གཅེས་འོས་ཀྱི་ལམ་བཟང་། |
[རྩོམ་ཁུངས།:བོན་གཤེན་བསྭོ་སྒྲ།] [ཟླ་ཚེས།:2013-11-19] [རྩོམ་པ་པོ།:དགེ་བཤེས་འཕགས་མཆོག] [ཀློག་གྲངས།:] |
༧ ལུས་ཀྱི་མི་དགེའི་ཉེས་སྤྱོད་སྤངས་པས་ཟག་མེད་མཚན་དཔེའི་དཔལ་ཡོན་རྫོགས། ། ངག་གི་མི་དགེའི་ཉེས་སྤྱོད་སྤངས་པས་ཚངས་དབྱངས་དྲུག་ཅུ་སྙན་ཞིང་འཇེབས། ། ཡིད་ཀྱི་མི་དགེའི་ཉེས་སྤྱོད་སྤངས་པས་ཇི་ལྟ་ཇི་སྙེད་ཀུན་མཁྱེན་ཐུགས། ། སྒོ་གསུམ་མི་དགེའི་ཉེས་སྤྱོད་ཀུན་སྤངས་ཁྲི་གཙུག་རྒྱལ་བར་གུས་པས་འདུད། །
རྣམ་དག་འདུལ་བའི་སྡོམ་རྒྱུད་ཤེལ་དཀར་འཕྲེང་། ། ལེགས་པར་འཆང་ཞིང་འགྲོ་ལ་ཐུགས་བརྩེ་བ། ། བདེར་གཤེགས་རྣམ་སྤྲུལ་འདུལ་འཛིན་སྐྱེས་མཆོག་རྣམས། ། བདེ་ཆེན་འཁོར་ལོའི་དབུས་སུ་རྟག་ཏུ་བཀོད། ། འདིར་རྣམ་དག་འདུལ་བ་དང་འབྲེལ་བའི་གཏམ་ཞིག་གླེང་བར་འདོད། དེ་ཡང་ཕན་བདེ་མ་ལུས་འབྱུང་བའི་གཞི་རྩ། རྣམ་དག་འདུལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་གང་ཟག་གཞན་གྱིས་འདོད་དབང་གིས་བཟོས་པ་དང་། ཕྱིས་འབྱུང་གྲུབ་མཐའ་གཞན་ལས་བཏུས་པ་སོགས་གཏན་ནས་མ་ཡིན་པར། བྱང་ཆུབ་ཆེན་པོའི་སྐུ་མངོན་པར་བརྙེས་པའི་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གདུལ་བྱའི་མོས་ཁམས་དང་བསྟུན་ཏེ་གསུངས་པ་ཞིག་ཡིན་པས་ན་བྱུང་ཁུངས་བཙུན་ཞིང་རྣམ་པར་དག་པའོ། །བསྟན་པ་རྣམ་པར་དག་པ་དེའི་བརྒྱུད་ཚུལ་ནི། ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། གཙུག་གཤེན་རྒྱལ་བས་མཁན་པོ་མཛད། འ་ཞ་གསང་བ་མདོ་བསྡུས་ཀྱིས་དཔང་པོ་དང་། འབྱུང་བའི་གཤེན་བཞིས་ལོ་ཙྭ་བ་ལ་སོགས་མཛད་པའི་སྤྲུལ་སྐུའི་མཁན་རྒྱུད་དང་། དེ་ནས་སྟག་གཟིགས་དང་། ཞང་ཞུང་། མངའ་རིས། མདོ་གམ་དབུས་གཙང་གི་མཁན་སློབ་རྣམས་ལས་རིམ་པར་བརྒྱུད་ནས་ད་ལྟ་སྐུ་དངོས་བཞུགས་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བར་དུ། སྡོམ་པར་ལྷད་མ་ཞུགས་ཤིང་བྱིན་རླབས་མ་ཡལ་བར་གདུལ་བྱའི་རྒྱུད་སྨིན་ཞིང་གྲོལ་ནུས་པའི་སྡོམ་པ་རིན་པོ་ཆེ་དངོས་སུ་བཞུགས་པའོ།། སྡོམ་པ་བླང་བའི་ཡུལ་ཚད་དང་ལྡན་པ་ཞིག་དགོས། དེ་ལའང་གཉིས། རང་