སྙན་རྩོམ། གཙོ་ངོས།གཙོ་ངོས།རྩོམ་རིགསྙན་རྩོམ།
ངའི་སྙིང་དབུས་ཀྱི་གསལ་འཚེར་ཉི་མ།
[རྩོམ་ཁུངས།:བོན་གཤེན་བསྭོ་སྒྲ།]   [ཟླ་ཚེས།:2013-10-23]  [རྩོམ་པ་པོ།:ཀུན་ཁྱབ།]  [ཀློག་གྲངས།:]

 ཡུལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་དུ།།

གནས་བྲག་དམར་མེ་ལྕེ་མཆེད་འདྲའི་ཞོལ།།

དགུང་སྐར་ཚོགས་ས་ལ་འཕོས་འདྲ་དེ།།

དགོན་ཆེན་མོ་གཡུང་དྲུང་བསྟན་རྒྱས་གླིང་།།

གླིང་དེ་ཡི་དབུ་གདུགས་འཁྱེར་སའི་ཡུལ།།

མཁན་འོད་ཟེར་སྦྱིན་པའི་འོད་ཟེར་གྱིས།།

བོན་གཡུང་དྲུང་བསྟན་པའི་པད་ཚལ་རྒྱས།།

དཔལ་སྡེ་བཞིའི་ཕུན་ཚོགས་གཡང་དུ་ཆགས།།

 

བློ་རྣམ་རིག་བཀྲ་བའི་གཤེན་མཆེད་ཚོ།།

བཤད་འདོད་ན་བཤད་གྲྭ་དེ་ན་ཡོད།།

སྒྲུབ་འདོད་ན་སྒྲུབ་གྲྭ་དེ་ན་ཡོད།།

སྒོམ་འདོད་ན་སྒོམ་གྲྭ་དེ་ན་ཡོད།།

འཆད་ངག་གི་མཚོ་བྱ་དབྱངས་རེ་སྙན།།

རྩོད་སྤོབས་ཀྱི་རིག་འཕྲུལ་གསེར་ཉ་འཁྱུགས།།

རྩོམ་རྩལ་གྱི་རླབས་ཕྲེང་གཡོ་བའི་གནས།།

བཤད་སྒྲུབ་ཀྱི་བསྟན་པའི་རོལ་མཚོ་ཆེ།།

 

ཤེས་ཡོན་ལ་བྲོད་པ་སྐྱེ་བའི་ཕྱིར།།

དུས་དུས་སུ་གོང་མའི་མཛད་རྣམ་ཀློགས།།

དུས་དུས་སུ་བཀའ་སློབ་ལམ་སྟོན་གནང་།།

དུས་དུས་སུ་སྦྱོང་ཚན་རྒྱུགས་སྤྲོད་བྱེད།།

 

སྒྲིག་ཐོན་པའི་རིགས་ཀྱི་བུ་སློབ་རྣམས། །

ཕྱོགས་སོ་སོའི་ཡུལ་མིའི་རེ་འདུན་ལྟར། །

མཁན་སློབ་དཔོན་གསེར་ཁྲིར་མངའ་གསོལ་མཛད། །

གསུང་བརྟེན་འགྱུར་ཆེན་མོ་དཔར་བསྐྲུན་ཏེ།།

གོང་བླ་ཆེན་རྣམས་ལ་སྤྱན་གཟིགས་བཤམས།།

བར་དགོན་སྡེ་ཁག་ལ་རྟེན་བཞག་ཕུལ།།

འོག་ཡོན་གྱི་བདག་པོའི་རེ་འདུན་བསྐངས།།

 

ལྷོ་འཛམ་བུ་གླིང་གི་སྒང་འདི་ལ།

ཕྱི་འབྱུང་བ་གཡོས་པའི་འཇིག་པ་དང་།

ནང་ནད་མུག་འཁྲུག་རྩོད་ཞི་བའི་ཕྱིར།

གསོས་བདུད་རྕི་སྨན་གྱི་སྒྲུབ་ཆེན་བཙུགས།།

 

ཐུགས་བྱམས་བརྩེའི་འོ༵ད་ཟེ༵ར་སྦྱི༵ན་མཛད་པ༵།།

བོད་ཁ་བའི་གསལ་འཚེར་ཉི་མ་ཁྱེད།།

དུས་སྙིགས་མའི་གསལ་འཚེར་ཉི་མ་རེད།།

ངའི་སྙིང་གི་གསལ་འཚེར་ཉི་མ་ཞིག །

 

མགོན་ཁྱེད་ཀྱི་གསང་གསུམ་དཀྱིལ་འཁོར་ལ།

མ་བདེ་འགྲོ་སྲིད་པའི་རྒྱལ་མོ་སོགས།

བསྟན་དམ་ཅན་རྒྱ་མཚོའི་ལྷ་ཚོགས་ཀྱིས།

དུས་རྟག་ཏུ་མཐུ་སྐྱོང་བྱ་ར་མཛོད།།

 

དང་པོ་ལས་སྨོན་རྟེན་འབྲེལ་བཟང་པོས་འདུས་སྡེ་གཅིག་ལ་མཉམ་དུ་འཛོམས།།

བར་དུ་གུས་སྦྱོར་བརྩོན་འགྲུས་བཟང་པོས་ཤེས་རིག་མེ་ཏོག་མཉམ་དུ་བཞད།།

མཐའ་མར་ཚོམ་བུ་གཅིག་ཏུ་གྲོལ་བའི་སྒྲུབ་མཆེད་རྣམ་པ་དྲན་བཞིན་དུ།།

བལ་པོ་སྤྲིན་གྱི་ཁང་བཟང་དབུས་ནས་ཡི་རངས་གཏམ་གྱི་མེ་ཏོག་འཐོར།

 

 བོན་གཤེན་བསྭོ་སྒྲ་ལས་དྲངས།

 

དཔྱད་མཆན།བསྡོམས་པས་དཔྱད་མཆན་ 0 ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ།།
སྤེལ་མཁན།