དཔྱད་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགདཔྱད་རྩོམ།
ཀི་ཧོ་ཡ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-16]  [རྩོམ་པ་པོ།:གངས་རིའི་གསོས་ཆུང་།]  [ཀློག་གྲངས།:]

ཀི་ཧོ་ཡ།  འཛམ་གླིང་གངས་རིའི་ཡང་རྩེ་ནས།  ཕ་སྟར་མ་རྒྱུའི་སྲས་སུ་འཁྲུངས་པའི་ཁ་བ་རི་པའི་རིག་གཞུང་ངོ་མ་དེ།  སྟོང་ཉིད་སྙིང་རྗེའི་སྙིང་པོའི་སྒྲོམ་གཞི་ལས་མ་སློང་བ་དང་།  ཞག་རྩི་ཡིས་མ་ཟིན་པ་མེད་ཅིང་།  ཕྱི་རྡུལ་དངོས་པོར་སྨྲ་བའི་ཚན་རིག་པ་དང་།  རྟག་ཆད་ཀྱི་མུ་ལ་ཡན་པའི་གྲུབ་མཐའ་འཛིན་པ་སོགས་འཛམ་གླིང་ཐོག་གི་ཆོས་ལུགས་ཀྱི་རིག་གཞུང་སུས་ཀྱང།  འགྲན་མེད་ཟླ་དང་བྲལ་བ།  མཁའ་མཉམ་ཀྱི་ཞི་བདེ་ཆེན་པོ་བསྐྲུན་པའི་གླིང་ལྔ་མཛེས་པའི་ཏོག་ལྟར། ལྷང་ངེ་ལྷན་ནེར་གངས་ཅན་པའི་རིག་གཞུང་གི་གཟི་འོད་ཕྱོགས་ཕྱོགས་སུ་འཕྲོ་བཞིན་པ་ནི་ཇི་འདྲའི་བསྐལ་པ་བཟང་བ་ལ།  སྐལ་པ་བཟང་བའི་ཆ་ཤས་ལེན་པའི་འོ་ཅག་རྣམས་ནི།  འགྲན་མེད་སྲིད་གསུམ་སྒྲོན་མེ་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི༧ཡོངས་འཛིན་ཆེན་མོའི་སྐྱབས་འོག་ཏུ་འཚོ་བའི་དོན་པོ་ཆེ་ཞིག་སྟེ།  མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་གདུལ་བྱའི་སེམས་ཐོག་ཏུ་བསྐྲུན་པའི་བཟོ་ལས་ཀྱི་ར་བ།  འཛམ་གླིང་གཡས་བཞག་གི་ཕ་ནོར་བསྐྱེད་བསྲིང་བྱ་བའི་གནས་ཕུན་སུམ་ཚོགས་པ།  བོན་གྱི་གྲ་ས་ཆེན་མོ{དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེ་དང་།  དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང}ཞེས་པ་དེར། ཆེ་མཚོན་མིང་བརྡ་རེ་བའི་ནན་སློང་སུས་ཀྱང་མ་བྱས་ནའང།  འཛམ་གླིང་ཡོངས་ཐོག་གི་རླབས་ཆེན་མི་བོ་ཆེ་ཡི་ཚབ་མཚོན་མི་སྣ་དག་གིས་རྟོག་གཞིགས་བྱས་པའི་གཟིགས་ཚུལ་ངོ་མའི་ཆོད་ཚིག་བསྟར་བ།  ཐབ་ཆུང་ལ་མེ་ཚ་ཞེས་པའི་དཔེ་བརྡའི་མཚོན་རྟགས་ཕུལ་མྱོང་ཡོད་ལ།  ༧ རྒྱལ་བ་སྨན་རིའི་༧ ཡོངས་འཛིན་སྨྲ་དབང་མཆོག་ལའང་དེ་བཞིན།  གངས་ཅན་གྱི་རིག་གཞུང་རྙིང་པའི་ཚིག་མཛོད་ཅེས།  