དཔོན་གསས་ལུང་གི་བོན་སྒོ། གཙོ་ངོས།གཙོ་ངོས།བོན་སྒོདཔོན་གསས་ལུང་གི་བོན་སྒོ།
མན་ངག་ལུང་གི་ཚད་མའི་ས་གཅོད་དང་འགྲེལ་པ་བཞུགས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།]   [ཟླ་ཚེས།:2014-01-06]  [རྩོམ་པ་པོ།:འཛམ་གླིང་མཁས་པ་མི་བཞི།]  [ཀློག་གྲངས།:]

ཞང་ཞུང་སྐད་དུ།  པྲ་མར་ཏེ་པྲ་ཏེ་ནུ་སྤུངས་ཀྱི་སྨར།  བོད་སྐད་དུ།  མན་ངག་ལུང་གི་ཚད་མའི་ས་གཅོད།  རྟོག་པའི་དྲ་བ་སེལ་མཛད་པ།  ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ།  །འདི་ལ་དོན་རྣམ་པ་གཉིས་ཏེ།  ཀླད་ཀྱི་དོན་བསྟན་པ་དང་།  གཞུང་གི་དོན་བསྟན་པའོ།  །ཀླད་དོན་བསྟན་པ་ལ་གཉིས་ཏེ།  ཁུངས་བཙུན་པར་བྱ་བའི་ཕྱིར།  སྒྲ་སྐད་ཀྱི་ཚོམས་བསྡེབ་པར་བསྟན་པ་དང་།  ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བའོ།  །གཞུང་གི་དོན་ལ་བཞི་སྟེ།  རྗེས་སུ་དཔག་པའི་སྒོ་ནས་ཡེ་ནས་སངས་རྒྱས་པ་གཅིག་ཏུ་བསྟན་པ་དང་།  མངོན་སུམ་གྱི་ཡེ་ནས་སངས་རྒྱས་པ་གཅིག་ཏུ་བསྟན་པ་དང་།  འབྲེལ་པ་སྒྲུབ་ཅིང་གཏན་ཚིགས་རང་བཞིན་གྱི་གཏན་ཚིགས་ཡིན་པར་བསྟན་པ་དང་།  འབྲས་བུའི་ས་བསྟན་པའོ།  །དང་པོ་ལ་དོན་གཉིས།  གཉིས་མེད་གཅིག་ཏུ་བསྟེན་པ་དང་།  ཤུགས་ལ་སྣང་བ་སྟོང་པ་གཉིས་རྟོགས་པའི་རྟགས་བསྟན་པའོ།  །དངོས་དང་སྒྲུབ་པ་རེ་ཤུགས་ལ་གོའོ།  །གཉིས་པ་ལ་ཡང་དོན་གསུམ་སྟེ།  མངོན་སུམ་གྱི་སྒྲུབ་པ་དང་།  ཤུགས་ལ་ཚད་མའི་མཚན་ཉིད་བསྟན་པ་དང་།  མངོན་སུམ་གྱིས་གྲུབ་པ་ལ་བཙད་པའི་སྐྱོན་སྤང་བ་བསྟན་པའོ།  །གསུམ་པ་ལ་དོན་གཉིས་ཏེ།  འབྲེལ་པ་གསུམ་ལ་བདག་ཉིད་གཅིག་པའི་རྟགས་སུ་རུང་པ་དང་།   རང་བཞིན་གྱི་གཏན་ཚིག་ཀྱི་སྦྱོར་བ་བསྟན་པའོ།  །འོག་མ་ལ་གཉིས།  དཔེ་ཚད་མ་དང་།  དོན་ཚད་མའོ།  །བཞི་པ་ལ་ཡང་གཉིས།  གཉིས་སུ་མེད་པར་རྟོགས་ན།  རྟོག་པ་མི་སྐྱེ་བར་བསྟན་པ་དང་།  རྟོག་པ་མེད་ཅིང་ཡིད་མ་གཡོས་ན།  འབྲས་བུ་ལྷུན་གྱིས་གྲུབ་པར་བསྟན་པའོ།  །ལུང་གི་ཚད་མའི་ས་གཅོད་རྫོགས་སོ།།  །།

   མན་ངག་ལུང་གི་ཚད་མ་བཞུགས། ༈  ཞང་ཞུང་སྐད་དུ།  ཏེ་རེད་ཏེ་སྤུངས་ཀྱི་སྨྲ།(སྟོང་པ་བཟང་།  ཁུངས་བཙུན་པའི་ཕྱིར་སྒྲ་སྐད་ཁྱད་པར་ཅན་བསྡེབས་ཤིང་མཚན་ཁྱད་པར་བསྟན།) རྒྱ་ནག་སྐད་དུ།  ཏད་ཀྱ་ལ་ཝ་རྦིངས།  རྒྱ་གར་སྐད་དུ།  ཨུད་པ་དེ་ཤ་ཀ་ལ་སྲ་མ་རྦོམ། (བཤད་པར་དམ་བཅའ།) བོད་སྐད་དུ།  མན་ངག་ལུང་གི་ཚད་མ།  རྟོག་པའི་དྲྭ་བ་ མུ་སྟེགས་ཀྱི་རིག་པ་རྣམས། སེལ་མཛད་པ།  ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ།  །(ཕྱག་འཚལ་བ་བསྟན་པ།)  ཟབ་མོ་ཆ་ཤས་བརྟག་དཀའ་བ།  ཚད་མས་གཏན་ལ་དབབ་པར་བྱ།  སྐྱེས་བུ་མི་(དེ་ལ་གཉིས་) བསླུ་མ་འཁྲུལ་པ།  མངོན་སུམ་པ་དང་རྗེས་སུ་དཔག  དེ་ཡི་མ་འཁྲུལ་མི་བསླུ་བྱེད།  འདི་དང་བོན་སྐུ་གཉིས་མེད་དེ།  (གཉིས་མེད་གཅིག་ཏུ་བསྟན་པ།)  འདུག་ས་ཐ་དད་མེད་པའི་ཕྱིར་རོ།  །(དཔེར་ན་གཟུགས་དང་སྟོང་པ་བཞིན།) གལ་ཏེ་ཐ་དད་ཡོད་པ་ན། (ཕྱི་རོལ་དོན་ཁས་ལེན་པ་ན་རེ།) སྣང་བ་འདི་ནི་ལོགས་ཤིག་གམ།  དེ་ལྟར་ཡིན་ན་སྟོང་པ་ཡི།  བཙལ་ཡང་རྙེད་པར་མི་འགྱུར་རོ།  །གལ་ཏེ་དེ་རྙེད་ཁྱོད་ཟེར་ན།  མངོན་སུམ་རྗེས་དཔག་གང་གིས་འགྲུབ།  སྟོང་པ་མངོན་སུམ་དེས་མི་འགྲུབ།  གལ་ཏེ་གྲུབ་ན་ཅི་ལྟ་བུ།  (ཡོད་པར་ལྟ།) རྗེས་སུ་དཔག་ན་རྟགས་ཅི་ཡོད། (རྟགས་མེད།) དེས་ན་སྣང་བ་འདི་དང་ནི། (སྣང་ཙམ་སྟོང་།)སྟོང་པ་བདག་ཉིད་གཅིག་པའོ།  །དེས་ན་སྣང་སྟོང་འདུག་ས་གཅིག  