སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
འཕྲུལ་ཆས་མོད་པའི་དུས་རབས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-15]  [རྩོམ་པ་པོ།:ཁྲ་དོན་ལྡན།]  [ཀློག་གྲངས།:]

དྲན་དགུ་རིག་བཅུ་ཐབས་ཀྱི་མཛོད་འཆང་ཞིང་།
ཀླད་པའི་འཁོར་རྒྱ་ཡངས་པའི་ཚལ་རྩལ་པས།
ཆེ་བ་འཛམ་གླིང་བརླག་པའི་ཉིང་རྡུལ་ནས།
ཆུང་བ་མེ་ཁ་གསོ་བྱེད་ཙག་སྒྲ་ཡན།
འཇིག་རྟེན་མི་ལ་དགོས་རྒུ་ཕུན་ཚོགས་དཔལ།
གང་དགོས་ཚན་རྩལ་འཕྲིལ་ལས་སྐྱོང་འདི་རྨད།
ཉེར་གཅིག་དུས་རབས་གསར་པའི་སྒང་འདི་ལ།
སྟོབས་འབྱོར་ཡར་རྒྱས་མགྱོགས་པའི་ཨ་རི་སོགས།
སྔོན་ཐོན་རྒྱལ་ཁབ་ཙམ་གྱིས་མི་ཚད་པར།
དབེན་དགོན་ལུང་ཁུག་རི་གྲོང་དག་གི་ནང་།
ཚལ་རྩལ་རིག་པའི་བཀའ་དྲིན་བརྐྱངས་ནས་གདའ།
འདི་ནས་ཡར་གྱི་ང་ཚོའི་ཕ་མེས་དུས།
ངོ་མཚར་ཆེ་བའི་འཕོ་འགྱུར་འདི་འདྲ་བ།
མངོན་སུམ་དབང་པོའི་སྤྱོད་ཡུལ་ཕར་ལ་ཞོག།
ཡིད་ཡུལ་དུ་ཡང་དྲན་མྱོང་མེད་པའི་རྒྱུ།
དཀར་གསུམ་ཐོན་ཁུངས་བཟང་བའི་འབྲོག་ཁུལ་དུ།
ནོར་ལུག་སྟོང་གིས་བསྐོར་བའི་འབྲོག་བདག་མས།
དཀར་བཅུད་འོ་མཚོ་འཁྱིལ་བའི་ཀློང་དཀྱིལ་ནས།
ཞིམ་མངར་བཅུད་ཆེན་མར་དཀར་ལེན་པ་ལ།
རག་ཤན་མདོང་མོ་བསླངས་བའི་ཉེ་འགྲམ་དུ།
ཉིན་ལྟར་ཐོ་ཡོར་གཟུགས་ལྟར་མི་དགོས་པར།
མལ་གདན་ཡངས་མོར་ལུས་སེམས་ལྷོད་ཕབས་ནས།
འོ་སྲུབ་འཕྲུལ་གྱི་འཁོར་ལོ་བསྐོར་ཆོག་འདུག།
འབྲུ་རིགས་ཐོན་བསྐྱེད་ལེགས་པའི་རོང་ཁུལ་དུ།
འདེབས་ཞིང་སྟོང་གི་བདག་པོ་སོ་ནམ་པས།
རྨོ་བརྐོ་བརྔ་སྡུད་ལས་ཆེན་བྲེལ་བའི་སྐབས།
དགྱེ་དགུ་ལུས་ཀྱི་ངལ་བ་མི་དགོས་པར།
མ་ལག་ཚང་བའི་སྟབས་བདེའི་འཕྲུལ་སྤྱད་དེ།
ལོ་ཡི་ལས་དཀའ་ཟླ་ལ་བསྐྱལ་བ་དང་།
ཟླ་གཅིག་ལས་ཀ་ཉིན་ལ་བསྐྱལ་བཞིན་གདའ།
ད་དུང་བཤད་ན་དེ་བས་ག་ལ་ཚད།
རྨོད་མཛོ་མགོ་ཡི་གཉའ་ཤིང་ལྗིད་པོ་དང།
འགེལ་གཡག་རྒྱབ་ཀྱི་ཁུར་པོ་ཐང་ཕབས་ནས།
