འཕྲིན་གསར། གཙོ་ངོས།གཙོ་ངོས།འཕྲིན་གསར།
བཟའ་བཏུང་སྤང་བླང་སྐོར།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-03-13]  [རྩོམ་པ་པོ།:མཁན་རྒྱ་མཚོ་ནོར་བུ།]  [ཀློག་གྲངས།:]

     ང་ཚོ་མི་ལ་ན་ཚ་མང་པོ་ཞིག་བཟའ་བཏུང་སྤང་བླང་མ་ཤེས་པའི་སྐྱོན་ལས་ཡོང་གི་ཡོད།  དེའི་ཕྱིར་བཟའ་བཏུང་སྤང་བླང་སྐོར་ལ་གཟབ་དགོས་པ་གལ་ཆེ་སྟེ།  རྩི་མར་བཟང་པོ་མི་ལ་བཙོངས།  ཤིང་མར་རྫུན་མ་རང་གིས་ཉོ།  ཅིན་ལིད་མར་གྱིས་མཁྲིས་སྐྲན་བཟོས་།  བསགས་པའི་སྒོར་མོ་སྨན་ཁང་བསྐྱལ།  ཟེར་བ་ལྟར།  ད་སྐབས་ལྷད་མེད་རང་བྱུང་གི་འཚོ་བཅུད་བཟའ་བཏུང་བཟང་པོ་རྣམས་ཕར་བཙོངས།  དུག་རིགས་རྫས་འགྱུར་གྱིས་བཟོས་པའི་ཕོར་ཐུག་ལྦུ་སིབ་ཁུ་ནག་གླང་དམར་འབུ་སྲིན་སོགས་བཟའ་བཏུང་ངན་པའི་རིགས་ཚུར་ཉོ་ནས་ལོངས་སུ་སྤྱད་པས་མི་ཕལ་ཆེར་ནད་པ་བཟོས་སྒོར་མོ་ཡོད་ཚད་དེ་ན་ཟད་པའི་དུས་འདིར་བཟའ་བཏུང་ངན་པའི་རིགས་འདི་དག་རབ་ན་གཏན་དུ་སྤང་ཐུབ་པ་དེ་མིན་ཉུང་ཙམ་ལས་ལོངས་སུ་སྤྱོད་མི་རུང་།  
  ཆང་རག་གི་ཉེས་སྐྱོན་ནི།
  ཆང་རག་ནི་ཉེས་སྐྱོན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ།  ཁ་ལོའི་འཁོར་ཕྱོགས་མཐའ་ལ་ཁྲིད་མཁན་ཆང་།  ཚོང་པའི་མ་རྩ་སྟོང་པ་བཟོ་མཁན་ཆང་།  དཔོན་པོར་རུལ་སུངས་ལམ་སྣ་སྟོན་མཁན་ཆང་།  བཟའ་ཚང་འཆམས་མཐུན་ཁ་བྲལ་གཏོང་མཁན་ཆང་།  ཕུ་ནུ་ནང་དམེ་གྲི་མཚོན་ཕྱར་མཁན་ཆང་།  ཚད་ལྡན་སྐྱེས་བུ་སྨྱོན་པ་བཟོ་མཁན་ཆང་།  དཔའ་བོའི་ཚེ་སྲོག་དགྲ་ལ་སྤྲོད་མཁན་ཆང་།  སློབ་གྲྭ་རྣམ་གཡེང་འདམ་ལ་འཇུག་མཁན་ཆང་།  སང་གི་བྱ་བ་གནངས་ལ་སྐྱེལ་མཁན་ཆང་།  ཉིན་མཚན་གོ་ལོག་འུག་པ་བཟོ་མཁན་ཆང་།  ངོ་ཚ་ཁྲེལ་མེད་ཁྱི་རྒན་བཟོ་མཁན་ཆང་།  ག་ལེར་ག་ལེར་རང་ཤི་རྒྱག་བྱེད་ཆང་།  ཁྱིམ་ཚང་སྟར་ཀ་ཕྱེད་གཤག་རལ་གྲི་ཆང་།  མཐུན་སྒྲིལ་གསེར་བྲག་གཏོར་བའི་འབར་རྫས་ཆང་།  གཞོན་ནུ་ཡར་རྒྱས་འགྲོ་བའི་བཀག་རྡོ་ཆང་།  མཐུན་གཉིས་དཀྲུག་ཤིང་རྒྱག་པའི་ཐུར་མ་ཆང་།  བླ་མའི་བསྟན་པ་རྩེ་ནས་བཤིགས་བྱེད་ཆང་།  གྲྭ་པའི་སྡོམ་པ་རྩ་ནས་ཉམས་བྱེད་ཆང་།  མི་དགེ་སྡིག་བཅུའི་གཏེར་ཁ་ཕྱེ་མཁན་ཆང་།  ཚེ་འདིའི་མི་ལུས་དོན་མེད་གཏོང་མཁན་ཆང་།  ཕྱི་མར་དམྱལ་བའི་གནས་སུ་ཁྲིད་མཁན་ཆང་།  མདོར་ན་འདི་ཕྱི་གཉིས་ཕུང་བྱེད་མཁན་ཆང་།  ཅེས་གསུངས་པ་བཞིན་ཡིན་པས་སྤངས་དགོས།  
  ཐ་མག་སྣ་ཐའི་ཉེས་དམིགས།  
  དེ་བཞིན་ཐ་མ་སྣ་ཐ་འདི་ལ་ཤིན་ཏུ་འཛེམ་དགོས་ཏེ།  འདི་ཉིད་འཐེན་ན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་རང་ལ་མགོན་པའི་འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ་དགུ་སོགས་དཀར་ཕྱོགས་ཀྱི་ལྷ་རིགས་ཡལ་ནས་མགོན་སྐྱོབ་མེད་པ་རང་ལ་གནོད་པའི་ཤི་འདྲེ་རྒྱལ་བསེན་འབྱུང་པོ་འཁོར་ནས་ཚེ་བསོད་དབང་ཐང་ཀླུང་རྟ་བླ་དཔལ་ཐམས་ཅད་ཉམས་འགྲོ་བ་མ་ཟད།  རྩ་དབུ་མ་དུག་གིས་འགག་ནས་འཆི་དུས་བླ་མས་འཕོ་བ་མི་ཐེབས་པའི་སྐྱོན་ཡོད།  ཚན་རིག་གི་ངོས་ནས་བཤད་ན་ནང་ཁྲོལ་ཐམས་ཅད་ན་ཚ་བཟོ་ནས་ཚེ་རིང་པོ་མི་ཐུབ་པ་དང་།  རྒས་སྔ་བ་སོགས་སྐྱོན་ཆེན་པོ་འབྱུང་གི་ཡོད་པ་བཤད་ཡོད།  ཁྲིམས་ལུགས་ཀྱི་ཐོག་ནས་བཤད་ན་ཁོར་ཡུག་ལ་གནོད་པས་གང་བྱུང་དུ་ལོངས་སུ་སྤྱོད་མི་ཆོག་གོ།  
                                                                                 