ལས་ཐོབ་པ་དང་གཞན་ལས་ཐོབ་པ་གཉིས། དང་པོ་རང་ལས་ཐོབ་པ་ནི་བདེན་པ་མཐོང་བ་ཡན་ཆད་དུ་ཡོད་པ་ལས་དེ་མན་ཆད་དུ་སྐྱབས་འགྲོའི་སྡོམ་པ་ཡང་རང་ལས་ཐོབ་པ་མེད་པ་སྔོན་གྱི་མཁས་པས་གསུངས་ཞེས་མཉམ་མེད་བླ་མས་བཞེད་དོ།། གཉིས་པ་གཞན་ལས་ཐོབ་པ་ནི་བཙུན་པ་དྲང་སྲོང་གི་ཁྲིམས་དང་ལྡན་པ། སྤྱིར་སྡེ་སྣོད་དང་། བྱེ་བྲག་འདུལ་བའི་བསླབ་བྱ་ལ་མཁས་ཤིང་གཞན་རྒྱུད་ལ་སྡོམ་པ་བསྐྱེད་ནུས་པ་སྟེ། སྡོམ་རྒྱུད་མ་ཆད་པ་ཞིག་དགོས་ཞེས་འདུལ་འཛིན་གྱི་སྐྱེས་མཆོག་རྣམས་ཀྱིས་གསུངས། དེ་ནི་བླང་ཡུལ་ཚད་དང་ལྡན་པའོ། དེ་མིན་ཕམ་པ་ཕོག་པ་དང་སྡོམ་བརྒྱུད་མེད་པ་སོགས་ལས་སྡོམ་པ་བླང་ཡང་ཡུལ་ཚད་དང་མི་ལྡན་པས་སྡོམ་པ་མི་སྐྱེ་ཞེས་སྨྲའོ། སྡོམ་པ་ལེན་མཁན་གྱི་གང་ཟག་དེའི་ལུས་རྟེན་མི་ཁོམས་པའི་གནས་བརྒྱད་དང་བྲལ་ཞིང་ཕོ་མོ་ངེས་པ་ཅན་ཞིག་དགོས་པ་ལས་མི་ཕོ་མོ་གང་རུང་དུ་མ་ངེས་ན་སྡོམ་རྟེན་དུ་མི་རུང་ངོ། བསམ་པའི་ཁྱད་པར་ལ། ཐོག་མར་ཀུན་སློང་རྣམ་པར་དག་པ་གལ་ཆེ་སྟེ། སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་བདག་གིས་ཚུལ་ཁྲིམས་ཀྱི་བསླབ་པ་དང་དུ་ལེན་པར་བྱའོ་སྙམ་པའི་ཀུན་སློང་དང་། ཡུལ་དམ་པ་རྣམས་ལ་དད་པ་དང་མོས་པ་གུས་པ་ཡིད་ཆེས་ཀྱི་བསམ་པ་དང་བཅས་པའི་སྒོ་ནས་རབ་ཏུ་བྱུང་དགོས། བསམ་པ་མ་དག་པ་སྲུང་སེམས་ཡང་དག་མེད་པ། རྩེད་མོའི་ཚུལ་གྱིས་ཞུ་བ། སྡོམ་པ་སྲུང་ཐུབ་མི་ཐུབ་ཚོད་ལྟ་བྱེད་པ། རབ་ཏུ་བྱུང་ན་གཞན་གྱིས་བསྟོད་སྔགས་དང་སྨོན་པ་བྱེད་ཆེད། སྙན་གྲགས་ཀྱི་ཆེད་དང་། རྒྱུ་ཟས་ནོར་ལོངས་སྤྱོད་རྒྱས་པའི་ཆེད། སྒོར་མོ་སོགས་ཐབས། སོ་ནམ་གྱི་ལས་ཀའི་ངལ་བ་ལས་གཡོལ་ཆེད་ཙམ། དགྲ་དང་གཅན་གཟན་གྱི་འཇིགས་སྐྱོབ་དང་། ལེན་སེམས་ཡང་དག་མེད་པར་རང་དང་ལྟ་སྤྱོད་མཐུན་པའི་གྲོགས་པོ་ཞིག་རབ་ཏུ་བྱུང་ན། དེའི་ལད་མོ་བྱས་ཏེ་རབ་ཏུ་བྱུང་བ་རྣམས་ངེས་འབྱུང་གི་སྡོམ་པ་རྣམ་དག་ཏུ་མི་འགྱུར་ཞིང་། རང་རྒྱུད་ཀྱི་སྡོམ་པ་བརྟན་པོར་གནས་པའང་ཤིན་ཏུ་དཀའ། གཞན་ཡང་དེང་སོང་ཕྱི་ཡི་དཔལ་འབྱོར་ཇེ་རྒྱས་སུ་ཕྱིན་ཏེ་མི་རྣམས་རྒྱག་པས་ཁེངས། བསམ་པའི་དཔལ་ཡོན་ཇེ་ཉམས་སུ་སོང་ནས་