གཉིས་སུ་མེད་པར་བོན་སྐུར་ཟེར།  དེས་ན་རྟགས་དེ་གྲུབ་པའོ།  །སྣང་བ་སྟོང་པ་གཉིས་མེད་ངང་། (ཤུགས་ལས་སྣང་བ་སྟོང་པ་གཉིས་རྟོགས་པའི་རྟགས་བསྟན་པའོ།) རྟོག་པ་མཐུན་ནས་རྒྱུ་སྐྱེད་ཕྱིར་རོ།  །དེའི་སྣང་བ་མ་འགག་བསྟན།  ཀུན་ཏུ་བརྟག་ན་ཅི་གྲུབ་མེད།  རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཕྱིར།  དེའི་སྟོང་པར་ཁེགས་པ་ཡིན།  སྣང་བ་ཡོད་ཚོད་ཙམ་དུ་ནི། (ལན་དུ་མ་ན།) རྒྱུ་དང་རྐྱེན་གྱིས་བསྐྱེད་པས་གྲུབ།  ཞེན་པ་པོ་ཡི་བླུན་པོ་ཡི།  རྟོག་པ་མཐུན་པར་ཁྱེད་ཀྱང་འདོད།  སྣང་བ་བཅུད་དང་མུ་མཐའ་གྲུབ།  གཅིག་ཏུ་ཡོད་དམ་དུ་མར་ཡོད། (ལན་དུ།) གཅིག་ཏུ་ཡོད་པར་མི་སྲིད་དེ། (རིག་པ་ཅན།)  དུ་མ་འང་ཡོད་པ་ག་ལ་བ།  དེས་ན་རྟོགས་ཚད་དེས་འགྲུབ་བོ།  །དེས་ན་དངོས་པོ་གཅིག་ལ་ཡང་།  སྣང་སྟོང་གཉིས་ཀ་ཚང་བ་སྟེ།  བདག་ཉིད་གཅིག་པར་མི་འདུག་གམ།  དེ་དང་དེ་ལ་འདུག་པ་ཡང་།  ཐ་དད་ཅུང་ཟད་མེད་པའོ།  །གཉིས་པ་ཐ་དད་ཁ་ན་ཡམ། (རིག་པ་ཅན་ལ་ཕར་དྲིས་པ།)  ཡང་ན་དོན་དམ་གཉིས་པར་འདོད། (དངོས་དང་སྒྲུབ་ཤུགས་ལས་གོ་བར་བསྟན་པ།)  ཐ་དད་ཡིན་པར་ཁྱོད་མི་འདོད།  དོན་དམ་པ་ཡི་ངོ་བོ་ལ།  གཅིག་པར་སྐྱོན་བརྗོད་པ་) འདོད་ན་སྐྱོན་འདི་ཡོད།  བསྟན་པ་དག་ལ་དོན་མེད་དང་།  ལས་དང་ཐུགས་རྗེ་འབྲེལ་མེད་འོང་།  ཡང་ན་ངལ་བ་(སེམས་ཅན་དུ་) ཚི་ཆད་དུ།  འབད་པ་(སངས་རྒྱས་) མེད་པ་གྲོལ་བའོ།  །དེ་ནས་ཐམས་ཅད་མ་ལུས་པ།  ཡེ་སངས་རྒྱས་པ་གཅིག་པུ་ཡིན།  ཤིན་ཏུ་མཁས་པའི་བློ་ངོས་ལ། (དེ་ལ་གསུམ་མངོན་སུམ་གྱི་གྲུབ་པ་དང་།)  གཅིག་པར་མངོན་སུམ་དག་གིས་གྲུབ།  ཁྱེད་(གཉིས་སུ་སྣང་བ་)ཀྱི་མངོན་སུམ་(དྲིས་པ་)གཅིག་ཇི་ལྟ་བུ།  རྟོག་པ་མེད་ཅིང་མ་འཁྲུལ་བར།  དེ་ནི་ཁྱེད་ཀྱང་མི་འདོད་དམ།  དེས་ན་གཉིས་སུ་མེད་པ་ལ།  གང་དུ་འཁྲུལ་ཅིང་གང་དུ་རྟོགས།  གཉིས་སུ་ཡོད་ལ་མི་རྟོག་པ།  ཁྱོད་ཀྱི་འདོད་པ་ཅིས་མ་ནོར།  གནས་སྐབས་མངོན་སུམ་རང་རིག་ཡིན།  རྣལ་འབྱོར་མངོན་སུམ་མཐར་ཐུག་གོ  །དེ་ལ་ཚད་མ་དམ་པ་ཡིན་ཟེར།  ཚད་མའི་མཚན་ཉིད་བསྟན་པ་ནི།  མ་རྟོགས་དོན་གསལ་མཐར་ཐུག་གོ  །(རིག་པ་ཅན་གྱི་སྡེ་ལ་འདོད།) མ་རྟོགས་དོན་གསལ་ཙམ་གྱིས་ནི། (རིག་ཅན་གྱི་ཚད་མ་ལ་སྐྱོན་བརྗོད་པ།) སྐྱེས་བུ་མི་བསླུ་(ཤུག་ལས་)ག་ལ་འགྱུར།  མི་མཁས་པ་ཡི་བློ་ངོས་ལ།  མ་རྟོགས་དོན་གསལ་ཅི་ལ་མེད།  དེ་ཡིས་སྐྱེས་བུ་ཅིས་མ་བསླུས།  བསླུ་ཡང་ཚད་མ་ཡིན་པར་ནི།  ཁྱེད་ཀྱང་ཁ་ཡིས་ཅང་ལེན་ནམ།  དེས་ན་མཐར་ཐུག་ཚད་མའོ།  །སྣང་བ་འདི་ཉིད་ (རིགས་པ་ཅན་གྱི་སྐྱོན་བཀག་པ།) སངས་རྒྱས་ན། (མངོན་སུམ་གྱིས་གྲུབ་པ་ལ་རྩོད་པའི་སྐྱོན་སྤངས་པའོ།) བདེན་པ་མཐོང་བ་ཐལ་བར་འགྱུར།  འབད་པ་མེད་པར་གྲོལ་བར་འགྱུར།  བདེན་པ་མཐོང་བ་འདོད་ཐོག་ཡིན། (རང་གིས་ལན་བཏབ་པ།) འབད་མེད་གྲོལ་བ་རྟོག་ཡུལ་གཉིས།  མི་མཁས་པ་ཡི་བློ་ངོས་ལ།  མཐོང་ཡང་མ་གྲོལ་ཅི་ཞིག་སྟེ།  དཔེར་ན་སྔ་ནས་མ་མཐོང་བའི།  གང་ཟག་གཅིག་འདོད་འཕྲད་མཐོང་ཡང་།  མ་བསྟན་ངོ་མ་ཤེས་དང་འདྲ།  ཤིན་དུ་མཁས་པའི་བློ་ངོས་ལ།  འབད་མེད་གྲོལ་བ་འདོད་ཐོག་ཡིན།  སྣང་བ་འདི་ནི་འཁྲུལ་པ་ཞེས།  མ་འཁྲུལ་དོན་གཅིག་ལོགས་ཡོད་ན།  མངོན་སུམ་འཁྲུལ་པ་ཅན་དུ་ཐལ།  འཁྲུལ་པ་ཁྱད་པར་མེད་པའི་ཕྱིར།  ཡང་ན་རྣམ་པ་ཐམས་ཅད་དུ།  དོན་དང་འཕྲད་པར་མེད་པར་ཐལ།  ལྗོན་ཤིང་འགྲོ་བ་གཟུང་དོན་གྱིས།  འགྲོ་དང་འཕྲད་མེན་འདུག་འཕྲད་མེད།  དེས་ན་བསྟན་དོན་འཕྲད་མེད་པས།  ཁྱེད་ཀྱི་མངོན་སུམ་འཁྲུལ་པར་མངོན།  