ཤོག་སྦག་སྐོར།  ང་ཚོའི་ལོ་གསར་དང་དུས་ཆེན་རི་བསྟོད་ལྷ་གསོལ་སྐབས་སུ་ཤོག་སྦག་བཀད་མི་རུང་ཏེ།  ཤོག་སྦག་གཏུག་པའི་བརྒྱུད་ནས་ཁང་པ་མང་པོ་མེ་ལ་ཤོར་བ་དང་།  བྱིས་པ་མང་པོ་རྨས་སྐྱོན་བཟོ་བ།  མཁའ་དབུགས་ཚང་མ་དུག་རྫས་ཀྱིས་ཁྱབ་པ།  ཡུལ་ལུང་ཐམས་ཅད་འཛེར་སྒྲས་གང་།  སྤངས་ལྗོངས་ཁོར་ཡུག་གད་སྙིགས་ཀྱིས་ཁྱབ་པ།  མི་མ་ཡིན་མང་པོའི་ཚེ་སྲོག་འཕྲོག་པ།  གློ་ནད་ལ་སོགས་འབྱུང་བ་བཤད་པས།  ཤོག་སྦག་འདི་གཏན་ནས་གཏུག་མི་རུང་ངོ་།།  

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 1 ཡོད།
སྤེལ་མཁན། གངས་རིའི་སེང་ཕྲུག་ནས།  IP:སྤེལ་དུས། :2014-03-18 15:47:54
རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོ་ལས་ཐོན་པའི། ལུང་རྟོགས་ཡོན་ཏན་ནོར་བུའི་ཐོར་གཙུག་ཅན།། ལྔ་སྙིགས་གདུལ་བྱ་སྐྱོང་བའི་དཔའ་བོ་སྟེ།། འདྲེན་མཆོག་འོད་ཟེར་སྦྱིན་པ་སྤྱི་བོར་མཆོད།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།