་ཅི་རིག་གི་ཐོག་ནས་ཁ་སང་དེ་རིང་མང་དུ་མཐོང་ཐོས་བྱུང་བར།  ད་སྐབས་མི་རིགས་མཐུན་འབྲེལ་དང་སྤྱི་ཚོགས་འཆམ་མཐུན་བཅས་ལ་ཁ་ཕྱོགས་ཏེ།  བསམ་མནོ་གུ་ཡངས་ཀྱི་སློབ་གསོ་དར་སྤེལ་གཏོང་བཞིན་པའི་དུས་རབས་འདིར།  ད་དུང་ཡང་ཁུངས་མེད་པའི་བཤད་སྒྲོས་ཙམ་ལ་ཡིད་གཏད་ནས།  ཕན་ལས་གནོད་ཆེ་བའི་ཚིག་འཁྱལ་གང་བྱུང་དུ་སྨྲ་བཞིན་པའི་གུ་དོག་གི་མི་བུ་འདི་འདྲ་འགའ་ལྷག་འདུག་ཨང་སྙམ་སྟེ་འདི་ཉིད་བྲིས་པའོ།། 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 6 ཡོད།
སྤེལ་མཁན། ཤེས་མེད་སྙིང་སྟོབས་ཅན་ནས།  IP:སྤེལ་དུས། :2014-04-04 20:59:34
ཕ་བཟང་བུ།དངོས་གནས་ཡག་པོ་བྲིས་འདུགབོན་ཕྲུག་ཚོ།ཉལ་ནས་མ་འདུགཡ་ལ་ལོང་།ཤུག་རྒྱོབ།
སྤེལ་མཁན། བསྟན་དར་གྱིས་  IP:སྤེལ་དུས། :2014-04-05 21:48:47
ངོ་མ་ཡག་པོ་གདའ་བཀའ་དྲིན་ཆེ།
སྤེལ་མཁན། གངས་རིའི་འབྲོང་ཕྲུག་ནས།  IP:སྤེལ་དུས། :2014-04-07 14:25:32
རྩོམ་ཡག་པོ་བྲིས་འདུགརྩོམ་ཟེར་བ་དེ་འདྲ་དགོད་རེད།ངོ་མར་སུམ་པའི་མེ་གཤོག་ལ་དགའ་བཟུ་ཡོད།
སྤེལ་མཁན། བཀྲ་ཤིས་ནས  IP:སྤེལ་དུས། :2014-04-07 16:14:38
སྙན་ངག་ཡག་་པོ་བྲིས་འདུག
སྤེལ་མཁན། གངས་རི་དམར་པོ་ནས།  IP:སྤེལ་དུས། :2014-04-20 15:28:58
དཔེ་སྙན་པོ་ཡག་པོ་བྲིས་གདའ་ཨ་སྦ།
སྤེལ་མཁན། གཙོ་མཆོག།  IP:སྤེལ་དུས། :2014-07-03 19:11:18
ཡག་པོ་བྲིས་གདའ།ཡག་པོ་འདུག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།