ང་ཡི་སྣང་བ་ཡངས་པར་གྲོལ།  སྣང་བ་ཉིད་ན་ཡེ་སངས་རྒྱས།(རང་གི་འདོད་པ་སྒྲུབ་པ།) ཡེ་སངས་རྒྱས་པའི་དོན་ལ།  གང་དུ་འཁྲུལ་ཅིང་གང་དུ་རྟོགས།  དེ་ནི་གཅིག་པུ་ལྷུན་གྲུབ་ཡིན།  གཉིས་སུ་མེད་ལ་གཉིས་བརྟགས་པས།  དེ་ནི་ངེས་པར་འཁྲུལ་པ་ཡིན།  ཟླ་བ་གཉིས་སྣང་དེ་དང་འདྲ།  དེས་ན་མི་འཁྲུལ་དོན་མ་རྙེད།  ཟླ་བ་གཉིས་པོ་གང་མ་འཁྲུལ། (ཟླ་བ་གཉིས་གང་འཁྲུལ་ཐེ་ཚོམ་ཟ།) དོན་དམ་ཀུན་རྫོབ་སངས་རྒྱས་དང་།  སེམས་ཅན་གང་འཁྲུལ་ཐེ་ཚོམ་ཟ།  དེས་ཀྱང་གཅིག་པུ་ཡེ་སངས་རྒྱས།  བདེན་པ་རིག་པས་གྲུབ་པ་ཡིན།  འབྲེལ་བ་(དེ་ལ་གཉིས་འབྲེལ་གསུམ་འབྲེལ།) གསུམ་ལ་གཏན་ཚིགས་གཅིག (བདག་ཉིད་གཅིག་པས་རྟགས་སུ་རུང་བ་དང་།) རང་བཞིན་བདག་ཉིད་གཅིག་པ་དང་།  དེ་ལས་བྱུང་དང་རྒྱུ་རྐྱེན་རྒྱུ།  དེ་ཅན་འགྲེལ་(འབྲེལ་)པ་རྣམ་གསུམ་ལས། (འགྲེལ་བ་ཡོད་དམ་མེད་པའི་ལན།)  བདག་ཉིད་གཅིག་པའི་གཏན་ཚིགས་རུང་།  གཉིས་ནི་འབྲེལ་ཡང་རྟགས་མི་རུང་།  འབྲས་བུ་རྟགས་རུང་གཅིག་(རིག་པ་ཅན་གྱི་སྐྱོན་བཀག་པ་) པར་ཐལ།  གལ་ཏེ་ངོ་བོ་གཅིག་(རང་བཞིན་གཏན་ཚིགས་སྦྱར་བ་དྲན་པ།) པས་ན།  རྒྱུ་འབྲས་དམ་བཅའ་ག་ན་ཡོད།  ངོ་བོ་(རང་གི་ལན་བརྗོད་པ་)མི་གཅིག་རྟགས་རུང་ན།  རྟ་ཡི་རྟགས་སུ་བ་གླང་ཐལ།  དངོས་སུ་བདག་ཉིད་གཅིག་པ་ལ།  བློ་དང་འབྲེལ་བར་བཞག་པ་ཡིན།  དེས་ན་རྗེས་དཔག་བློ་དོན་ཡོད།  དེ་ཡི་སྦྱོར་བ་འདི་(གཏན་ཚིགས་བསྟན་པ་) དང་འདྲ།  འདི་མི་རྟག་སྟེ་བྱས་པའི་ཕྱིར།  བུམ་པ་བཞིན་ཏེ་འདི་ཡང་བྱས།  དེ་ནི་རང་བཞིན་གཏན་ཚིགས་ཡིན།  བྱས་དང་མི་རྟག་བདག་ཉིད་གཅིག  འདུག་ས་ཐ་དད་མེད་ཕྱིར་རོ།  །གཟུགས་དང་སྟོང་པ་ཉིད་བཞིན་ནོ།  །དེ་ནི་དཔེ་ཡི་ཚད་མའོ།  །འདི་ནི་རྐྱེན་ (རང་གི་དམ་བཅའ་སྒྲུབ་པར་བསྟན་)ལས་བསྐྱེད་པའི་ཕྱིར།  ངོ་བོས་གྲུབ་པ་མེད་པའོ།  །དཔེར་ན་ཆུ་ཡི་རྦུ་བ་བཞིན།  ངོ་བོ་གྲུབ་མེད་རྐྱེན་ལས་འབྱུང་།   བདག་ཉིད་གཅིག་སྟེ་གོང་མ་འདྲ།  གཅིག་པ་དེ་ལ་དེ་སྐད་བྱང་།  མུ་འམ་མཐའ་ནི་ཐམས་ཅད་ལ།  རང་བཞིན་ཀ་དག་གནས་པ་དེ།  འདུག་ས་གཅིག་པས་ཐམས་ཅད་དེ།  དེས་ན་གཉིས་སུ་སྨྲ་བ་ཉམས།  གཉིས་མེད་པའི་དོན་རྟོགས་ན།  གང་དུ་རྟོགས་ཤིང་གང་དུ་ལྷུང་།  གཉིས་སུ་མི་རྟོགས་གཅིག་ཏུ་ཡང་།  ཡིད་ལ་བཞག་པར་བྱ་བ་མེན།  མེད་པ་རྟོགས་ཏུ་མི་བཏུབ་ལ།  ཡོད་པ་རྟོགས་པ་ག་ལ་ཏེ།  གཉིས་མེད་ངང་ལ་ཡིད་མི་གཡོ།  དེ་ནི་འབྲས་བུ་ལྷུན་གྱིས་གྲུབ།  མན་ངག་ལུང་གི་ཚད་མ་ཞེས་བྱ་བ་རྫོགས་སོ།  

  མན་ངག་ལུང་གི་ཚད་མའི་འགྲེལ་པ་བཞུགས་སོ།།

རྟོག་པའི་དྲྭ་བ་གཅོད་མཛད་ཅིང་།  ཟབ་ཅིང་རྒྱ་ཆེའི་དོན་བསྟན་པ།  གཅིག་ཏུ་རྟོགས་པའི་ཀུན་བཟང་འོད།  རྟོག་མེད་དེ་ལ་བདག་ཕྱག་འཚལ་ལོ།  །སྒྲ་སྐད་བསྡེབས་པ་འདི་སླའོ།  །རྟོག་པའི་དྲྭ་བ་སེལ་མཛད་པ།  ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ།  །ཅེས་པ།  རྣམ་པར་རྟོག་པ་སེལ་བར་བྱེད་པ་ནི།  ཀུན་གཅིག་ཏུ་མཁྱེན་པ་དེ་ཀུན་ཏུ་བཟང་པོའོ།  །དེ་ནི་ཤིན་ཏུ་མཁས་པའོ།  །ཟབ་མོ་ཆ་ཤས་བརྟག་དཀའ་བས།  ཚད་མས་རྒྱན་ལ་དབབ་པར་བྱ།  ཅེས་པ།  ཟབ་པ་ནི་གཉིས་སུ་མེད་པའི་དོན་རང་བཞིན་ཀ་དག་ཡིན་ཏེ།  དེའི་ཆ་ཤས་ཙམ་ཡང་རྟོགས་པར་དཀའ་བ་ཡིན་ན།  དེ་ནི་ཚད་མས་གཏན་ལ་དབབ་པར་བྱའོ།  །སྐྱེས་བུ་མི་བསླུ་མ་འཁྲུལ་བ།  མངོན་སུམ་པ་དང་རྗེས་སུ་དཔག  ཅེས་པ།  སྐྱེས་བུ་ནི་གོ་སླའོ།  །མི་བསླུ་བ་ནི་དོན་རྟོགས་ཅིང་འཕྲད་པའོ།  །དེ་ཡང་ཡིད་ཆེས་པའོ།  །བསླུ་བ་ནི་རིག་པ་ཅན་ལས་སོགས་པའོ།  །གཉིས་མེད་པ་ལ་གཉིས་སུ་འཛིན་པའམ།  དོན་མེད་དོན་དུ་བཟུང་པའོ།  །འཁྲུལ་པ་ནི་ཟླ་བ་གཉིས་སུ་སྣང་བའམ།  མིག་ནམ་མཁའ་ལ་སྐྲ་ཤད་འཛིངས་པའམ།  མེའི་འཁོར་ལོ་འམ་ཆུ་ཡི་རྟ་པོ་ལས་སོགས་པའོ།  །དེ་ནི་མི་མཁས་པ་ལ་འཁྲུལ་བསླུ།  འདི་ལྟར་སྣང་བ་མ་འཁྲུལ་མི་བསླུ་ཟེར།  དེ་བཞིན་དུ་མི་མཁས་པ་ལ་འདི་མི་འཁྲུལ་བ་བཞིན་དུ།  ཤིན་ཏུ་མཁས་པ་ལ་ཚད་མས་གཏན་ལ་ཕབ་པ།  མངོན་སུམ་དང་རྗེས་སུ་དཔག་པས་གཏན་ལ་ཕབ་པ།  དེ་ཡི་མི་བསླུ་མི་འཁྲུལ་བྱེད།  ཅེས་བསྟན།  འདི་དང་བོན་སྐུ་གཉིས་མེད་དེ།  འདུག་ས་ཐ་དད་མེད་ཕྱིར་རོ།  །ཞེས་པ།  འདི་ནི་སྣང་བ་འདི་དང་བོན་གྱི་སྐུ་གཉིས་སུ་མེད་པ་གཅིག་ཡིན།  འདུག་ས་ཐ་དད་མེད་པའི་ཕྱིར།  གལ་ཏེ་ཐ་དད་པ་གཅིག་ཡོད་ན།  སྣང་བ་འདི་ལས་མ་གཏོགས་པའི་སྟོང་པ་གཅིག་ཡོད་དམ།  གལ་ཏེ་དེ་ལྟར་ཡོད་ན།  སྟོང་པ་བཙལ་གྱིས་མི་རྙེད་དེ།  རིག་པ་ཅན་ན་རེ་རྙེད་ཟེར་ན།  ཚད་མས་མ་གྲུབ་པ་གཅིག་ཡོད་ཟེར་ན།  ཁྱོད་རང་གི་བསྙོན་པ་དང་འདྲ།  ཚད་མས་མ་གྲུབ་ན་མངོན་སུམ་དུ་ནི་མཐོང་དུ་མི་རུང་།  རྗེས་སུ་དཔག་ཏུ་ནི་ད་ཅིས་མི་འགྲུབ།  འདི་རང་བཞིན་མེད་པའམ།  སྟོང་པར་བསྒྲུབ།  རིག་པ་ཡོད་དེ་ཁྱོད་མི་འདོད།  གལ་ཏེ་འདོད་ན་སྣང་བ་ལས།  ལོགས་ན་ཡོད་པའི་དམ་བཅའ་མེད།  དེས་ན་སྣང་བ་སྟོང་པ་བདག་ཉིད་གཅིག་པའོ།  །དེ་ལ་ཁ་གཅིག་ན་རེ།  སྣང་བ་སྟོང་དུ་མི་བཏུབ།  སྟོང་པ་ཙམ་དུ་སྣང་དུ་མི་བཏུབ་ཟེར་བ་ལ།  དེ་ལ་སྣང་བ་ངོ་བོ་མ་གྲུབ་པ་དེ་ལ་སྟོང་ཟེར།  ངོ་བོས་མ་གྲུབ་པ་དེ་ཝལ་ལེ་ཁྱུག་གེ་སྣང་བ་དེ་ལ་སྣང་བ་ཟེར།  དེས་ན་སྣང་ཙམ་ན་སྟོང་།  སྟོང་ཙམ་ན་སྣང་ཞེས་བྱའོ།   །དེས་ན་སྣང་སྟོང་གཉིས་བདག་ཉིད་གཅིག  འདུག་པ་གཅིག་པ་དེ་ལ་བོན་སྐུ་ཟེར་བ་ཡིན།  དེས་ན་གོང་གི་རྟགས་ཏེ་གྲུབ་པའོ།  །སྣང་བ་སྟོང་པ་གཉིས་མེད་ངང་།  ཞེས་པ།  གཉིས་མེད་ཀྱི་གཏན་ཚིགས་གང་དུ་བསྟན་ནས།  ཤུགས་རྟོག་པ་མཐུན་པའི་ཕྱིར་དང་།  རྒྱུ་དང་རྐྱེན་གྱིས་བསྐྱེད་པས་སྣང་བ་མ་འགགས་པ་ཡིན།  ཀུན་ཏུ་བརྟགས་ན་གཅིག་ཏུ་གྲུབ་པ་མེད་པའི་ཕྱིར་དང་།  རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར།  སྟོང་པར་ཁེགས་པ་ཡིན་ནོ།  །སྣང་བ་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་འདོད་པ་ལ།  ལན་དུ་སྣང་བ་འདི་ཡོད་པར་འཛིན་པ་རྒྱུ་དང་རྐྱེན་གྱིས་གྲུབ་པའོ།  །རྟོགས་པ་མི་མཐུན་ནོ།  །ཟེར་བ་ཡོད།  རྟོགས་པ་མཐུན་ན་ཆུ་ལ་དྲུག་ཏུ་ཅི་ལ་མཐོང་ཟེར་བ་ལ།  ད་རེས་སྣང་བ་འདི་ཡོད་ཚོད་ཙམ་ན།  ཞེན་པ་པོ་རྣམས་ལ་མཐུན་པར་སྣང་ངོ་།  །དེ་ཚོད་དུ་མཐུན་པར་ཁྱེད་རང་ཡང་འདོད།  ཀུན་ཏུ་བརྟགས་ན་གཅིག་ཏུ་གྲུབ།  གྲུབ་པ་མེད་ན་གཅིག་པུར་སྨྲ་བའི་དམ་བཅའ་ཤོར།  གལ་ཏེ་མ་ཤོར་ན།  གཅིག་ཏུ་གྲུབ་ཀྱི་རྟིང་ལ་གྲུབ་པ་མེད་པ་མི་རུང་ངོ་ཟེར་བ་ལ།  ལན་དུ་སྣང་བ་སྟོང་པར་གྲུབ་པའི་དུས་སུ་དེ་སྟོང་པ་ཡིན།  སྟོང་པ་ང་ཡིས་དམ་བཅའ་ནི་མེན།  འོ་ན་སྣང་སྟོང་གཉིས་དབྱེར་མེད་ང་ཡི་དམ་བཅའོ།  །ད་རེས་སྣང་བ་སྡེ་བཅུ་ནི་འགྲོ་བ་རིས་དྲུག  བློ་དངོས་བཞི་སྟེ་རང་བཞིན་མེད་པར་གྲུབ་པོ།  མུ་དང་མཐའ་ཡང་གྲུབ་སྟེ།   ཆུ་ཡི་མིག་ལ་ནམ་མཁའ་གསལ་ཙམ་ན།  ཞག་མིག་ཅན་ལ་མུན་པར་འདུག  དེ་བཞིན་ཞེན་པའོ་སྣང་ཙམ་ན།  མཁས་པའི་བློ་ལ་སྟོང་པར་འདུག་གོ  །དེས་སྟོང་པར་ཁེགས་པ་གྲུབ་པོ།  རྒྱུ་གཅིག་ཏུ་ཡོད་ན་གཅིག་ལ་དུ་མས་གནོད།  དུ་མ་ལ་མེད་གཅིག་པའི་དུ་མ་མི་འོང་།  དེས་རྒྱུ་དང་དུ་མར་མེད་པས་དེ་ལས་བསྐྱེད་པར་ག་ལ་སྲིད་དེ་མི་སྲིད།  