མཚན་བཟང་གི་ཅོད་པན་ཕུལ་བ་དག།  གསེར་སྣག་ས་འོག་ཏུ་སྦས་ཀྱང་།  གཟི་འོད་ནམ་མཁར་ཁྱབ་ཅེས་པའི་དཔེ་ལྟར།  ཡིན་ལུགས་མ་འགག་པའི་གོ་ས་ཡངས་མོ་དེ་ནས།  མ་བཅོས་རང་བྱུང་གི་མཚན་མ་ངང་གིས་རྡོལ་བའི་མིང་དོན་མཚུངས་པའི་གྲགས་དཀར་སྲིད་རྩེར་ཁྱབ་པ་ནི།  ཉི་ཤར་སྦར་མོས་མི་ཁོབ་པ་ཡེ་སྲིད་རྒྱལ་པོའི་བཅད་ཁྲིམས་བཙན་པོའི་བཀའ་ཡིས་བཅད་དོ།།

དམ་པ་གང་གི་གཟི་བྱིན་གྱི་སྣུམ་ཞག་ཆགས་པའི་འདུས་ཚོགས་ཀྱི་གླིང་ཁ་དེར།  མདོ་སྔགས་སེམས་གསུམ་གྱི་དོན་ནོམ།  གདུལ་བྱའི་རྒྱུད་ལ་གསོས་པའི་གོ་རིམ་ཤེལ་དཀར་སྐྲས་པའི་རྡང་ཕྲེང་རིམ་པ་མཛེས་ལ།  ལོ་ཟླ་ཞག་དུས་ཀྱི་འཁོར་འགྲོས་ཐོག གཅིག་སྟེང་གཉིས་སྣོན་གྱི་བསོད་ནམས་བསགས་པའི་གཉེར་རིས།  ཐོད་དཀྱིལ་ཏུ་རིམ་པར་འདུ་བའི་ལང་ཚོ་རྒྱས་པའི་ལུས་སྟོབས་འདེགས་པའི་རྐང་པ།  གྱེན་དུ་རིམ་པར་འདོར་དགོས་པའི་སློབ་གླིང་ཞིག་སྟེ།  ཆེ་རིགས་ཀྱི་རུས་འགོ་བརླམ་སའི་དམིགས་གསལ་མེད། བླུན་པོས་ནོར་རྐྱལ་ཁུར་བས་བསླུ་ས་མེད།  སྤྲུལ་རྫུན་གྱི་མིང་སྟོང་འཚོལ་བའི་གོ་སྐབས་མེད།  མདོར་ན་གངས་ཅན་གྱི་ལྔ་རིག་སློབ་པའི་སྲོལ་བཟང་གི་ཉམས་བག་ཅན་ལ།  དུས་བབས་ཀྱི་འགྲོས་སྟབས་རན་ཚོད་ངང་གིས་བྱུང་བའི་གོམ་ཁ་ཆེ་ཆུང་འཚམས་པ།  སྲོལ་རྒྱུན་དང་གསར་གཏོད་དབར་འབྲེལ་མེད་དོན་གཞན་མ་ཡིན་པར།  དངོས་རྒྱུད་ཀྱི་རྒྱུ་འབྲས་འབྲེལ་ཆགས་དོད་པའི་ཁ་བ་རི་པའི་མི་རིགས་ཀྱི་རིག་གཞུང་གསོན་དབུགས་རྒྱུ་བའི་ཁོར་ཡུག་ཐུན་མོངས་མིན་པ་གངས་རི་དཀར་པོའི་རྒྱབ་ལྗོངས་ཅན་གྱི་སློབ་གླིང་ཁོ་ནའོ།།   གནས་དེ་ན་ལྔ་རིག་གི་འཚོ་བ་གསོས་པའི་སྐལ་བ་ལྡན་པའི་སྐྱེས་བུ་དག་གིས་ངེས་རྒྱུ་ཞིག་སྟེ།  གཞུང་ལུགས་ཀྱི་ནང་ནོམ་མེད་པའི་ས་རྡོའི་དཔེ་འཚོལ།  བྱ་རོག་སོ་རྟོག་གི་བསྟན་བཅོས་ལ་གཡེང་བ། རིན་ཆེན་ནོར་བུ་ལེན་པའི་གླིང་ཁ་ནས།  མཆིང་བུ་བྱི་དོར་གྱི་ངལ་བ་ལྷུར་ལེན་བྱེད་པ།  དཔལ་འབྱོར་ཕུགས་དམིགས་ཀྱིས་ཀོར་ཙེའི་ཟུར་ལས་གཡེངས་བ།   