ཤིས་ཚིག གཙོ་ངོས།གཙོ་ངོས།རྩོམ་རིགཤིས་ཚིག
ཤིས་སྨོན་ལུང་གི་དགོངས་རྒྱན་ཞེས་བྱ་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-15]  [རྩོམ་པ་པོ།:དགེ་བཤེས་བསྟན་འཛིན་སྦྱིན་པ།]  [ཀློག་གྲངས།:]

    མདོ་དྲི་མེད་ལས། "བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །"ཞེས་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་ལུང་གིས་བསྟན་པའི་སྙིང་པོ་འགྲོ་དོན་དུ་འཕེལ་བཞིན་པའི་སྐབས་འདིར་ཕྱོགས་ཐམས་ཅད་ནས་དུས་དང་བསྟུན་པའི་མདུན་བསྐྱོད་ཀྱི་གོམ་པ་སྤོ་བཞིན་ཡོད་པ་ལྟར་དེ་རིང་ཡང་འདིར་<<ཁྱུང་པོའི་དྲ་བ་>>ཞེས་ཁ་བྱང་དུ་འཁོད་པའི་དྲ་གནས་ཤིག་གསར་དུ་ཤར་གཏོང་བྱེད་བཞིན་པའི་གནས་ཚུལ་ལགས། འདི་ནི་ཤེས་ཡོན་དང་། བསམ་བློ། ཆོས་ལུགས་ཀྱི་ལྟ་གྲུབ་བཅས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། དེ་བཞིན་རིག་གནས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་སའི་ར་བ་ཞིག་གམ། སྐབས་བབ་དུས་ཚེགས་ཁག་གི་མཛད་སྒོ་སོགས་གནས་ཚུལ་རྒྱུས་ལོན་བྱེད་སའི་གླིང་ཁ་ཞིག་ཀྱང་ཡིན་པ་གོར་མ་ཆགས། དེས་ན་སྐབས་འདིར་ཤིས་སྨོན་གྱི་ཚིག་ཁ་རེ་གཉིས་ཤིག་རྟེན་འབྲེལ་ལྷ་དར་ཞིག་གི་ཚབ་དུ་འབུལ་སྤྲོ་བ་ནི།
 རིགས་དྲུག་ཐར་ལམ་གྱི་མདོ་ལས། "སེང་གེ་གངས་ལ་འགྱིང་པ་བརྒྱད་ཀྱང་གཡུ་ཡི་རལ་པ་སྤྲུལ་པར་བྱེད། །སྟག་ཆེན་སྡེར་མོ་བཞིས་ཀྱང་མཐིང་གི་མེ་ཏོག་འཐོར་བར་བྱེད། །གཟིག་ཆེན་ཐིག་ལེ་བཞིས་ཀྱང་དུང་གི་མེ་ཏོག་འཐོར་བར་བྱེད། །གླང་ཆེན་སྣ་ལྗགས་བཞིས་ཀྱང་ཡིད་བཞིན་ནོར་བུ་འཐོར་བར་བྱེད། །"ཞེས་པ་ལྟར་རྟེན་འབྲེལ་ཤིས་ཚིག་གི་མེ་ཏོག་འཐོར་བར་བྱེད།
 སླར་ཡང་། དེ་ལྟའི་དགེ་མཚན་མེ་ཏོག་བཞད་པའི་དུས་ཀྱི་སྤང་ལྗོངས་ཡངས་པ་རུ། །རིག་པའི་འཁོར་ལོ་རླུང་རྟར་བརྫུས་པའི་གོམ་པའི་འདེག་འཇོག་རེ་རེ་ལ། །ཕྱོགས་བཅུའི་འགྲོ་བ་ཤུགས་ཀྱིས་སྒུལ་བའི་འོད་རེ་འཚེར་བའི་སྨོན་ལམ་དང་། །ཡིད་དུ་འཇོ་བའི་འདོད་དགུའི་ལེགས་ཚོགས་དུས་ཀུན་འགྲུབ་པའི་སྨོན་འདུན་ཞུ། །
      ཞེས་ཕྱོགས་ཐམས་ཅད་ནས་དྲ་བའི་རིག་གནས་གོང་འཕེལ་དང་འཐུས་སྒོ་ཇེ་ཚང་འགྲོ་བའི་སྨོན་འདུན་བཅས་དགེ་མིང་པ་བསྟན་འཛིན་སྦྱིན་པ་ནས་ཕྱི་ལོའི་༢༠༡༤ཟླ་༠༣ཚེས་༡༥ཉིན་བཟང་པོར་ཕུལ།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།