དེས་ན་ཁྱོད་ཀྱི་འདོད་པ་མི་བདེན།  རྟགས་ཚོ་དེས་གྲུབ་པས་སོ།  །དེས་ན་དངོས་པོ་སྔོན་པོ་ལྟ་བུ་གཅིག་ལ་ཡང་།  སྣང་སྟོང་གཉིས་ཀ་ཚང་པས་སྟེ།  སྣང་སྟོང་བདག་ཉིད་གཅིག་པར་མི་འདུག་གམ་སྟེ་འདུག   དེས་ན་སེམས་ཅན་དང་སངས་རྒྱས་གཉིས་ལ་འདུག་པ་ཐ་མི་དད་སྟེ་གཅིག་པ་ཡིན།  སེམས་ཅན་སངས་རྒྱས་གཉིས་ཡིན་ཏེ།  ཐ་དད་ཟེར་བ་ལ།  དེ་ལ་མུ་གཉིས་ཐ་དད་དེ་རྣམ་པ་ཐམས་ཅད་དུ་ཐ་དད་དམ།  འོན་ཏེ་ཀུན་རྫོབ་ལ་ཐ་དད་དོན་དེ་ཕར་ལའོ།  །ཐམས་ཅད་དུ་ཐ་དད་པར་ཁྱོད་མི་འདོད་ན།  དོན་དམ་གཅིག་ལ་ཀུན་རྫོབ་ཏུ་ཐ་དད་ན་ཞེ་ན།  དེ་ལ་སྐྱོན་འདི་འོང་སྟེ།  བསྟན་པ་ལ་དོན་མེད་དེ།  དོན་དམ་པར་གཅིག་པའི་ཕྱིར།  ལས་དང་ཐུགས་རྗེས་འབྲེལ་པ་མེད་དེ།  འབྲེལ་པ་མེད་དེ་གཅིག་པའི་ཕྱིར།  ཡང་ན་སེམས་ཅན་དུ་གཅིག་ན་ངལ་བས་ཚི་ཆད་པར་འགྱུར།  སངས་རྒྱས་སུ་གཅིག་ན་འབད་པ་མེད་པར་གྲོལ་བར་འགྱུར།  སྐྱོན་དེ་རང་ལ་འོང་ངོ་ཟེར་བ་ལ།  དེ་ནས་གཉིས་སུ་མེད་པ་ལ།  ཁྱོད་ཀྱི་སྐྱོན་དེ་མི་འོང་སྟེ།  ཐམས་ཅད་མ་ལུས་ཡེ་སངས་རྒྱས་པ་གཅིག་པུ་ཡིན།  གཉིས་སུ་མེད་པ་ལ་སྐྱོན་དེ་མི་འོང་ངོ་།  །ཡང་སྐྱོན་འདི་ཁྱོད་ལ་འོང་སྟེ།  དོན་དམ་གཅིག་ན་སངས་རྒྱས་ཁོ་ན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་པ་བཞིན་དུ།  སེམས་ཅན་ལ་ཡང་ཡོད་པར་ཐལ།  གཅིག་པར་ཁས་བླངས་པའི་ཕྱིར་རོ།  །སེམས་ཅན་ལ་ལས་ཉོན་མོངས་པ་བཞིན་དུ།  སངས་རྒྱས་ལ་ཡང་ཡོད་པར་ཐལ།  དོན་དམ་པར་གཅིག་བར་ཁས་བླངས་པའི་ཕྱིར་རོ།  །རང་ལ་འོང་ཟེར་ན།  འདོད་ཐོག་གཉིས་སུ་ཁས་བླངས་པའི་ཕྱིར།  ཤིན་ཏུ་མཁས་པའི་བློ་དངོས་ལ་གཅིག་པར་མངོན་སུམ་གྱིས་གྲུབ་སྟེ།  རྟོག་པ་མེད་ཅིང་མ་འཁྲུལ་བར་ཁྱེད་ཀྱང་འདོད་པ་མེན་ནམ།  དེ་ལྟར་འདོད་ན་ཐམས་ཅད་གཉིས་སུ་མེད་པ་ལ་རྟོག་པ་ག་ལ་སྐྱེ།  དེས་ན་མངོན་སུམ་གྱི་མཚན་ཉིད་དང་ལྡན་པ་ཡེ་མི་སྲིད་དོ།  །གཉིས་སུ་ཡོད་པས་སོ།  །དེས་ན་ཁྱེད་ཀྱི་ཞེ་འདོད་དེ་ནོར་བ་ཡིན་ནོ།  །གཉིས་སུ་མེད་པ་བྱ་བ་ནི་ཤས་མི་གཅོད་པ་སྟེ།  གང་ལ་ཡང་མི་རྟོག་པའོ།  །སྤྱིར་རྟོག་པ་དེ་ཀ་མ་འཁྲུལ་པའོ།  །དེ་གང་དུ་འཁྲུལ་འཁྲུལ་པ་མེད་པའོ།  །རང་རིག་པའི་མངོན་སུམ་ནི་ཉམས་སུ་སྣ་ཚོགས་སུ་མྱོང་ལ་དེ་ལ་རྟོག་པ་མེད་པ་ཡིན།  དེ་ནི་ཡེ་ནས་གཉིས་སུ་མེད་པས་རྟོག་པ་མེད་དེ་དེ་ལ་འཁྲུལ་དུ་ཡེ་ནས་མེད་པའོ།  །དེ་ནི་ཕྱི་རོལ་ཡོད་ཚོད་ཙམ།  གནས་སྐབས་ཀྱི་ཚད་མ་ཡིན་ནོ།  །རྣལ་འབྱོར་མངོན་སུམ་ནི།  གང་ལ་ཡང་མི་རྟོག་སྟེ།  ཅི་ལ་ཡང་རྟོག་པ་ལས་འདས་པའོ།  །དེ་ལ་གང་ལ་ཡང་གང་དུ་འཁྲུལ་ཏེ་ཡེ་ནས་འཁྲུལ་པ་མེད་པའོ།  །དེ་ལ་མཐར་ཐུག་པའི་མངོན་སུམ་ཞེས།  ཚད་མ་དམ་པ་ཞེས་ཟེར་བའོ།  །ཚད་མའི་མཚན་ཉིད་བསྟན་པ་ནི།  ཞེས་པ།  དེ་ལ་ཚད་མའི་མཚན་ཉིད་ནི།  མ་རྟོགས་པའི་དོན་རྟོགས་ལ།  རྟོགས་པའི་དོན་དེ་ཤིན་ཏུ་གསལ་བར་རྟོགས་སོ།  །དེ་ཡང་འདི་ལས་བོགས་མི་འབྱིན་པ་ནི།  མཐར་ཐུག་པ་སྟེ།  དེ་ནི་མཚན་ཉིད་དོ།  །རིག་པ་ཅན་ནི་མ་རྟོགས་པའི་དོན་གསལ་བ་ཙམ་ལ་མཚན་ཉིད་མེད་དེ།  དེ་ཙམ་གྱི་སྐྱེས་བུ་མི་བསླུ་བར་མི་འདུག  མཐར་ཐུག་པའི་གནད་ཀ  དེ་ནི་མི་མཁས་པ་ཁོ་རང་གི་བློ་ངོས་ལ་མ་རྟོགས་པའི་དོན་རྟོགས་པ་ཙམ་ཡང་ཡོད་དེ།  དེ་ཡི་སྐྱེས་བུ་མི་བསླུ་བར་ཅི་ལ་འགྲོ་སྟེ།    མཐར་ཐུག་གི་དོན་མེད་དེ།  བསླུ་ཡང་ཚད་མ་ཡིན་པར་ཁྱེད་ཀྱང་མི་འདོད།  དེས་ན་མཐར་ཐུག་ཀྱང་མ་རྟོགས་པའི་དོན་གསལ་ན་ཚད་མ་དམ་པའོ།  །དེ་ཡང་ཁོ་རང་ལ་ཚད་མ་ཡིན་ཟེར།  