དུས་ངན་སྙིགས་མའི་འཕྲིན་ལམ་དུ་དབང་པོ་རྦད་དེ་བསྒྲད་ནས"རྟོག་སད"ཅེས་པའི་རིག་འཆལ་དུ་བ་ནག་པོའི་ངད་ལ་ཆགས་ཤིང་།  དངོས་གཙོའི་རྟག་ཐེར་བརླམ་པའི་ནད་དུག་ཡམས་སུ་ཐེབས་པས།  བསམ་མི་ཁྱབ་པའི་སངས་རྒྱས་ཀྱི་གཞུང་ལུགས་དྲང་ངེས་འབྱེད་པའི་མིག་རྩ་ཞར་ནས་སྨྱོན་ཧམ་ཀྱི་སྨྲ་བསམ་བརྗོད་པ་རང་ཡན་ཏུ་བྱེད་པ་བཅས་ནི།  སློབ་གླིང་འདི་ཡི་ནང་ནོམ་བསྐྱེད་པའི་གཉའ་གཅོད་ཀྱི་རུ་འདྲེ་ངོ་མར་ཤེས་དགོས་པ་ནི།  རིགས་པ་ཚད་མས་བདེན་དོན་ཕུགས་སུ་བསྐྱལ་བའོ།།  དེ་ལྟར་ཤེས་པའི་སྐལ་ལྡན་སྐྱེས་བུ་དེ་ནི།  སློབ་འཁོར་ཕུན་སུམ་ཚོགས་པའི་རིགས་སུ་ངེས་པའི་ཨེ་མ་ངོ་མཚར་ཆེ་བའི་སྐྱེས་བུ་ཁོ་ན་ཡིན་ནོ།།  གླིང་དེ་ཡི་གནས་ལྔ་རིག་པའི་ནོར་བུ་མཆོག་ཏུ་གྱུར་པ།  མདོ་སྔགས་སེམས་གསུམ་གྱི་གཞུང་བབས་འགལ་མེད་འདུས་སོ་གཅིག་པ། གླང་ཆེན་གཅིག་ལ་མི་དགུས་འཇུས་ལྟར།  གཤིས་ལུགས་སྟོང་གསལ་ཁྱབ་གདལ་ཆེན་པོས།  "ནང་གི་རིག་པའི"གཞུང་ཤིང་བསླང་བ།  འབྱུང་བ་ལྔ་པོའི་རྫས་ནུས་རང་མཚན་སོ་སོ་བ།  ལས་ཀྱི་རྗེས་སུ་འགྲོ་ལྡོག་གི་འབྲེལ་གྲུབ་ཆགས་པའི་ཕྱི་སྣོད་འཇིག་རྟེན།  ཆགས་འཇིག་གནས་སྟོང་བཞི་ཡི་སྣང་ཚུལ་མ་འདྲེས་གསལ་བའི་གནས་སྐབས་བདེན་པའི་ལང་ཚོ་སྟེ།  འབྱུང་བའི་རྟེན་འབྲེལ་དང་། ལོ་ཟླ་ཞག་དུས་ཀྱི་འགྲོས་འགྲུལ།  དུས་དཔྱད་བླང་དོར་རིག་པ།  གནས་རྟེན་ལེགས་ཉེས་བརྟག་པ་སོགས།   "ཕྱི་ཡི་རིག་པའི"མན་ངག་གི་ཕྱི་ཡོལ་ལྕགས་རི་འཁོར་བ།  མིང་བརྡའི་སྐད་ཡིག་གི་ངག་གདངས་མ་འདྲེས་པས།  བརྡ་དོན་སྤྲོད་ཅིང་རིགས་པ་སྨྲ་བས་ལོག་པར་རྒོལ་བ་སྟེ།  "སྒྲ་ཡི་རིག་པའི"རུ་དར་སྤོ་ལ་བསྒྲེངས་བ།   ཤ་ཁྲག་དྲོད་དབུགས་ཀྱི་འབྱུང་ཁམས་ཕན་ཚུན་དོ་སྙོམ་བྱུང་མིན་ལས།  ལུས་ནད་འབྱུང་མིན་དང་འབྲེལ་བ་ལྡན་པའི་ནད་ཟུག་བསལ་བའི་གཉེན་པོ་སྟེ།  འབྱུང་ཁམས་ཕན་ཚུན་སྙོམས་སྦྱོར་བྱེད་པའི"གསོ་བ་རིག་པའི"མེལ་ཚེའི་སོ་མཁར་སྒང་ལ་བཙུགས་པ།  བསྟན་པ་རྗེས་སུ་བཞག་པ་སྟེ། གདུལ་བྱའི་སྣང་བ་བཏགས་སའི་རྟེན་གསུམ་བཞེངས་སྐྲུན་ཚད་དུ་ཡོད་པ"བཟོ་ཡི་རིག་པའི"བརྟན་གཟེར་རྣོན་པོ་གསེར་བྲག་གཏིང་ཏུ་ཐེབས་པ། མདོར་ན་ལྔ་རིག་གི་སློབ་རྒྱུན།  