ཕན་ཚུན་བསམ་ཤེས་དབེན་པ། སྡིག་ལ་རྔམ་ཞིང་ལས་འབྲས་ལ་བརྩི་བཀུར་མེད་པའི་དུས་འདིར་མི་འདུ་ཁྲོམ་ཚོགས་ནང་དུ་ན་ཆུང་ཁྱོད་དང་ཁྱོད་ཚོ་འདྲ་བ་གྲྭ་པ་དང་ཨ་ནེ་བྱེད་དགོས་ཚུལ་དང་། མ་བྱས་ན་སྙིང་སྟོབས་མེད་པ་སོགས་ཡང་ཡང་ནན་སྐུལ་བྱས་མཐར་འགའ་ཞིག་བླ་མའི་བཀའ་བཅག་མ་ཕོད་པ་དང་། འགའ་ཞིག་མ་བྱས་ན་ངོ་ཚས་རྐྱེན་ཏེ་ཁྲིམས་བླངས་པ་དང་། འགའ་ཞིག་བློ་རྣལ་དུ་མ་དབབ་པར་བདེན་ཁ་ཡང་པོས་རབ་ཏུ་བྱུང་བ་སོགས་མང་དག་ཅིག་བྱུང་ཡང་། ལོ་དང་ཟླ་བ་ཁ་ཤས་སོང་མཚམས་སྡོམ་སེམས་ལྷོད་ཡང་དུ་གཏོང་ནས་ཁྲེལ་དང་ངོ་ཚས་ཉེས་སྐྱོན་སོགས་ལ་མི་འཛེམས་པར། བསླབ་འཆལ་བྱེད་པ་ཇེ་མང་དུ་འགྲོ་བ་འདི་ལ་བསམ་ན་ཕྱིས་སུ་འདུལ་བའི་བསྟན་པ་རིན་པོ་ཆེ་འདི་ལ་བརྩི་མཐོང་མེད་པར་འགྲོ་བ་དང་མིག་ལྟོས་ངན་པ། འདུལ་བའི་བསྟན་པ་ཇེ་ཉམས་སུ་འགྲོ་བའི་རྐྱེན་ངན་དུ་མི་འགྱུར་བའི་ངེས་པ་མི་འདུག་སྙམ། སྤྱིར་དེ་སྔོན་སྡོམ་བླང་ཐམས་ཅད་སྲུང་ཁྲིམས་མཐར་ཕྱིན་ཤ་སྟག་བྱུང་བ་ཡིན་ཞེས་སྨྲ་མི་གཏུབ་ཀྱང་ད་ལྟའི་དུས་དང་བསྟུན་ན་ཆེས་མང་བ་ཡིན་ནོ།། ཇི་ཡིན་ཞེ་ན། འདུལ་འཛིན་གྱི་མཁན་སློབ་ཚད་ལྡན་རྣམ་པས་སྡོམ་པར་བར་ཆོད་ཡོད་མེད་ནན་གྱིས་འདྲི་བ་དང་། གདུལ་བྱའི་མོས་ཁམས་དང་བསྟུན་ཏེ་སྡོམ་པ་གནང་བ་ལས། མི་ངོ་དང་ནོར་ཕྱིར་རམ་གང་བྱུང་བྱུང་དུ་སྡོམ་པ་མི་འབོག་ཅིང་། རྣམ་དག་འདུལ་བའི་བསྟན་པ་རིན་པོ་ཆེར་གཙིགས་སུ་འཛིན་པ་དང་། གཅེས་སྤྲས་ཆེ་བའི་ཡོན་ཏན་ཡིན་ནོ།། འོ་ན་དགེ་སྐུལ་བླ་མ་རྣམ་པས་འདུལ་བའི་བསླབ་བྱ་ཉམས་སུ་ལེན་དགོས་ཚུལ་དང་གཞན་འདུལ་བའི་སྒོ་རུ་བཅུག་པ་ལ་དགོས་པ་མེད་དམ་ཞེ་ན། བླ་མས་བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ་བསྔགས་བསྟོད་དང་ཡི་རངས་ལས་རང་རྒྱུད་ཀྱི་འཕྲག་དོག་མཁྲིས་ནད་ལྡང་སྟེ་བླ་མའི་ལེགས་བྱས་དཀར་པོ་ལ་ཕྱིན་ཅི་ལོག་ཏུ་བཟུང་ནས་སྒྲོ་སྐུར་དང་། ཁ་ཅིག་ལྟར་སྡོམ་ལྡན་ཇེ་ཉུང་དུ་གཏོང་བའི་ཀུན་སློང་ངན་པ་སོགས་གཏན་ནས་མིན། གཙོ་བོ་འདུལ་འཛིན་གྱི་སྐྱེས་མཆོག་རྣམ་པས་སྡོམ་པ་གནང་སྟངས་ཀྱི་ཕྱག་ལེན་མཛད་སྲོལ་ཇི་བཞིན་དང་། སྒོས་སུ་འདུལ་བའི་ལས་ཆོག་ནང་