དེ་ནི་མཚན་ཉིད་ཁྱབ་ཆེས་ཏེ་འཁྲུལ་མར་གོ་གོ་བའོ།  །འཁྲུལ་པ་ལ་དོན་དང་འཕྲད་པ་མེད་དོ་ཟེར།  དེ་ལ་ཡང་གོང་མ་དང་འཕྲད་པ་མེད་དོ།  །དེས་ན་མཐར་ཐུག་པ་ལ་ཚད་མ་ཟེར་རོ།  །དེ་ལ་རིག་པ་ཅན་ན་རེ།  འདི་ཡེ་སངས་རྒྱས་པ་ཡང་ཡིན།  མངོན་སུམ་གྱི་ཡང་གྲུབ་ན།  བདེན་པ་མཐོང་པར་ཐལ་ལོ་ཟེར་བ་དེ་འདོད་ཐོག་ཡིན།  བདེན་པ་མ་མཐོང་ན་སྣང་བ་འདི་དང་བདེན་པ་ཐ་དད་པར་འགྲོའོ།  །དེས་ན་མཐོང་པའོ།  །འོ་ན་བདེན་པ་མཐོང་ན་འབད་པ་མེད་པར་གྲོལ་བར་ཐལ་ཟེར་ན།  ལན་དུ་དེ་ལ་མུ་གཉིས་ཡོད་དེ།  གང་ཟག་མི་མཁས་པའམ།  ཤིན་ཏུ་མི་མཁས་པའི་བློ་ངོས་ལ།  མཐོང་ཡང་མ་གྲོལ་བ་ཅི་སྟོ་སྟེ།  དཔེར་ན་སྔོན་མ་མཐོང་ཞིང་ངོ་མི་ཤེས་པའི་གང་ཟག་གཅིག་ལ་བདག་དོན་ཡོད་ན།  དེ་དང་ཐང་ངམ་གཞན་གཅིག་ཏུ་འཕྲད་ཡང་མཐོང་ཡང་།  རྒྱུས་ཅན་གཅིག་གིས་ཁྱེད་འདོད་པའི་མི་འདི་ཡིན་མ་བྱས་ན་ངོ་མི་ཤེས་པ་དང་འདྲའོ།  །དེ་བཞིན་དུ་བདེན་པ་མཐོང་ཡང་འབད་པ་མེད་པར་མ་གྲོལ་བ་ལ་མི་སྟོའོ།  །ཤིན་ཏུ་མཁས་པའི་བློ་ལ་འབད་པ་མེད་པར་ཡོངས་ཀྱང་གྲོལ་ཏེ་འདོད་ཐོག་ཡིན་ནོ།  །དེ་ནི་མི་རྒྱུས་ཅན་དང་འདྲའོ།  །ཡང་རིག་པ་ཅན་ན་རེ།  སྣང་བ་འདི་འཁྲུལ་ནས་སྣང་བ་ཡིན།  མ་འཁྲུལ་བའི་དོན་དམ་ཡང་དག་པ་གཅིག་ནི་སྤྲོས་པ་དང་བྲལ་ནས་གནས་སོ་ཞེས་ཟེར།  ལན་དུ་མ་འཁྲུལ་བའི་དོན་གཅིག་འདི་ལས་ལོགས་ན་ཡོད་ན།  མངོན་སུམ་གྱིས་གཅིག་གྲུབ་པར་ཐལ།  དེ་ཅིའི་ཕྱིར་ན་མངོན་སུམ་ལས་དབང་པོའི་མངོན་སུམ་འདི་དོན་གསལ་བའི་ཕྱིར་རོ།  །ལྗོན་ཤིང་འགྲོ་བ་དང་རབ་རིབ་དང་ཁྱད་མེད་པའི་ཕྱིར་རོ།  །གང་དུ་ཡང་ཁྱད་མེད་འཁྲུལ་པར་ཁྱད་མེད་པའི་གནད་ཀའོ།  །འདི་ཡང་འཁྲུལ་པ་ཡིན་ལ།  ལྗོན་ཤིང་འགྲོ་བ་ལ་སོགས་པ་ཡང་འཁྲུལ་པ་ཡིན་པའོ།  །ཡང་ན་ནི་རྣམ་པ་སྟེ།  རྣམ་པ་ཐམས་ཅད་དུ་དོན་དང་འཕྲད་པ་མེད་པར་ཐལ།  གཟུང་པའི་དོན་འཁྲུལ་པ་ཡིན་པའི་ཕྱིར་རོ།  །དཔེར་ན་ལྗོན་ཤིང་འགྲོ་བ་བཟུང་བས།  འགྲོ་བ་དང་མ་ཕྲད་པར་འདུག་པ་དང་འཕྲད་པས།  དེས་ན་གོང་དུ་བསྟན་པའི་དོན་དེ་དང་འཕྲད་པ་མེད་དེ་མ་འཕྲད་པའོ།  །དེས་ན་ཁྱེད་འདོད་པའི་མངོན་སུམ་འཁྲུལ་པ་ཅན་དུ་མངོན་ནོ།  །དེ་ལ་ཡུལ་འཁྲུལ་ཡང་ཤེས་པ་མ་འཁྲུལ་ཟེར་བ་ལ།  དབང་པོའི་མངོན་སུམ་གྱིས་བཟུང་པའི་ཡུལ་འཁྲུལ་ན་དེ་དེ་ལས་སྐྱེས་པའི་ཤེས་པ་ཅིས་མ་འཁྲུལ་ཏེ་འཁྲུལ་ལོ།  །ང་ནི་སྣང་བ་འདི་ཡེ་ནས་སངས་རྒྱས་ཏེ་རང་སར་གྲོལ་བ་ཡིན།  དེ་ལྟར་ཡེ་སངས་རྒྱས་པ་ལ་འཁྲུལ་དུ་མེད་དེ།  དཔེར་ན་རིན་པོ་ཆེ་གསེར་གྱི་གླིང་དང་འདྲའོ།  །དེས་ན་གར་འཁྲུལ་ཏེ་མ་འཁྲུལ་ལོ།  །གང་ལ་ཡང་རྟོག་མེད་དེ་མི་རྟོག་སྟེ།  དེས་ན་རྟོག་པ་དང་བྲལ་ཞིང་མ་འཁྲུལ་ལོ།  །དེས་ན་མ་འཁྲུལ་བའི་དོན་བཟུང་བས།  མ་འཁྲུལ་བ་དང་འཕྲད་པ་དེ་ལ་ལྷུན་གྱིས་གྲུབ་པ་སྟེ།  ཡེ་སངས་རྒྱས་པ་དང་འདི་ལྟར་སྣང་བ་གཉིས་སུ་མེད་པ་དེ་ལ་གཅིག་པུ་ཟེར།  གཉིས་སུ་མེད་པས་གང་ལ་ཡང་མི་རྟོག་སྟེ།  དེ་ཁོ་ན་མ་འཁྲུལ་བར་འདུག་པ་དེའི་དོན་གསལ་བར་འདུག་པ་དེ་ལ་མངོན་སུམ་ཟེར།  ཁྱེད་གཉིས་སུ་མེད་པ་ལ་གཉིས་སུ་བཏགས་པ་སྟེ།  དོན་དམ་དང་ཀུན་རྫོབ་ཏུ་བཏགས་པ་དེ་ནི།  དེ་འཁྲུལ་པ་ཡིན་ཏེ།  དཔེར་ན་ཟླ་བ་གཉིས་སུ་མེད་པ་ལས་གཉིས་སུ་བཟུང་པ་འདྲ།  དེས་ནི་མི་འཁྲུལ་བའི་དོན་མི་རྙེད་པ་སྟེ།  མིག་བཙིར་ཙམ་ན་ཟླ་བ་གཉིས་སུ་སྣང་སྟེ།  དེ་ཙམ་ན་གཅིག་འཁྲུལ་གཅིག་མ་འཁྲུལ་བར་བྱེད་དེ།  གང་མ་འཁྲུལ་གཡས་པ་མ་འཁྲུལ་ལམ་གཡོན་པ་མ་འཁྲུལ།  དེ་ཡི་ངེས་པ་མི་རྙེད་དེ།  དེ་བཞིན་དུ་ནི་འདི་ལྟར་སྣང་བའི་ཀུན་རྫོབ་དོན་དམ་པ་ནི་གཅིག་ཤོས་ན་གར་བདེན།  