གཉོམ་ཆུང་གར་བཀོལ་བདེ་བའི་སྒོ་ཕྱུགས་ལ།
ངལ་མེད་ལུས་ལ་བཅིང་འགྲོལ་གཏང་བཞག་འདུག།
སྔོན་ཚེ་རྒྱལ་ཁབ་དབར་དང་རོང་འབྲོག་དབར།
བོང་ཆེན་མངག་དང་གཏམ་སྐྱེལ་འཕྲིན་གཏོང་དང་།
བླ་དཔོན་ཕེབས་བསུ་ཞུ་དང་སྣེ་ལེན་གཟབ།
འཛའ་མཐུན་ཆ་སྡེབ་བག་མ་བསུ་སྐྱེལ་སོགས།
གཏོང་ལེན་བྱ་བའི་ལས་མགོ་བརྩམ་པ་ལ།
བང་མགྱོག་རྟ་ཕོའི་ཆིབས་ཁ་མེད་པ་ན།
འགྲུབ་ཐབས་མེད་པའི་ཚུལ་ཞིག་ཡིན་ན་ཡང།
གསར་དར་འཕྲུལ་ཆས་མོད་པའི་དུས་གསར་འདིར།
མྱུར་བའི་ལྕགས་གཤོག་བརྐྱང་ནས་མཁའ་ལ་བསྐྱོད།
ཉིས་འཁོར་འཁོར་མང་བསྐོར་ནས་ས་སྟེང་བགྲོད།
བརྒྱ་ཕྲག་ལ་མོ་སྐད་ཅིག་ཡུད་ཀྱིས་བརྒལ།
མུ་མེད་ཐང་ཆེན་ཤོག་ལྷེ་བཞིན་དུ་བསྒྱུར།
ཇ་ཡུན་ཙམ་གྱིས་གླིང་ལྔ་མཚོ་བཞི་བསྐོར།
དམིགས་པའི་ཡུལ་དུ་མྱུར་བ་ཉིད་ནས་བསྐྱལ།
མདོ་བ་རྟ་ཕོས་ངལ་བ་དགོས་མི་འདུག།
བསམ་བཞིན་བསམ་ན་འཁོར་རིགས་འདི་དག་གི།
སྤྱོད་སྒོ་དགེ་མཚན་མཐའ་དག་བརྗོད་མི་ལངས།
ལེ་བར་ཁྲི་ཕྲག་མང་པོའི་བར་ཆོད་པའི།
ཕན་ཚུན་ཐག་རིང་ཡུལ་གྱིས་བསྐལ་ན་ཡང་།
འཛམ་བུ་གླིང་གི་གསར་བྱུང་གནས་ཚུལ་དང་
གཉེན་ཉེ་བར་གྱི་བདེ་འཚམས་ཁ་བརྡ་སོགས།
དྲ་ལམ་ཁ་པར་བརྙན་འཕྲིན་ཅི་རིགས་བརྒྱུད།
མངོན་སུམ་མིག་གི་མདུན་དང་རྣ་བའི་གམ།
ཁྱོད་དང་ཉེ་སར་འཁོར་ཡུག་བསྐྲུན་པ་འདི།
སྒྱུ་མ་མཁན་པོའི་མིག་འཁྲུལ་བསྟན་ལྟར་གྱི།
བློ་ལས་འགོང་བའི་རྒྱུ་ལས་མ་འཆིས་པ།
བརྡ་འཕྲིན་མ་ལག་ཕྱུག་པའི་བཀའ་དྲིན་རེད།
སྔོན་གཤེགས་རིག་འཛིན་དྲན་པ་ལ་སོགས་ཀྱིས།
བོན་གྱི་དཔེ་རྙིང་གཏེར་ཤོག་གླེག་བམ་དག།
ཁྲུང་ཁྲུང་ཀང་ཀའི་རྒྱབ་ལ་བཀལ་ནས་ནི།
གཡའ་རི་གངས་བྲག་གནས་སུ་གཤེགས་སོང་བ།
ཐུན་མོང་མིན་པའི་ངོ་འཚར་སྐྱེ་མྱོང་ཡོད།
ད་ལྟ་བསམ་ན་ངོ་འཚར་མི་ཆེ་སྟེ།
བྱང་བུ་སེན་མོ་ཙམ་དང་འཐེབ་སྡེར་U盘ནང།
གླུ་དབྱངས་པར་རིས་དབང་པོའི་ལོངས་སྤྱོད་དང།