འཁོར་གྱི་ཚོགས་ལ་གསོས་པ་ནི།  བོན་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ།།  དེ་ལྟར་ཕུན་ཚོགས་ལྔ་ལྡན་གྱི་གླིང་ཁ་དེ་ཡི་སྐལ་པའི་ཆ་ལ་གནས་སྟེ། བཤེས་གཉེན་གྱི་མཚན་བཟང་སྤྱི་བོར་བཅིངས་ཁུལ་བྱས་པའི་ཁོ་བོས།  གླིང་དེ་ལ་ཕྱི་ཆགས་ཀྱི་དད་འཛུམ་གདོང་དུ་མུལ།   དུང་ཞེན་གྱི་མིག་ཟུང་གིས་རྒྱང་མཇལ་ཕུལ།  གྲགས་གསང་གི་མཚན་བརྗོད་ལ་དཀྲོང་ངེར་ཉན་དེ་བསྡད་པ་ན།  ཕྱོགས་དེ་དང་ཉེར་མཐོར་ཞིག་ན།  དུས་ལངས་ཀྱི་རླབས་སྒྲའི་གསེང་ནས"རྟོག་སད"ཀྱི་ཟིར་སྒྲ་ལྡིར།  དངོས་འཚོལ་གྱི་དྲི་ངད་མནམས་པས།  འུ་བུ་འགའ་ཡི་ངག་ནས་ཚོར་སྣང་གི་གསོང་སྐད་འཕྲིན་ལམ་དུ་ཤོར་སོང་།  གསང་བ་བསམ་མི་ཁྱབ་པའི་ཁོར་ཡུག་གི་ར་བ་སྐྱོང་བའི་ལག་རྡང་གཅིག་ཏུ་འདྲིལ་ཐལ།  ད་དུང་འདི་ལྟར།  གླིང་ཁ་འདི་ནས་བཤེས་གཉེན་གྱི་མཚན་འཆང་ཕེབས་པ་རྣམས་དང་།  ཕེབ་དགོས་ཀྱི་སྐྱེས་བུ་ཤེལ་ཕྲེང་བསྟར་ལ་ཆགས་པའི་ངང་ཚུལ་ཅན་རྣམས་ལ།  སྙིང་ཁོང་གི་རེ་བ་དང་སྨོན་ལམ་ཉག་གཅིག་ཏེ།  ཕྱི་ལྟས་སྣང་བ་དཀར་དམར་གྱི་རུ་ཤན་འབྱེད་པའི་རིགས་ལམ་སྤྲོས་པའི་མཚན་མ་གཅོད་གཙོའི་རྗེས་སུ་མི་འབྲང་བར།  ནང་སེམས་སྟོང་རིག་རྗེན་པའི་གནས་ལུགས་རང་ཆོད་ཀྱི་གསང་ལམ་ཡན་པའི་རྗེས་སུ་སྙོགས་ལ་རིངས་བའི་བྱིན་རླབས་ཚན་ཁ་མི་ཉམས་པ་ནི།  བླ་མ་སངས་རྒྱས་ལས་ལྷག་པའི་རྣལ་འབྱོར་བསྒོམ་པའི་དཀར་པོ་གཅིག་ཐུབ་ཀྱི་མྱོང་བ་ཞིག་ཅི་ནས་ཀྱང་སྐྱེ་ཐབས་ལ་རེམས་ན།  ད་གཟོད་གཞི་ནས་མདོ་སྔགས་སེམས་གསུམ་གྱི་གསང་མཐིལ་ངང་གིས་རྟོལ་བ་ཐེ་ཚོམ་ཅི་ཡང་མེད་དོ།།

ཞེས་འབྱུང་ལྡན་ ༣༠༡ རབ་བྱུང་ ༡༧  བོད་ཤིང་རྟ་ལོའི་ཧོར་ཟླ་ ༡ ཚེས་ ༡༥ ཉིན།   གངས་རིའི་གསོས་ཆུང་གིས།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། ཟླ་བ་ནས  IP:སྤེལ་དུས། :2014-04-07 14:32:01
ཕ་བཟང་བུ་རྩོམ་ཟེར་ལས་རྩོམ་དྲི་བྲོ་ལས་སིག་འདུགངོ་མར་དགའ་བསུ་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།