སེམས་ཅན་ལོགས་ཤིག་སངས་རྒྱས་ལོགས་ཤིག་གང་མ་འཁྲུལ་ཐེ་ཚོམ་ཟའོ།  །དེས་ན་ང་ཡི་གཅིག་པུ་ཡེ་སངས་རྒྱས་པ་གཅིག་པུ་བདེན་པ་ཡིན་ནོ།  །བདེན་པར་ཅིས་ཤེས་དེ་ནི་ལུང་རིག་པ་མན་ངག་གང་གིས་ཀྱང་ཤེས་སོ།  །རིག་པ་གོང་མས་གྲུབ་པ་ཡིན་ནོ།  །ཤ་སྣ་ཅན་ན་རེ།  རིག་པས་གྲུབ་ན་འབྲེལ་པ་ཡོད་ནས་གྲུབ་བམ་མེད་ནས་གྲུབ་ཟེར་བ་ལ།  ལན་དུ་འབྲེལ་པ་ཡོད་དེ།  འབྲེལ་པ་ནི་གསུམ་ཞེས་བསྟན་ལ།  གཏན་ཚིགས་ནི་གཅིག་ལས་མེད་ཅེས་བསྟན།  དེ་ལས་འབྲེལ་པ་གསུམ་ནི།  བདག་ཉིད་གཅིག་པའི་འབྲེལ་པ་དང་།  དེ་ལས་བྱུང་པའི་འབྲེལ་པ་དང་།  རྒྱུ་དང་རྐྱེན་གྱི་འབྲེལ་པ་གསུམ་ལ།  བདག་ཉིད་གཅིག་པའི་འབྲེལ་པ་གཏན་ཚིགས་སུ་རུང་ལ།  དེ་ལས་བྱུང་པའི་རྒྱུ་དང་རྒྱུ་ཅན་ནི་འབྲེལ་པར་རུང་ལ་གཏན་ཚིགས་སུ་མི་རུང་ངོ་།  །དེ་ལས་བྱུང་པའི་འབྲེལ་པ་ནི།  མེ་དང་དུ་བའམ།  ས་བོན་དང་མྱུ་གུ་ལྟ་བུ་སྟེ།  དེ་ནི་རྟགས་སུ་མི་རུང་ན་བདག་ཉིད་གཅིག་པར་ཐལ།  གལ་ཏེ་བདག་ཉིད་གཅིག་ན་རྒྱུ་འབྲས་སམ།  དེ་ལས་བྱུང་པར་མི་འགྲོའོ།  །ཡང་ན་ཁྱེད་རྒྱུ་འབྲས་ཀྱི་གཏན་ཚིགས་འདོད་པའི་དམ་བཅའ་ཉམས་སོ།  །གལ་ཏེ་ངོ་བོ་མི་གཅིག་ཀྱང་རྟགས་སམ་གཏན་ཚིགས་སུ་རུང་ན།  དཔེར་ན་རྟ་དཔོག་པ་ལ་གླང་པོ་ཆེ་འདུག་པའི་ཕྱིར་བྱ་བ་དང་འདྲ།  དེས་ནི་དེ་འགྲུབ་པར་ག་ལ་འགྱུར་ཏེ་མི་འགྱུར་རོ།  །འོ་ན་གཅིག་པ་ལ་རྟགས་སུ་འཇོག་ན།  གྲུབ་པ་སྒྲུབ་པོ་ཟེར་བ་དང་།  ཁ་ཅིག་ན་རེ་འབྲེལ་པ་བྱ་བ་རང་ལ་རག་ལས་པས།  བདག་ཉིད་གཅིག་ན་འབྲེལ་པར་མི་རུང་ངོ་།  །ཟེར་བ་ལ།  ལན་དུ་དངོས་ཞེས་བྱ་སྟེ་དངོས་པོ་ལ་བདག་ཉིད་གཅིག་པ་ལ་བློ་ལ་འབྲེལ་པར་བཞག་པ་ཡིན།  དེ་ལ་བདག་ཉིད་གཅིག་པའི་འབྲེལ་པ་ཟེར་བ་ཡིན།  དངོས་པོ་ལ་བདག་ཉིད་མི་གཅིག་ལ།  འབྲེལ་པ་ཡིན་ཡང་གཏན་ཚིགས་སུ་མི་བཏུབ་པོ།  རྟགས་མི་བཏུབ་ན་འབྲེལ་པ་མེན་ནོ་ཟེར་བ་ལ།  ལན་འབྲེལ་པའི་མཚན་ཉིད་ནི་མེད་ན་མི་འབྱུང་བ་ལ་ཟེར་བ་ཡིན་ཏེ།  མེད་ན་མི་འབྱུང་བ་ལ་འབྲེལ་པ་ཟེར།  འོ་ན་རྒྱུ་དང་རྒྱུ་ཅན་ལ་མེད་ན་མི་འབྱུང་བ་མེད་དོ་ཟེར་ལ།  དེ་ཡོད་དེ་རྒྱུ་འཇིམ་པ་ལ་རྒྱུ་ཅན་རྫ་མཁན་མེད་ན་བུམ་པའམ་རྫ་མི་འབྱུང་ངོ་།  །དེས་ན་ཞེས་པ་ནི་དོན་གོང་མ་དེས་ནའོ།  །རྗེས་སུ་དཔག་པ་ནི་བློ་ཡིས་དོན་འཇལ་བའོ།  །འབྲེལ་པ་དང་རྟགས་དང་དམ་བཅའ་ལ་སོགས་ཀུན་རྣམ་པར་རྟོག་པའི་བློ་ཡིས་བཞག་པ་ཡིན་ནོ།  །དེ་ནི་གོང་མའོ།  །སྦྱོར་བ་ནི་ཚང་པའི་སྒྲའོ།  །འདི་དང་ནི་མ་ཀི་འམ་འོག་མ་དང་འདྲའོ།  །འདི་ནི་སྔོན་པོ་ལ་སོགས་ཏེ།  འམ་བོན་ཅན་ནོ།  །མི་རྟག་པ་དམ་བཅའ་འོ།  །བྱས་པའི་ཕྱིར་གཏན་ཚིགས་སོ།  །བུམ་པ་ནི་དཔེའོ།  །འདི་ཡང་གཏན་ཚིགས་ཀྱིས་ཁྱབ་པའོ།  །དེ་ནི་གོང་མ།  དེ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།  །སྔོན་ཡང་བྱས་པ་དང་མི་རྟག་པ་བདག་ཉིད་མི་གཅིག་གོ  །བྱས་པ་ནི་ཡོད་ཅིང་འདུག་པ་ཡིན་ལ།  མི་རྟག་པ་ནི་མེད་ཅིང་ཞིག་པ་ཡིན་པས་མི་གཅིག་ཟེར་ལ།  ལན་བྱས་པ་དང་མི་རྟག་པ་གཉིས་བོན་ཅན།  བདག་ཉིད་གཅིག་སྟེ་འདུག་ས་ཐ་དད་མེད་པའི་ཕྱིར་རོ།  །དཔེར་ན་གཟུགས་དང་སྟོང་པ་ཉིད་བཞིན་ནོ་ཞེས་སྟོན།  འདུག་པ་ཐ་དད་མེད་ཀྱང་མི་གཅིག་པ་སྲིད་དོ་ཟེར་བ་ལ།  དེ་མི་སྲིད་དེ།  འདུག་པ་ཐ་དད་མེད་པ་དང་།  ངོ་བོ་གཅིག་པ་བདག་ཉིད་པའོ།  །གལ་ལྟེ་མི་གཅིག་འདུག་པ་ཐ་དད་ཡིན་ནོ།  །འོ་ན་དེ་གཉིས་གཅིག་ན་བྱས་པར་གཅིག་གམ།  མི་རྟག་པར་གཅིག  དེ་ལས་མ་གཏོགས་པའི་གཅིག་ས་གཞན་ནི་མེད།  