སྟོང་ཚོ་བརྒལ་བའི་བཀའ་བརྟེན་གླེག་བམ་དག། 
གང་དགོས་རང་གིས་ལེགས་པར་བཅུག་ནས་ནི།
ལུས་དང་གྲིབ་མ་བཞིན་དུ་ཉར་ཆོག་འདུག།
ཁ་པར་ཟེར་ནས་ལག་མཐིལ་ཙམ་ཅིག་ནང།
འབྲུ་མིག་གསལ་བའི་ཕབས་གཞོང་ཆུང་ཆུང་ཐོག།
ཕྱག་གིས་སོར་མོའི་འཛུབ་བྲོ་བརྡུང་བཞིན་དུ།
དཀར་འཇམ་ཐིག་རིས་གསལ་བའི་དྲ་ཤོག་ངོས།
ཡིག་རིགས་སྣ་ཚོགས་གང་འདོད་བཏགས་ཆོག་གི།
སྣག་ཤོག་མི་རྙེད་དོགས་པ་དགོས་མི་འདུག།
ད་དུང་དེ་བས་མི་ཚད་ངོ་འཚར་ཏེ།
འཕྲུལ་དེབ་མཛོད་ཀྱི་དྲ་སྒོ་ཕྱེས་ནས་ནི།
འཕྲུལ་གཟུགས་ཅན་གྱི་ཡིད་འོང་དཔེ་གདང་ཐོག།
བལྟ་དེབ་སྣ་ཚོགས་གང་དགོས་ཕབས་པའི་རྗེས།
ལྗོངས་རྒྱུ་ལ་སོགས་འགྲུལ་བཞུད་དགོས་པའི་ཚེ།
རང་ལ་ཉེ་བར་མཁོ་བའི་དཔེ་དེབ་དག།
རང་ཉིད་གར་སླེབས་དེབ་ཡང་དེ་བཞིན་ཏེ།
ཁུག་ཆུང་གྲུ་བཞི་ནང་ནས་སློགས་ཆོག་གདའ།
མང་པོ་ཁུར་དྲུད་པང་གསུམ་དགོས་མི་འདུག།
ངོ་འཚར་ནང་གི་ངོ་འཚར་དེ་འདྲ་རེད།
ཆུ་བུར་མིག་གི་མདུན་ངོར་གྲུབ་པ་ཡི།
ནོར་བུའི་བང་མཛོད་ཟེར་བ་དངོས་ཡོད་ན།
རྒྱ་གོ་གཅིག་ཆོད་ངོ་འཚར་ཆེ་བ་ཡི།
འཕྲུལ་མཛོད་དེ་དག་བཞག་ན་མ་གཏོག་པ།
གཞན་ཞིག་བཙལ་ན་ངལ་བ་ཆེ་བའི་རྒྱུ།
ཚན་རྩལ་དང་ནི་བརྡ་འཕྲིན་དུས་རབས་ཞེས།
ཉེར་གཅིག་དུས་ལ་བཏགས་མིང་མང་ན་ཡང།
མི་ཟོག་གང་གི་དཀའ་ངལ་ཚེགས་ལེན་པའི།
རྒྱུན་གྱི་འཚོ་བའི་ལག་ཆར་གྱུར་པ་ཡི།
འཕྲུལ་རིགས་སྣ་ཚོགས་ཚ་རླབས་ཕྱུར་དུས་འདིར།
ངས་ནི་འཕྲུལ་གྱི་དུས་རབས་འབོད་ནི་འདོད།
ཚན་རིག་རང་བཞིན་ཅན་གྱི་ལམ་ཁ་ན།
རན་ཚོད་འགྲོས་ཀྱིས་ཟིན་པའི་གོམ་སྤོས་ནས།
རྨད་བྱུང་དུས་བབ་འདི་ཡི་རྗེས་བསྙག་ན།
ཕྱི་བཤོལ་ཕྱི་འབྱུང་བྱ་བ་ཡེ་བྲལ་པའི།
རིན་བྲལ་དུས་ཚོད་ཆུད་ཟོས་མི་འགྲོ་བར།
གྲོན་ཆུང་ལས་བརྩོན་རྒྱལ་ཁ་ཁྱོད་ལ་ཐོབ།
                        ཅེས་༢༠༡༤.༣.༡ ཉིན་བྲིས།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།