བཞེད་པ་ལྟར་རང་ལ་འདོད་པ་ཡོད་མེད་དང་བར་ཆོད་ཡོད་མེད་ཚུལ་བཞིན་འདྲི་དགོས་པ་དེ་ལ་དངོས་གནས་རྒྱུ་མཚན་ཆེན་པོ་ཞིག་འདུག་བསམ་གྱི་ཡོད། གཞན་དད་འདུན་གྱི་བརླན་དང་བྲལ་ཞིང་། མོས་འདུན་གྱི་རྟེན་གཞི་སྟོང་བའི་བྱ་མང་འགྱུར་ཡང་ཅན་རྣམས་ལ། སྡོམ་པའི་ས་བོན་ཇི་ལྟར་གཏབ་ཀྱང་དགེ་འབྲས་རྩ་བ་མི་ཚུགས་པས་ཕན་པ་ལས་གནོད་ཚབས་ཆེའོ།། སྡོམ་པ་ལེན་ཚུལ་དང་བླང་བྱའི་སྡོམ་པ་འདུལ་བའི་སྤྱོད་ལམ་སོགས། མཁས་པའི་དབང་པོ༧་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་འདུལ་བ་མདོར་བསྡུས་དང་ཀུན་བཏུས། དེའི་འགྲེལ་བ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འདུལ་འགྲེལ་རྒྱས་བསྡུས། ༧ཀུན་མཁྱེན་ཉི་མའི་རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་འཕྲེང་བ་སོགས་སུ་རང་རེ་འབྲེལ་ཡོད་རབ་བྱུང་བ་རྣམས་ཀྱིས་ཡང་ཡང་དུ་གཟིགས་རྟོགས་དགོས་པ་འཚལ། དེ་ལྟར་སྒོ་གསུམ་དཀའ་ཐུབ་ལ་གནས་ཤིང་ཚངས་སྤྱོད་འདི་ཉིད་ངལ་བ་དོན་མེད་ཀྱི་སྤྱོད་པ་ལྷུར་བླང་པ་མ་ཡིན་ཏེ། འབྲས་བུ་ཕུན་སུམ་ཚོགས་པ། གནས་སྐབས་སུ་ཚེ་རིང་ནད་མེད་བར་ཆོད་རྐྱེན་གྱིས་མི་ཚུགས་པ་དང་། བསོད་ནམས་རྒྱས་པ། སྐྱེ་འགྲོ་ཀུན་གྱིས་བཀུར་བའི་གནས་སུ་གྱུར་པ། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྡོང་གྲོགས་མཛད་ཅིང་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པར་འགྱུར་རོ། ། མཐར་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ཏིང་འཛིན་གྱི་བསླབ་པ་འབྱུང་ཞིང་། ཏིང་འཛིན་གྱི་བསླབ་པ་ལ་བརྟེན་ནས་རྣམ་འབྱེད་ཀྱི་ཤེས་རབ་འབྱུང་། རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ།། རྣམ་འདྲེན་བླ་མའི་བརྩེ་བས་རྗེས་བཞག་ཚུལ་ཁྲིམས་བསླབ་པ་འདོམས་པའི་གཞུང་། ། རྣམ་ཀུན་མི་འབྲལ་ཡང་ཡང་འགྲོགས་དང་རྣམ་དཀར་དགེ་བའི་ཚོགས་རྣམས་འཕེལ། ། རྣམ་གསུམ་ཤེས་རབ་རྒྱས་པའི་མཐུན་གྲོགས་རྣམ་དག་ཚུལ་ཁྲིམས་ལྡན་ནས་སུ། ། རྣམ་མཁྱེན་རྒྱལ་བའི་གོ་འཕང་མཆོག་ཉིད་མྱུར་བ་ཉིད་དུ་ཐོབ་པར་འགྱུར། །
༼ བོན་གཤེན་བསྭོ་སྒྲ་ལས་དྲངས།༽
|