བྱས་པ་གཅིག་ན་བྱས་པ་ནི་ཡོད་པའི་དངོས་པོ་ཡིན་པས།  དངོས་པོ་གཏན་ཡོད་པར་ཐལ་བྱས་པས།  ཅིའི་ཕྱིར་ཟེར་ན།  མི་རྟག་པར་གཅིག་ན་སྔོན་པོ་ལ་སོགས་པ་ཡོད་མ་ཐོག་ཏུ་ཞིག་པར་ཐལ་ཟེར་བ་ལ།  བྱས་པའི་ཕྱིར་གཏན་ཡོད་པར་ཐལ་བྱ་བ་ནི་རྗེས་སུ་དཔག་པ་དང་འགལ།  བྱས་པ་ལ་རྟག་པ་ག་ལ་སྲིད།  ཡོད་མ་ཐོག་ཏུ་ཞིག་བྱ་བ་ནི།  ཞིག་པའམ་སྟོང་པར་ད་ལྟ་མི་འདུག  ཡང་མི་རྟོག་པ་ལ་ཅི་སྟོ་སྟེ།  ཁྱོད་ཀྱི་སྨྲ་བ་ཉམས་པ་ཡིན།  བདག་ཉིད་གཅིག་ལུགས་ནི།  བྱས་པ་མི་རྟག་པར་གཅིག་ལ།  མི་རྟག་པར་བྱས་པར་གཅིག་པ་ཡིན།  དེ་ལ་གཉིས་སུ་མེད་དོ།  །དེ་ནི་བྱ་བ་གོང་མ་དེ་ནིའོ།  །དེས་ནི་མཚོན་པར་བྱེད་པ།  ཚད་མ་ནི་མཚན་ཉིད་གོང་དུ་བཤད་ཟིན་ནོ།  །འདི་ནི་སྣང་བ་འདིའོ།  །རྐྱེན་ལས་སྐྱེས་བྱ་བ་ནི།  རང་རྐྱེན་དེ་ལས་སྐྱེས་པས་ཏེ།  གདོད་མ་ནས་གྲུབ་པ་མེད་བྱ་བའི་ཐ་ཚིག་གོ  །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ན་རྟགས་སོ།  །ངོ་བོ་ནི་དེ་རང་གི་ངོ་བོ་བས་གང་དུ་གྲུབ་པ་མེད་པ་ནི།  རྐྱེན་ལས་སྐྱེས་ཙམ་ཉིད་ནའོ།  །དེས་ནི་ཆུ་ཡི་ལྦུ་བ་བཞིན་ནོ།  །ཆུ་ཡི་ལྦུ་བ་ཡང་རྐྱེན་ལས་སྐྱེས་སྣང་ཙམ་ན་ངོ་བོ་སྟོང་པའི་རང་བཞིན་ནོ།  །དེས་ན་རྐྱེན་ལས་སྐྱེས་ཙམ་ན་ངོ་བོས་གྲུབ་པ་མེད་དོ།  །ངོ་བོས་གྲུབ་པ་མེད་པ་དང་རྐྱེན་ལས་སྐྱེས་པ་གཉིས་བདག་ཉིད་གཅིག་པས་ཏེ།  གོང་མ་འདྲ་ཞེས་པ་ནི་འདུག་ས་ཐ་དད་མེད་པའོ།  །དེས་ན་དེ་གཉིས་གཅིག་པ་ཡིན།  དེ་ལ་ཅེས་པ་ནི།  གཅིག་པ་དེ་ལ་གཉིས་སུ་མེད་ཅེས་བྱ།  སྣང་བ་དང་ངོ་བོས་གྲུབ་པ་མེད་པ་གཅིག་གཉིས་སུ་མེད།  དེས་ན་ཐམས་ཅད་ཡེ་སངས་རྒྱས་པ་གཅིག་ཡིན།  སྣང་བ་ཡང་ཡེ་སངས་རྒྱས་པ།  སྟོང་པ་ཡང་ཡེ་སངས་རྒྱས་པ།  ཅིའི་ཕྱིར་འདུག་པ་ཐ་དད་མེད་པའི་ཕྱིར།  མཐོ་རིས་དང་ངན་སོང་།  དོན་དམ་དང་ཀུན་རྫོབ།  དེ་ལ་སོགས་པ་ཐམས་ཅད།  རང་བཞིན་ཀ་དག་ཡེ་སངས་རྒྱས་གཅིག་ཡིན་ཞིང་གཉིས་སུ་མེད་པ་དེས་ན་ཁྱེད་གཉིས་སུ་སྨྲ་བ་ཉམས་སོ།  །ཉམས་བྱ་བ་ནི་མ་ཡིན་པར་བགགས་པའི་སྒྲའོ།  །གཉིས་སུ་མེད་པ་ཞེས་པ་སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་དོན་ལྷན་གྱིས་རྟོགས་ན།  མཐའ་གང་ལ་ཡང་བཏབ་ཏུ་མེད།  གང་དུ་ཡང་འཁྲུལ་དུ་མེད།  འབྲས་བུ་གཅིག་གང་དུ་ཐོབ་ཏུ་རེ་བ་ཡང་མེད།  ངན་སོང་འོག་ཏུ་ལྷུང་དུ་མེད།  དོགས་པ་བཅའ་མི་དགོས་པའོ།  །འདིའི་ལུགས་ཀྱི་ལུང་རིག་མན་ངག་གསུམ་དང་ལྡན་ནས།  ཤིན་ཏུ་མཁས་པའི་བློ་སྐྱེས་ཙམ་ན།  གཉིས་སུ་དག་ག་ལ་རྟོག་སྟེ།  ཅིག་ཡིན་ནོ།  །ཙམ་ཡང་ཡིད་ལ་མི་བྱེད།  མི་འཇོག་གོ  །མེད་པ་གཅིག་ཡིན་ཡང་ཡིད་ལ་མི་བྱེད།  ཡོད་པ་ཡིན་ཡང་མི་སྤྱོད་དེ།  གཉིས་སུ་མེད་པ་དེ་ལ་ངང་ཞེས་བྱ།  དེའི་དོན་ལ་ཡིད་གང་ལ་ཡང་མི་གཡོ་བར་གནས།  དེ་ནིགོང་མ་དེ་ནིའོ།  །འབྲས་བུ་ནི་ཐོབ་པའི་སྒྲ་སྟེ།  ཐོབ་རྒྱུ་མེད་པ་ལ་ཐོབ་པ་ཡ་མཚན་ཆེ་བས་ཏེ།  འབྲས་བུ་ལྷུན་གྱིས་གྲུབ་པ་ཞེས་བྱའོ།  །མན་ངག་ལུང་གི་ཚད་མའི་འགྲེལ་པ་རྫོགས་སོ།།   ༎རྒྱ་རྒྱ།  མཁས་བཞིའི་རིགས་འགྲོས།  ལི་ཤུ་སྟག་རིངས་ཀྱིས་གཏེར་དུ་སྦས་སོ།  །ཕྱི་རོལ་གྱི་རྩོད་པ་སེལ་ཞིང་།  ལྟ་བའི་སྒྲོ་འདོགས་གཅོད་པ་ཡིན།  ཀུན་གྱི་ཤེས་པར་མི་འགྱུར་ཏེ།  སྤྲུལ་པ་གཅིག་དང་འཕྲད་པར་ཤོག  །རྒྱ་རྒྱ་རྒྱ།   རྒྱ་རྒྱ་རྒྱ།  ཨུ་ཡ།  ཁ་ཐམ།  ཏི་རྒྱ།  ནི་རྒྱ། སུ་རྒྱའོ།།

གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་།

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།